བརྩེ་དུང་གིས་སྒྱུ་འཕྲུལ་གྱི་ཟེར་འོད་ཀྱིས་བདག་གི་མིག་ཟུང་ཕྱེ་ཞིང་བདག་གི་རྣམ་ཤེས་ལ་ཚ་སོབ་སོབ་ཀྱི་སོར་མོས་རེག་དུས། ང་རང་ལོ་བཅོ་བརྒྱད་ཡིན།
དེ་ཡང་སེལ་མ་ནི་ངའི་རྣམ་ཤེས་མོའི་མཛེས་སྡུག་གིས་སད་དུ་འཇུག་མཁན་དང་། ཉིན་མོ་རྨི་ལམ་ལྟར་བཞུད་ཅིང་མཚན་མོ་གཉེན་སྟོན་བཞིན་སྐྱེལ་བའི་དགའ་བའི་སྐྱེད་ཚལ་དུ་ཁྲིད་མཁན་གྱི་བུད་མེད་ཐོག་མ་དེ་ཡིན།
སེལ་མ་ནི་མོ་རང་ཉིད་ཀྱི་མཛེས་པའི་དཔེ་མཚོན་གྱིས་བདག་ལ་མཛེས་སྡུག་ལ་མཆོད་པ་བྱེད་དུ་འཇུག་མཁན་དེ་ལགས་ཤིང་། མོ་ནི་དགའ་བས་བདག་ལ་བརྩེ་དུང་གི་གསང་བ་རྗོད་མཁན་ནོ།།
དེར་མ་ཟད། མོ་ནི་ཐོག་དང་བོར་བདག་ལ་འཚོ་བ་དངོས་ཀྱི་སྙན་ངག་གྱེར་མཁན་དེ་ཡིན་ལ། མི་ཚེའི་དོན་སྙིང་རྟོགས་སུ་འཇུག་མཁན་དེའང་ཡིན།