20300001144903130529881714042ནང་དོན་མདོར་བསྡུས།

རྒྱ་ནག་གི་གྲོང་ཚོ་ཞིག་ལ་དེ་ལྟར་ཨེ་ཙིས་འགོས་ནད་བསླེབས་བྱུང་བས། སྡེ་བའི་ནང་དུ་ཡི་མུག་གི་ཁ་དོག་ཅིག་ངང་གིས་བསྒོས་བྱུང་།  གྲོང་ཚོ་དེའི་རྒན་གྲས་ཡིན་པའི་ལོ་ཀྲུའུ་ཀྲུའུ་ཚང་གི་བུ་ཀྲོའོ་ཏི་ཡུས་ཀྱང་ཚ་ནད་ཕོག་མཁན་གྱི་གྲས་གཅིག་ཏེ། གྲོང་ཚོའི་ནང་གྲོས་ཁ་བསྡུས་ཏེ་ཚ་ནད་ཕོག་མཁན་དག་གཞི་གཅིག་ཏུ་བསྡུས་ནས་སྔར་གྱི་སློབ་གྲྭའི་ཤུལ་ཏུ་གནས་མལ་བཅས་ཏེ་གྲོང་ཚོའི་མི་གཞན་དག་དང་ཁ་བྲལ་ཐབས་བྱས། ཚ་ནད་ཕོག་ཏེ་འཆི་བར་སྒུག་པའི་མི་དག་ཀྱང་སྒེར་སེམས་དང་བརྣབ་སེམས། རྨོངས་པའི་དབང་ཏུ་ཤོར་ཏེ་དོན་དག་ཙག་ཙིག་རྒྱུན་ཏུ་འབྱུང་ལ། ཆིན་ཆིན་ཟེར་བའི་བུ་མོ་དེ་ཐོན་དུས་དོན་དག་ལྷག་ཏུ་ཉོག་དྲ་ཅན་ཏུ་གྱུར། ཀྲོའོ་ཏི་ཡུས་དང་ཆིན་ཆིན་བར་ནས་བརྩེ་དུང་གི་མེ་སྟག་ལྷབ་བེ་འཚུབ་ནས་དཀན་གཟར་གྱི་བརྩེ་དུང་ཤིག་བདག་གིར་བྱས་པ་མ་ཟད། མཐའ་མཇུག་གི་ཚེ་སྲོག་གིས་བརྩེ་དུང་ལ་མེ་ཏོག་ཞིག་ཀྱང་གཏོར་བ་རེད།

ཞོར་གཏམ།

གློག་བརྙན་འདི་ནི་དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་ནང་རྒྱ་ནག་གི་གྲོང་ཚོ་ཞིག་ལ་ཁྲག་ཉོ་མཁན་འགའ་སླེབས་ནས་མ་རྩ་གྲོན་ཕྱིར་ཁབ་འགོ་གཅིག་གིས་མི་མང་པོས་ཁྲག་ཕྱུངས་བ་ལ་བརྟེན་ནས་གྲོང་ཚོ་ཡོངས་ལ་ཨེ་ཙིའི་ནད་བསྒོས་པའི་དངོས་བྱུང་གི་གཏམ་རྒྱུད་ཅིག་ལ་སྦྱར་ནས་ཕབ་པ་རེད། ནད་དེ་བསྒོས་རྗེས་གྲོང་ཚོ་ཡོངས་ནི་སྔར་དང་མི་འདྲ་བར་ཉི་མ་རེར་མི་ཁ་ཤས་ཤི་བ་ནི་རྒྱུན་ལྡན་དུ་གྱུར་ལ། ཁོ་ཚོའི་ནམ་རྒྱུན་གྱི་རེ་སྒུག་བྱེད་ས་ནི་ཚ་ནད་དེ་སེལ་ནུས་པའི་སྨན་ཞིག་ཡིན་ཀྱང་དེ་ནི་ཡོད་སྲིད་པ་ཞིག་གཏན་ནས་མ་ཡིན།

གློག་བརྙན་ནང་དུ་མིའི་ངན་མཚང་དང་བག་ལ་ཞ་བའི་འདོད་པ་སྐོར་ཞིག་གཟུགས་ཅན་ཏུ་ཕབ་ཡོད་ལ། མི་ནིི་འདོད་རྔམས་ཀྱི་དབང་ཏུ་གྱུར་བའི་སྤྱང་ཀི་དང་གཅན་གཟན་ཤ་སྟག་ཡིན་པ་དང་། འཆི་བ་ཉིད་མིག་གི་ཁར་བཤམས་ཀྱང་ད་དུང་འདོད་ལོག་ཏུ་སྤྱོད་པའི་རང་གཤིས་ངན་པ་དེ་ལ་ཅུང་ཟད་ཀྱང་མི་གནོད་པ་ནི་འཇིག་རྟེན་འདིའི་སྐྱོ་གར་ཉག་གཅིག་ཡིན་པའི་ངེས་ཤེས་ཀྱང་འདྲོངས་སླའོ།།

ང་རང་གིས་གློག་བརྙན་དེ་གྲོགས་པོ་དབང་རྒྱལ་དང་ལྷན་དུ་གྲོང་ཁྱེར་ལན་ཀྲུའུ་ཡི་གློག་བརྙན་ཁང་ཞིག་ནས་བལྟས་པ་ཡིན་ལ། ཊམ་བདུན་ཅུ་བྱིན་ནས་ཀྲུང་གོའི་གློག་བརྙན་ཞིག་ལ་བལྟ་བར་ཅུང་ཟད་སེར་སྣ་བྱུང་ཡང་། དེའི་ཕྱི་ཉིན་ནས་བདག་གི་ཀླད་པའི་ནང་ལ་འཁོར་བ་ནི་གློག་བརྙན་ནང་གི་གཟུགས་རིས་འབའ་ཞིག་ཡིན་པས། དུས་ད་ལྟ་བསམ་ན་རིན་པ་དེ་འོས་ཀྱང་འོས་པ་ཞིག་ཏུ་བསམ་བྱུང་། མ་གཞི་ནས་རིམས་ནད་ཀྱི་འཇིགས་པ་དེ་འཇིགས་སུ་རུང་ལ། རིམས་ནད་ཀྱིས་བཏབ་ནས་རྒྱལ་ཁམས་དང་མི་སྡེ་ཟད་པའི་ལོ་རྒྱུས་དང་ངག་རྒྱུན་ནི་རྒན་པའི་ངག་ན་ཐོས་རྒྱུ་མང་པ་བཞིན། དུས་ད་ལྟ་རང་ཅག་བོད་ཡུལ་གྱི་སྟོད་སྨད་གྲུ་ཟུར་ཀུན་ན་ཨེ་ཙི་ཟེར་བའི་འཇིགས་རུང་གི་ནད་ཀྱིས་ཁྱབ་བཞིན་པ་ནི་ཁ་སང་དེ་རིང་གི་མཐོང་ཆོས་སུ་གྱུར་ཡོད་པ་མ་ཡིན་ནམ། ཞིབ་ཏུ་བསམ་ན་གློག་བརྙན་ནང་གི་གཟུགས་རིས་འདི་དག་བོད་ཡུལ་ཀུན་ཏུ་མི་འཁྲབ་པའི་ངེས་པ་གཏན་ནས་མེད་ལ། དེའི་ཕྱིར་འདི་ཕྱོགས་ལ་ནན་ཏན་དང་གཟབ་ཉན་བྱེད་དགོས་པ་ནི་སེམས་ལྡན་གྱི་མི་ཞིག་དང་ལྷག་ཏུ་བོད་ལ་དུངས་ཞེན་ཟབ་པའི་མི་དག་གི་གཟུར་ཐབས་བྲལ་བའི་འགན་འཁྲི་མ་ཡིན་ནམ།

མཇུག་མཐར། བདག་གི་ངོ་ཤེས་དང་ངོ་ཤེས་མ་ཡིན་པའི་མི་སྐོར་ཞིག་གིས་འདིའི་ཕྱོགས་ཀྱི་རྒྱུན་ཤེས་ཁྱབ་བསྒྲགས་དང་འདིའི་ཕྱོགས་ཀྱི་ལས་ཀ་གནད་ཅན་གང་མང་ཞིག་བསྒྲུབ་གྱིན་པ་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།