ལུག་ཚང་དཔལ་ཡོན་སྒྲ་ལྡན་དཔེ་ཀློག་ཁང་།

  • བཅུ་ཕྲག་རིག་པའི་མཐའ་ཡས་རྒྱ་མཚོ་ལས།།
  • རང་གི་ནུས་པས་དཔོག་པའི་ཆུ་ཐིགས་ཙམ།།
  • ལུག་ཚང་གླིང་ནས་རིགས་ཞེན་ལྷག་བསམ་སླད།།
  • ངོ་སྤྲོད་བརྒྱུད་སྤེལ་བྱས་པ་དགེ་བར་འགྱུར།།

སྙན་རྩོམ་དྲི་ཟའི་གླུ་དབྱངས། | ཕ་སྐད་ཀྱི་ཁུ་བྱུག་ཚོ། ངའི་སེམས་ཀྱི་རྟེན་ཡ།

ཕ་སྐད་ཀྱི་ཁུ་བྱུག་ཚོ། ངའི་སེམས་ཀྱི་རྟེན་ཡ།
ཕ་སྐད་ལ་བརྩེ་བའི་ངའི་དགེ་རྒན་མང་པོ་ཞིག་ལོ་ན་རྒས་འགྲོ་བ་རིག་དུས།     གཉལ་བཀྲ་ཤིས་བསྟན་པས།
རྒན་ཨོ་རྒྱན་རྡོ་རྗེ།
ཙ་རི་དང་གསང་གླིང་མདོ་ཡུལ་ཕུད།
གཉལ་གཞུང་ན་ནགས་ཚལ་དཀོན་མོད།
ངའི་གཅེན་པོ་རྒན་ཤོས་དེས།
སྔར་ལྷུན་རྩེ་ལ་ཁུ་བྱུག་གི་གསུང་གྲགས་མྱོང་ཟེར།
གསུང་དེ་གཅེན་པོའི་སེམས་ན་ད་ལྟ་ཡང་སིམ་ཡོད་ཟེར།

སློབ་འབྲིང་ན་ང་རང་སྙན་ངག་འབྲི་བའི་གདེང་མེད།
སློབ་འབྲིང་ན་ང་རང་སྙན་ངག་གིས་བཟི་མྱོང་།
སྐབས་དེར་ངའི་སེམས་པ་ཆུང་ཆུང་ལྗང་གཞོན་རེད།
ལྗང་གཞོན་ལྟ་བུའི་སྙན་ངག་འབྲི་ཐུབ་ཀྱིན་མེད།

ཨ་མས་ཞིང་དཀྱིལ་དུ་ལྗང་གཞོན་ཞིག་བཏེགས་ནས།
བུ་ཆུང་རང་ལྗང་གཞོན་ལྟར་ལོངས་དགོས་ཟེར།
དུས་ཀྱི་ཁ་རླངས་རྫོབ་པོ་དེའི་ཁྲོད་དུ།
ང་རང་ལྗང་གཞོན་ལྟར་ལོངས་ཐུབ་མེད།
ད་ལྟ་ལྷད་མེད་པའི་ངའི་སེམས་ཀྱི་ལྗང་གཞོན།
དུས་ཀྱིས་རྒས་འགྲོ་བ་རིག་དུས།
ངའི་སེམས་ལ་ཁ་བ་བབས་ཀྱིན་ཡོད།

རྒན་བཀྲ་ཤིས་དཔལ་ལྡན།
གཞིས་རྩེ་ན་ངའི་སེམས་པ་བརླན་ཡོད།
བ་ཕྱུགས་འཚོ་གིན་དུ་ཕལ་པའི་འཚོ་བ་ཀློག་གིན་ཡོད།
སྒྲ་སྙན་འཁྱེར་བའི་གཙང་གི་པད་སྒྲོན།
སེམས་པ་པད་སྒྲོན་གྱིས་རྒྱང་དུ་འཁྱེར་བས།
ད་ལྟའི་ཆུ་མ་པད་སྒྲོན་ངའི་སྨྱུག་འོག་ཏུ་བཞད་ཡོད།

དམ་ཚིག་གཙང་མ་ཞིག་གིས།
སེམས་པ་དྭངས་གཙང་ཞིག་གིས།
ངས་སློབ་དཔོན་དབུ་རྩེར་བཀུར་ཡོད།
བོད་པའི་བུ་ཆུང་ཉམས་ཆུང་དྲགས་པས།
ཁ་པར་མནན་ཐེངས་རེར་འདར་སིག་སིག་གིས།
སེམས་པའི་སྐད་ཆ་མང་པོ་ཁོག་ནང་དུ་བསྐུང་ཡོད།

དྲིན་ཆེན་གྱི་ཤེས་གཉེན།
ངའི་སེམས་ཀྱི་གཏིང་སར་མེ་ཏོག་བཞིན་བཞད་ཡོད།
ཕ་སྐད་ལ་བརྩེ་བའི་ངའི་དྲིན་ཆེན་ཕ་ལོ།
སྤྱོད་ཡོན་གྱིས་ཕྱུག་པའི་ངའི་བཤེས་གཉེན་བཟང་པོ།
ཁྱེད་བདེ་བར་སྨོན།

རྒན་ཉི་མ་དོན་གྲུབ་ལགས།
ད་ལྟ་གཙང་ཁུལ་དུ་ངའི་སེམས་པ་གསོ་མཁན།
རྟ་ར་འོག་གླིང་གའི་ཡ་མེད་ཀྱི་ཆང་མ་མིན།
ཁོ་རང་སྤུན་ཆེད་སྐྱོང་མཁན་གྱི་དབུ་ཁྲིད་མིན།
ཕ་སྐད་ཀྱི་རྩོམ་ཡིག་ཐེབས་ཆགས་རེར།
ཉི་མ་ལྟ་བུའི་ཁྱེད་ཀྱི་བསྟོད་པ་རེ་བཞད་ཡོད།

ལོ་རབ་བརྒྱད་ཅུ་པར།
ཁྱེད་ཀྱི་རྩོམ་ཡིག་མེ་ཏོག་འདྲ་བ་མང་པོ་མང་པོ་ཞིག
སྐྱེ་བོ་མང་པའི་འདྲེན་བྱེད་ཀྱི་དགའ་སྟོན་ཡིན་ཟེར།
སྐབས་དེ་དུས་ང་རང་ལོ་ཆུང་དྲགས་པས།
ད་ལྟ་ཁྱེད་ཀྱི་རྩོམ་ཡིག་གསེར་འདྲ་བ་དག་འཚོལ་བཞིན་ཡོད།
སེམས་པའི་གཏིང་ནས་འཚོལ་བཞིན་ཡོད།
གཙང་ཁུལ་དུ་བཞད་པའི་ངའི་སེམས་ཀྱི་ཉི་མ།
ཁྱེད་བདེ་བར་སྨོན།

ལུག་ཚང་དཔལ་ཡོན།

羊兄乐园微信公众平台

ID:tbsheep