• བཅུ་ཕྲག་རིག་པ་མཐའ་ཡས་རྒྱ་མཚོ་ལས།།
  • རང་གིས་ནུས་པས་དཔོག་པའི་ཆུ་ཐིགས་ཙམ།།
  • ལུག་ཚང་གླིང་ནས་རིགས་ཞེན་ལྷག་བསམ་སླད།།
  • ངོ་སྤྲོད་བརྒྱུད་སྤེལ་བྱས་པ་དགེ་བར་འགྱུར།།

སྙན་རྩོམ་དྲི་ཟའི་གླུ་དབྱངས། | བོད་ཀྱི་མི་ལ་བོད་ཀྱི་རུས་པ་དགོས།

བོད་ཀྱི་མི་ལ་བོད་ཀྱི་རུས་པ་དགོས།
ཆུ་མགོ་གངས་དང་ཆོས་མགོ་རྒྱ་གར་ཞེས།
གླེང་ཡང་ཡོད་ཚད་གཞན་ལ་གཏུག་འདོད་དེ།
རང་གི་མེས་པོའི་མཛད་རྗེས་རླབས་པོ་ཆེ།
བརླག་པའི་སྔ་ལྟས་ཡིན་ཞེས་སྨྲོས་རོགས་གནང་།
ཆོས་དང་འཇིག་རྟེན་བར་ལ་ཁྱད་ཅིག་ཡོད།
བུ་དང་བུ་མོའི་བར་ལ་ལ་གཅིག་ཡོད།
ཟེར་ནས་མཆོག་དམན་མང་པོ་དབྱེ་བ་ནི།
བོད་ཀྱི་ཡར་རྒྱས་འགོག་པའི་སྔོན་འགྲོ་ཡིན།
ཆོས་དང་བོད་ཀྱི་ཡུལ་སྲོལ་བྲལ་ཐབས་མེད།
ལུས་ལ་ཟུངས་ཁྲག་གནས་པ་བཞིན་དུ་གྱུར།
སྲོལ་རྒྱུན་དོར་ནས་བོད་གསར་བསྐྲུན་འདོད་དེ།
བོད་ཀྱི་མི་རིགས་བརླག་པའི་གཡོ་ཇུས་ཡིན།
མཁས་པ་ཡིན་ཞེས་ཉིན་མཚན་ཁོར་མོ་ཡུག
རྙེད་དང་བཀུར་བསྟི་ཁོ་ནར་དབུ་འཁོར་ནས།
འབྱུང་འགྱུར་བོད་ཀྱི་སྐྱིད་སྡུག་མི་སེམས་དེ།
བོད་ཀྱི་རིག་བྱེད་རྐང་འཛིན་ཡིན་ནམ་ཅི།
བོད་ལ་བོད་སྐད་རྒྱ་ལ་རྒྱ་སྐད་ཡོད།
རང་གི་ས་ན་རང་གི་སྐད་ཡིག་གཙོ།
སྐད་དང་ཡི་གེ་མེད་པའི་མི་རིགས་དེ།
ནམ་ཞིག་མིང་གི་ལྷག་མར་འགྱུར་ངེས་ཡིན།
དམངས་ལ་ཕན་ན་གསར་རྐྱང་བཙུགས་ན་ཆོག
བོད་ལ་ཕན་ན་རྙིང་པ་གཏོར་ཡང་རུང་།
རྒྱུ་མཚན་མ་ངེས་རི་བོང་ཅལ་འདྲོགས་ལས།
སྙིགས་དོར་བཅུད་ལེན་གནད་ཀྱི་དམ་པར་ཟུངས།
བོད་ལ་དགའ་ན་བོད་ཀྱི་རིག་གནས་སྦྱོངས།
དེ་ནས་རྒྱལ་ཕྱིའི་སྔོན་ཐོན་རིག་གནས་སློབས།
དེ་ལྟར་བྱུང་ན་མེས་པོ་གོང་མ་ཚོས།
དུར་ཁུང་ནང་ནས་ཁྱེད་ལ་མཐེ་བོང་བསྒྲེངས།
རང་གི་གྲུབ་མཐར་གཙང་ཞེན་ཆེ་དྲགས་ཏེ།
དོན་གྱི་དཔའ་བོ་དགེ་འདུན་ཆོས་འཕེལ་ལ།
འཆལ་པ་ལྟ་ལོག་ཟེར་ནས་ཁ་གཏོང་དུས།
བདག་གི་ལ་རྒྱའི་སྙིང་ལ་སེར་ཀ་ཤོར།
མཁས་པ་རང་གྲོལ་མཆོག་ཀྱང་ལྕེབས་པ་དེ།
བོད་ལ་གསོ་ཐབས་མེད་པའི་གྱོང་གུན་ཡིན།
ཁོང་གིས་རང་རེར་གཅེས་པའི་ལྷག་བསམ་ལ།
གངས་ཅན་ཕོ་མོ་ཀུན་གྱི་ཡི་རང་ཐོབ།
མི་རིགས་འདི་ལ་ལྷག་བསམ་དཀར་བ་ཡི།
མཁས་མཆོག་གདོང་ལྔའི་དབང་པོ་མང་པོ་ཞིག
ཞི་བར་གཤེགས་པའི་གནས་སྐབས་འདི་འདྲ་ལ།
རིག་པ་མི་བསྒྲིམས་སྙིང་ཁམས་ལྕགས་དང་མཚུངས།
དེས་ན་དམངས་དོན་སྒེར་དོན་གང་གི་ཆེད།
རྒྱལ་ཕྱི་རྒྱལ་ནང་གང་དུ་ཕེབས་གྱུར་ཀྱང་།
བོད་ཀྱི་མི་ལ་བོད་ཀྱི་རུས་པ་དགོས།
ཐ་ན་རྩམ་པ་ཟས་པའི་དྲི་ཞིག་དགོས།

འཇམ་དབྱངས་སེང་གེའི་སྙན་ངག་དེབ་ནས་གདམ།

མཇུག་དུ་གངས་ཅན་པ་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་རྩམ་པ་ཞེས་པ་འདི་བཀོད་སྒྲིག་ཞུས་ཡོད།

ལུག་ཚང་དཔལ་ཡོན།

羊兄乐园微信公众平台

ID:tbsheep