gedun gyatso

ཉིན་ཤས་སྔོན་ལྷ་སའི་རྔ་ཆེན་ལམ་དུ་ཡོད་པའི་ཟ་ཁང་ཞིག་ནས་གསོ་རིག་སྐོར་གྱི་དེབ་《བྱིས་ནད་རིག་པ》དང་《ཁོང་ནད་རིག་པ》སྟོད་སྨད་གཉིས་བཅས་མཐོང་། དེ་སྔ་གསོ་རིག་སྐོར་གྱི་དེབ་ཕྲེང་འདི་འདྲ་ཞིག་སྒྲིག་བཞིན་པ་དང་སྒྲིག་མཁན་ཁོང་སྐབས་དེར་ནད་ཀྱིས་མནར་བའང་གོ་བས་དགའ་སྐྱོ་ཅིག་ཅར་དུ་སྐྱེས།

ཁོང་ནི་བོད་ཀྱི་གསོ་རིག་ལ་སྦྱངས་པ་གང་འཚམས་སོང་ཞིང་བཅུད་ལྡན་སྙེ་བའི་མགོ་བོ་དམའ་བ་ཇི་བཞིན་ཧ་ཅང་ཁུ་སིམ་པའི་གྲྭ་རྐྱང་ཞིག་སྟེ། ཁོང་གིས་བསྒྱུར་བསྒྲིགས་མཛད་པའི་དེབ་དེའི་རྒྱབ་ངོས་ཀྱི་༼  ཀ་་་ནས་་་མ  ༽བར་གྱི་དེབ་ཕྲེང་གི་ཁ་བྱང་དག་མཐོང་དུས་གསོ་བ་རིག་པར་རྒྱུས་མངའ་ཡོད་མེད་ལ་མ་ལྟོས་པར་གཞུང་འདིར་ཆད་པ་ཁ་གསབ་ཀྱི་ལས་དོན་རླབས་ཆེན་པོ་ཞིག་སྒྲུབ་བཞིན་པར་གནོན་མི་ཐུབ་པའི་དགའ་ཚོར་དང་སྤོབས་པ་ཞིག་སྐྱེས། ཁོང་ནི་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དཔལ་འབྱོར་སྒྲུབ་སྟེ་གྲུབ་པའི་འབྱོར་བས་ཉིན་རེ་བཞིན་ཟུངས་ཟད་པའི་བོད་སྐད་ཡིག་གམ་གངས་ཅན་གསོ་བ་རིག་པའི་སྐྱེད་ཚལ་དུ་ཕྱིའི་སྔོན་ཐོན་གྱི་གཞུང་ལུགས་དང་ལག་རྩལ་དག་ནང་འདྲེན་བྱེད་མཁན་སྐུ་ཞབས་དགེ་འདུན་རྒྱ་མཚོ་ལགས་རེད།

བོད་ལ་བཅོས་བསྒྱུར་བཏང་ནས་ལོ་ངོ་དྲུག་ཅུ་ལྷག་འགོར་བཞིན་མོད་ད་དུང་དེང་རབས་ཀྱི་རིག་ཚན་སྐོར་གྱི་རྨང་གཞི་ཙམ་ཡང་ཆགས་མེད་པ་མ་ཟད། མི་རིགས་གང་དེའི་རྨང་གཞིའི་སྐད་དང་ཡི་གེ་དེ་གནས་ཐུབ་མིན་གྱི་ཉེན་ཁར་ཐུག་པའི་སྐབས་འདི་ལ། ཉིན་མོའི་སྐར་མ་ལྟ་བུའི་མི་སྒེར་བ་དང་གྲྭ་རྐྱང་དཀྱུས་མ་ཁག་ཅིག་གིས་འཕྲལ་ཕུག་ཀྱི་གདམ་ག་གནད་དུ་བཟུང་ནས་རིག་གཞུང་གི་ལས་འདི་དང་འདི་ལྟ་བུར་སྲོག་བསྡོས་ཀྱིས་འབད་དུས། བླ་ཆེན་ཚོས་རང་གི་རྒྱས་སྤྲོས་ཀྱི་བཞུགས་ཤག་ནང་ཆེན་ཞིག་གསོ་དང་། མང་ཚོགས་ལ་མགོ་སྐོར་གཏོང་བྱེད་འདྲ་བའི་ལྷ་ཁང་རྟེན་བཞེངས་ལ་འབད། དཔོན་པོ་ཚོས་ཚད་མེད་པ་དང་ཕུགས་ངན་པའི་འདོན་ཡོན་གྱི་རྒྱས་སྤྲོས་ལ་རོལ། སྤྱང་གྲུང་ལྡན་ལ་ངོ་ཚ་མེད་པའི་མཁས་ཆེན་དག་གིས་བོད་ཀྱི་རིག་གཞུང་རྣམས་རྒྱ་ཡིག་དང་དབྱིན་བསྒྱུར་ལ་འབད་ནས་ཁེ་སྤོགས་ཟ་བར་བྲེལ།

བདེན་པ་བརྩི་ཞིང་སྲུང་བའི་མི་རིགས་ཤིག་ལོ་ངོ་སྟོང་ཕྲག་དུ་མར་འཛམ་གླིང་གི་ཡང་རྩེའམ་ས་གཤིས་རྩུབ་པའི་མཐོ་སྒང་གི་ཡུལ་ལུང་འདི་བདག་གིར་བྱས་ནས་རྔུལ་ཁྲག་ཁྲོད་ནས་དགོད་སྒྲ་སྒྲོག་བཞིན་ད་བར་འདས་མོད། ད་ནི་ཕྱོགས་ཡོངས་ནས་ཉེན་ཁ་རབས་དང་རིམ་པས་བསྐོར་ཡོད་པ་ལ་དཀའ་ངལ་ཁྱད་བསད་ཀྱིས་རང་སྤྱིའི་ཚན་རིག་གི་རིག་ཚན་དག་བོད་སྐད་ཡིག་ལ་བསྒྱུར་བསྐྲུན་གྱིས་ཉམས་རྒུད་ལ་ཕྱོགས་པའི་ད་ལྟ་བར་ཚོད་འཛིན་གནང་མཁན་གྱི་རིག་པའི་དཔའ་བོ་དག་ལ་སྙིང་ནས་གུས་འདུད་ཞུ། ནམ་ཞིག མུ་མེད་ཕྱོགས་མཐར་འཁྱམ་པའི་བཙན་པོའི་རྣམ་ཤེས་ལ་སླར་ཡང་སྟོབས་རྩལ་རྫོགས་ནས་དེ་རིང་གི་ཉིན་མོར་དྲན་གསོ་བྱེད་དུས། སྐུ་ཞབས་དགེ་འདུན་རྒྱ་མཚོ་ཁོང་དང་ཁོང་རྣམ་པ་དག་ནི་གཞོམ་གཞིག་བྲལ་བའི་དུས་རབས་ཀྱི་རྡོ་རིང་རེ་རེ་ཡིན་ངེས།

2015/5/25  བྱང་ནག་ཆུ་ཁ་རུ།