ནུབ་ཕྱོགས་རིག་གནས་སྐོར་ལ་སློབ་པའི་རེག་ཟིག  ༼གཉིས། ༽

གཉིས་པ།  ནུབ་ཕྱོགས་རིག་གནས་ཀྱི་སྒོ་འབྱེད་དང་གྲུབ་འབྲས་སུ་གྱུར་བའི་མི་སྣ་དང་བརྩོམས་ཆོས་རེ་ཟུང་སྤྱི་ཙམ་བསེད་པ།

ནུབ་ཕྱོགས་ཀྱི་བརྩམས་ཆོས་གང་མང་ཞིག་ནི་འགྲོ་བ་མིའི་སྤྱི་ནོར་དང་མིའི་རིགས་ཀྱི་ཤེས་རིག་གི་བང་མཛོད་ནང་འོད་འཕྲོ་བའི་ནོར་བུ་ཞིག་རེད་ཅེས་ཀྱང་སྨྲ་བར་སྤོབས།  དེ་བས་བརྩམས་ཆོས་གྲགས་ཆེ་བ་རེ་ཟུང་དང་དེའི་རྩོམ་པ་པོ་སྤྱི་ཙམ་ནས་གླེང་བར་འདོད་དེ་དེས་ནི་ནུབ་ཕྱོགས་རིག་གནས་ཀྱི་རྨང་ངམ་རྩ་བའི་ནང་དོན་ལ་གོ་བ་སྤྱི་ཙམ་བསྐྱེད་ལོས་ཐུབ་འདོད།

གཅིག    ཧུ་མའི་ལོ་རྒྱུས་སྙན་རྩོམ།

ཧུ་མ་ནི་སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པ་ནས་དགུ་བའི་བར་བྱུང་བའི་མི་སྣ་ཞིག་ཨེ་ཡིན་འདོད་རབས་ཧུ་མའི་ལོ་རྒྱུས་སྙན་རྩོམ་དང་འབྲེལ་པའི་ཡིག་ཆ་རུ་གསལ་ཡང་གསལ་ཐག་ཆོད་པ་ཞིག་སུས་ཀྱང་ཤེས་ཀྱིན་མི་འདུག་སྟེ་ངེད་ཅག་གི་གེ་སར་རྒྱལ་བོ་དང་ཧ་ཅང་འདྲ་བོ་རེད།  ཧུ་མའི་ལོ་རྒྱུས་སྙན་རྩོམ་ནི་ངེད་ཅག་གི་གེ་སར་རྒྱལ་བོའི་སྒྲུང་དང་འདྲ་ས་མང་སྟེ།  གཅིག་ནས་ཐོག་མར་དམངས་ཁྲོད་ཀྱི་ངག་རྒྱུན་དུ་དར་བ་ལས་ཡིག་ཐོག་ཏུ་མེད་པ།  གཉིས་ནས་བརྗོད་དོན་དཔའ་བོའི་རང་བཞིན་བརྗོད་པ། གསུམ་ནས་རྗོད་བྱེད་ཀྱི་སྐད་ཆར་སྙན་འགྱུར་ལྡན་བཅས་ཞིབ་ཏུ་བཤད་ན་མང་དུ་སྣང་།  མི་འདྲ་ས་ཞིག་ཡོད་པ་ནི་ཧུ་མའི་ལོ་རྒྱུས་སྙན་རྩོམ་ཐོག་མར་དཔའ་བོའི་བསྟོད་གླུ་ཐར་ཐོར་གྱི་ནམ་པར་དར་བ་དང་རིམ་བཞིན་བསྟོད་གླུ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་དཔའ་བོའི་བསྟོད་ཚོགས་ཀྱི་ནམ་པར་དང་།  རིམ་བཞིན་དམངས་ཁྲོད་གཏམ་རྒྱུད་ཁག་དང་བསྲེས་ནས་དར་བ།  མཐའ་མར་དམངས་ཁྲོད་གཏམ་རྒྱུད་གང་མང་དང་བསྟོད་ཚོགས་སྒྲིག་སྟེ་ཧུ་མའི་ལོ་རྒྱུས་སྙན་རྩོམ་གྲུབ་ཞིག་ཡིན་པ་དེ་རེད། གཞན་ཧུ་མ་ནི་ཧུ་མའི་ལོ་རྒྱུས་སྙན་རྩོམ་རྩོམ་མཁན་ནམ་སྒྲིག་མཁན་ཡིན་པ་ལས་གཏམ་རྒྱུད་ནང་གི་མི་སྣ་མིན་པ།ཧུ་མའི་ལོ་རྒྱུས་སྙན་རྩོམ་ལ་མཚན་གྱིས་དབྱེ་ན་ཡེ་ལས་ཡ་ཐུ་དང་ཨོ་ཏུ་སེ་གཉིས་གཙོར་གྱུར་བའི་སྙན་རྩོམ་མང་དུ་སྣང་།

ཧུ་མའི་ལོ་རྒྱུས་སྙན་རྩོམ་གྱི་བརྗོད་དོན་ཟབ་ཅིང་རྒྱས་ལ་གཙོ་ཆེ་བ་སྒྱུ་རྩལ་དང་ལོ་རྒྱུས། ས་རྒྱུས། དམངས་སྲོལ་སོགས་ཀྱི་ཕྱོགས་ནས་ཞིབ་འཇུག་གི་རིན་ཐང་འབོར་ཆེན་ཡོད་པ་ཁོ་པ་ཚོ་རང་གིས་བརྗོད།  གང་ལྟར་ཅི་ཞེ་ན། ཧུ་མའི་ལོ་རྒྱུས་སྙན་རྩོམ་ནི་ནུབ་ཕྱོགས་ཀྱི་རྩོམ་རིགས་ལོ་རྒྱུས་སྟེང་གོ་གནས་ཆེན་པོ་ཡོད་རེད། མ་ཟད་གནའ་དེང་གི་སྙན་ངག་པ་མང་བོའི་ཡི་རང་དང་བསྔགས་བརྗོད་བྱེད་ས་དང་ནུབ་ཕྱོགས་རྩོམ་རིགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་ནི་བརྩམས་ཆོས་འདིའི་ཁོང་ཚོར་བཞག་པའི་གྲུབ་འབྲས་རེད།

གཉིས། སོ་ཁུ་ལ་ཏེ་དགེ་སློབ་རྣམ་གྱི་གཟི་དཔལ།

༡དབུལ་བོའི་ཁྱིམ་དུ་སྐྱེས་པའི་མཚན་ཉིད་མཁས་ཆེན་དང་སློབ་དཔོན་ཆེན་མོ།

སོ་ཁུ་ལ་ཏེ་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་ཞི་ལའི་རྒྱལ་སའམ་ཡ་ཏེན་དུ་དམངས་ཕལ་བའི་ཁྱིམ་ཞིག་ཏུ་སྐུ་འཁྲུངས་ཤིང་། ཁྱིམ་ཧ་ཅང་དབུལ་ལ་ཆུང་དུས་སུ་མགར་ལས་ཙག་ཙིག་ལ་རྟེན་ནས་ཁ་གསོ་ཐབས་ལ་འབད་བཞིན་པའི་ཨ་ཕའི་རྗེས་འབྲངས་ཏེ་མགར་ལས་དང་ཨ་ཕས་མགར་ཟིན་པའི་དངོས་པོ་ཡར་སྐྱེལ་མར་སྐྱེལ་གྱི་ལས་ལ་གཞོལ་པ་དང་ཀུན་གྱིས་བསྔགས་བརྗོད་བྱེད་སའི་བྱིས་པ་ཡ་རབས་ཤིག་བརྩི། ཉིན་ཞིག་ཁོས་མགར་དངོས་ཤིག་གཞན་ལ་སྐྱེལ་དུ་སོང་སར་བགྲེས་པོ་ཞིག་དང་འཕྲད་པ་དང་བགྲེས་པོ་དེར་ཡི་གེ་ཁྲིད་པར་རེ་འདུན་ཞུས་པ་བཞིན་བགྲེས་པོས་དང་ལེན་མཛད། དེ་ནས་བཟུང་ཁོང་གིས་ཉིན་དཀར་མགར་ལས་དང་ཞོར་དུ་ཡི་གེ་སྦྱངས་ཤིང་མ་འགྱངས་པར་རང་སྟོབས་ཀྱིས་དཔེ་ཀློག་ནུས་པར་གྱུར། ཁོ་ལ་ཁྱད་འཕགས་ཀྱི་ཡོན་ཏན་ཞིག་པ་དེའང་ཁོ་རང་དཔེ་ཆར་གཟིགས་པར་དགའ་དེ་རེད། དེ་བས་རིམ་བཞིན་ཁོ་རང་ཤེས་ཡོན་ཅན་ཞིག་ཏུ་གྱུར།  དུས་དེར་ཡ་ཏེན་གྱི་ལོ་རྒྱུས་གནས་བབ་ཧ་ཅང་སྐྱོ་བོ་ཡོད་དེ་ཀུན་སྤྱོད་སོགས་རྒུད་ཅིང་རྟིང་སར་ཐུགས་འདུག་པའི་དུས་ལ་བབས་ཡོད་ཅིང་ཁོ་རང་དགུང་ལོ་བཅུ་དགུ་པར་ཡ་ཏེན་རང་སྲུང་གི་དམུག་འཁྲུག་ལ་ཞུགས་ཤིང་དམག་འཁྲུག་མཚམས་བཞག་པ་དང་དུས་མཚུངས་སུ་ཁོའི་ཡ་ཏེན་གྱི་གནས་བབ་ཞིབ་འཇུག་བྱེད་པ་ནས་མགོ་བརྩམས་ཏེ་མི་ཚེ་མཚར་སྡུག་ལྡན་པའི་ལམ་ཀར་ཕྱོགས་པ་ཞིག་རེད།

དང་པོ་ཁོང་གིས་ཞི་ལའི་ལོ་རྒྱུས་དང་ཆབ་སྲིད་རིག་གནས་ཀྱི་དཔེ་ཆར་བལྟས་ཀྱང་ཡིད་མ་ཚིམ་པར་ཕྱོགས་བཞི་མཚམས་བརྒྱད་དུ་སོང་སྟེ་མིང་གྲགས་ཆེ་བའི་མཁས་པ་བཙལ་ནས་ཁོང་ཚོ་བགྲོ་གླེང་བྱས་ཤིང་ཁོང་གིས་རང་ཉིད་ཀུན་ཤེས་དང་འཕེལ་རྒྱས་འབྱུང་དགོས་ཚེ་གཞན་གྱི་ངག་ལས་ཚིག་དང་སེམས་ལས་བློ་སློབ་དགོས་པ་གཙུག་བཟུང་གིས་མཁས་དང་བླུན་རྣམས་དུས་རྒྱུན་བགྲོ་བ་ཡིན། ཁོའི་ལྷོད་པ་མེད་པའི་བརྩོན་འགྲུས་ཀྱིས་མཐའ་མར་མཚན་ཉིད་རིག་པའི་མཁས་ཆེན་དང་སློབ་དཔོན་ཆེན་མོ་ཞིག་ཏུ་གྱུར། ཡིན་ནའང་། ཁོའི་ཚེ་འཇུག་ནི་ཉེས་མིང་ཁུར་ནས་ཕྱི་མར་འགྲོ་དགོས་བྱུང་བ་རེད། ཕྱི་མར་སོང་བའང་གཟི་བརྗིད་ལྡན་པ་ཞིག་སྟེ་ཁོ་ལ་ཡ་ཏེན་གྱི་ལྷ་རྡོག་བརྫིས་བཏང་བ་དང་ན་གཞོན་རྣམས་ལ་ངན་སྐུལ་བྱས་སོང་ཟེར་བའི་ཉེས་མིང་བཏགས་ཏེ་སྲོག་ཁྲིམས་བཅད་ཅིང་ཁོ་ལ་ཁྲིམས་ལས་འབྲོ་བའི་གོ་སྐབས་བྱུང་ཡམ་མ་བྲོས་པར་དུག་འཐུང་ནས་འཆི་བའི་ལམ་ཀ་གདམས་ཤིང་དེ་ལྟར་བྱེད་དོན་ཡང་ཁོ་བྲོས་སོང་ཚེ་ཡ་ཏེན་གྱི་མིའི་ཀུན་སྤྱོད་དང་སྒྲིག་ཁྲིམས་ལ་ཤུགས་རྐྱེན་ངན་ཐེབས་འགྲོ་དགོངས་པ་དེའོ།

༢  ནུབ་ཕྱོགས་མཚན་ཉིད་རིག་པའི་སྐྱ་རེངས།

པོ་ལ་ཐུ་ནི་གནའ་བོའི་ཞི་ལའི་རིག་གནས་ཀྱི་ལྟེ་གནས་ཡ་ཏེན་དུ་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པར་སྐུ་འཁྲུངས། ཆུང་དུས་ནས་སློབ་གསོ་ལེགས་པོ་མྱངས་བའི་མི་ལས་ཆེན་ཞིག་རེད། ལྷག་དོན་ཁོང་དགུང་ལོ་ཉི་ཤུ་པར་སོ་ཁུ་ལ་ཏེ་སློབ་དཔོན་དུ་བསྟེན་པ་ནི་མཚན་ཉིད་ཞིབ་འཇུག་གི་ལམ་དུ་སྐྱ་རེངས་བཞིན་མངོན་པའོ། ཡིན་ཡང་། སོ་ཁུ་ལ་ཏེའི་གྲོངས་རྐྱེན་གྱིས་ཁོ་རང་དགུང་ལོ་ཉེར་བརྒྱད་ནས་བཞི་བཅུའི་རིང་ཕྱོགས་བཞི་མཚམས་བརྒྱད་ལ་ཡར་སྡོམ་མར་སྡོམ་གྱི་ངང་འཚོ་བ་རོལ། ཡིན་ཡང་དེ་མཚུངས་སུ་མཁས་དབང་གང་མང་ལ་བགྲོ་གླེང་བྱས་ཤིང་ཐོས་པ་བཙལ། ཁ་བརྡའི་ནམ་པར་བརྩམས་པའི་བརྩམས་ཆོས་རྣམས་ཀྱིང་རང་གི་བསམ་བློ་མཚོན་པར་བྱས་ཤིང་མཐར་དགུང་ལོ་བརྒྱད་ཅུ་པར་སྐུ་གཤེགས།

༣ གནའ་བོའི་ཞི་ལའི་རིག་གནས་ཀྱི་ཚབ་མཚོན་ཆེན་མོ།

སྔོན་ཏག་ཏག་ལ་བཤད་པའི་པོ་ལ་ཐུ་ལ་རེ་འདུན་གྱི་རྒྱལ་ཁབ་དང་ཁྲིམས་ལུགས་ཀྱི་ལེའུ་སོགས་བརྩམས་ཆོས་མང་དུ་ཡོད་པ་ལས་རེ་འདུན་གྱི་རྒྱལ་ཁབ་ནི་ས་བཅད་བཅུ་རུ་ཕྱེས་པའི་བརྩམས་ཆོས་ཆེན་པོ་ཞིག་ཡིན། དེར་སྡེ་ཚན་གསུམ་དུ་ཕྱེས་པའི་དང་པོ་སྟེ་ས་བཅད་དང་པོ་ནས་ལྔ་བ་བར་རེ་འདུན་རྒྱལ་ཁབ་ཀྱི་སྤྱིའི་སྒྲིག་འཛུགས་ཏེ་དྲང་བདེན་དང་སློབ་གསོ། ཀུན་སྤྱོད་སོགས་ཀྱི་གནད་དོན་ཐད་གཙོ་བོར་བསྟན་ཡོད། ལྷག་དོན་ས་བཅད་དང་པོར་དེབ་ཧྲིལ་བོར་བརྗོད་པའི་གནད་དོན་གཉིས་ཀ་སྟེ་ཅི་ཞིག་དྲང་བདེན་ཡིན་པ་དང་དྲང་བདེན་དྲང་བདེན་མིན་ལས་འཕགས་མིན་གཙོ་བོར་བསྟན་ཡོད། སྡེ་ཚན་གཉིས་པ་སྟེ་ས་བཅད་དྲུག་པ་དང་བདུན་པར་ཆབ་སྲིད་པ་དང་མཚན་ཉིད་རིག་པའི་སྐོར་གཙོ་བོར་བསྟན་ཡོད་དེ་དབང་བསྒྱུར་བ་ཞིག་ན་ངེས་པར་མཚན་ཉིད་མཁས་པ་ཞིག་ཡིན་དགོས་པ་དང་མཚན་ཉིད་པར་མཚན་ཉིད་བཞག་ཡོད། སྡེ་ཚན་གསུམ་པ་སྟེ་ས་བཅད་བརྒྱད་པ་ནས་བཅུ་བར་གཙོ་བོ་དངོས་ཡོད་ཀྱི་ཆབ་སྲིད་སྒྲིག་སྲོལ་དང་དེའི་ལེགས་ཉེས་སོགས་ལ་དཔྱད་ཅིང་གླེང་པའོ།

དེབ་འདི་ནི་ཆེས་ཐོག་མའི་མཚན་ཉིད་རིག་པའི་བརྩམས་ཆོས་ཡིན་ལ་ནུབ་ཕྱོགས་བསམ་བློའི་ལོ་རྒྱུས་ཐོག་མའང་ཡིན།

༤ གནའ་བོའི་རླབས་ཆེན་གྱི་མཚན་ཉིད་མཁས་ཆེན་དང་ཚན་རིག་མཁས་ཆེན།

ཡ་ལེ་སི་ཏོ་ཁྲི་ནི་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་དུས་མཇུག་ཏུ་འཁྲུངས་ཤིང་དུས་མགོར་སྐུ་གཤེགས་པའི་གནའ་བོའི་ཞི་ལའི་མཁས་ཆེན་ཞིག་ཡིན། མ་ཟད་པོ་ལ་ཐུའི་སློབ་མའི་མཆོག་གྱུར་རེད། ཁོ་རང་ལའང་ཡ་ལེ་ཧྲན་ཏཱ་ཟེར་བའི་འཛམ་གླིང་སྒང་མིང་དུ་གྲགས་པའི་སློབ་མ་མིང་ཆེན་ཞིག་ཡོད།

ཡ་ལེ་སི་ཏོ་ཁྲི་ལ་བརྩམས་ཆོས་ཧ་ཅང་མང་ལ་ཁོའི་བརྩམས་ཆོས་རྣམས་ནི་དེང་གི་ནུབ་ཕྱོགས་ཆབ་སྲིད་རིག་པ་དང་ཁྲིགས་རིག་པ། རྩོམ་རིག་སོགས་མདོར་ན་རིག་གནས་སྤྱིའི་མ་ཡུམ་མམ་རྨང་གཞིར་གྱུར་ཡོད་པ་ཁོ་པ་ཅག་གིས་སྨྲ། ཁོང་གིས་བརྩམས་ཆོས་ལ་ཁྱད་ཆོས་ཆེན་ཞིག་ཡོད་པ་ནི་ལྟ་ཞིབ་དང་ཉམས་མྱོང་གཞི་རྩར་བཟུང་སྟེ་བདེན་དོན་དམར་རྗེན་དུ་སྟོན་པ་ཡིན་ཞེས་ཀྱང་ཁོ་པ་ཅག་གིས་སྨྲ། གང་ལྟར་ཁོང་དགེ་སློབ་གསུམ་ནི་ནུབ་ཕྱོགས་ཀྱི་རིག་གནས་དར་རྒྱས་ཐད་མཛད་རྒྱས་ཆེ་ཞིང་གཟི་དཔལ་འབར་བའི་མི་སྣ་གསུམ་རེད། ཁོང་གསུམ་གྱི་གསར་གཏོད་དང་བློ་གྲོས་ནུབ་ཕྱོགས་རིག་གནས་ཀུན་ལ་མ་ཁྱབ་པ་མེད་པ་ལྟ་བུ་རེད།

༼མུ་འགོད།༽