ཀླུ་མོ་མཚོའི་སྒེག་ཉམས་ཀྱིས་སྟག་ཤར་རའི་མིག་ཟུང་དམ་ལ་འདོགས། ཀླུ་མོ་མཚོའི་གླུ་སྐད་ཀྱིས་ཡ་ཆུང་སེམས་ལ་དྭངས་གཙང་གི་ཆུ་ཕྲན་ཞིག་བཞུར་དུ་འཇུག  ཀླུ་མོ་མཚོ་ནི་སྐད་དྭངས་ལ་ངག་ལ་འགྱུར་ཁུགས་ཕུན་སུམ་ཚོགས་པའི་གཞས་མ་ཞིག་དང་། དེ་ལས་ཀྱང་མཛེས་མ་ཞིག་རེད། ཡིན་ནའང་། བློར་འབབས་ན་ཁས་རྒྱོབ་ཅེས་པ་ལྟར་ཀླུ་མོ་མཚོ་ལ་བོད་མོ་ཞིག་གིས་བཟོད་དཀའ་བའི་བརྙན་འཕྲིན་ཞིག་བཟོས་ཏེ་མ་རབས་བཤད། དོན་དངོས་སུ་བརྙན་འཕྲིན་དེས་ཀླུ་མོ་མཚོ་ལ་དོ་སྣང་ཡོད་མཁན་སུ་ཡང་མགོ་སྐོར་མི་ཐུབ་ཀྱང་། ཀླུ་མོ་མོ་རང་སེམས་ཕངས་ཡོད་པ་འདྲ། བརྡ་ཡིག་ཅིག་ཀྱང་བཏང་འདུག  ཀླུ་མོ་མཚོ་བློར་འབབས་མཁན་གྱི་ཐག་ཉེ་ཚོས་མོ་ལ་རེ་བ་ཞུས་ཡོད་སྲིད། དང་ལེན་མ་ཞུས་ཚེ་ཁས་རྒྱབ་ཡོད་སྲིད། དངོས་གནས་བཤད་ན་ཀླུ་མོ་མཚོ་ད་དུང་ཆང་ས་རྒྱབ་མེད་པས་ཁས་རྒྱག་པ་ལས་ཁས་བླངས་ཚེ་རེ་བ་ཡོད་མི་སྲིད་པ་མིན་མོད། ཁག་ཅིག་རེ་ཐག་ཆད་རྗེས་གནོད་སེམས་ཡིད་ལ་འཁོར་འོངས།

ཀླུ་མོ་མཚོ་དང་འདྲ་བར་མཛེས་མའི་སྒྱུ་རྩལ་གྱི་རོ་ཉམས་ཕུན་སུམ་ཚོགས་པོ་སྟོན་མཁས་ནི་གཡང་ཕྱུག་མཚོ་རེད། མ་རེད་དམ། གཡང་ཕྱུག་མཚོ་ཡང་གཟུགས་མཛེས་ལ་ཤེས་ཡོན་ཡག་པོ་ཡོད་འདུག  གཞས་གཏོང་བའི་ཉམས་མྱོང་གིས་གར་སྟེགས་ཟིལ་གྱིས་གནོན་ཞིང་། ཞབས་བྲོའི་སྟངས་སྟབས་ཀྱིས་གཟིགས་མོ་པ་རྣམ་པའང་འགུལ་དུ་འཇུག ཡིད་དུ་འོང་བའི་བུད་མེད་འདིས་རྒྱ་རྒན་ལོ་ལོན་ཞིག་ལའང་ཆགས་སེམས་བསླངས་ཏེ་ཁྱོད་ཀྱི་ “གླུ་སྐད་ལས་ལྷ་མོའི་བྲོ་བ་ཚོར་”ཞེས་བརྗོད་དགོས་བྱུང་། ཡིན་ནའང་། བློར་འབབས་ན་ཁས་རྒྱོབ་ཅེས་པ་ལྟར་གཡང་ཕྱུག་མཚོ་ལའང་སྐད་ཆ་འདྲ་མིན་སྣ་ཚོགས་བཤད། རྒྱ་མི་ཞིག་ལ་གཉེན་སྒྲིག་ཚུལ་བཤད། རིགས་ཞེན་མེད་ཚུལ་བཤད། བོད་གཞས་གཏོང་མཁན་ཞིག་ལ་རང་གི་མི་མང་ནང་དུ་རིགས་ཞེན་མེད་པའི་གཏན་ཡན་གྱར་ཚེ་མ་འོངས་པ་གང་དུ་ཡོད། མོས་ཀྱང་དེ་ལན་དུ་གཞས་ཤིག་བཏང་ཡོད་པ་འདྲ། ངས་ནི་གཞས་ཚིག་ལས་མ་མཐོང་། དོན་དངོས་སུ་མོའི་ཕྱོགས་ལའང་རེ་ཐག་ཆད་ནས་འདྲ་མིན་བརྗོད་པ་ལས་རེ་བ་རྒྱབ་མི་ཆོག་པ་ཅི་ལ་ཡོད་མོད། ཁག་ཅིག་རེ་ཐག་ཆད་རྗེས་གནོད་སེམས་ཡིད་ལ་འཁོར་འོངས།   

ཁོང་མོ་གཉིས་ལྟ་བུའི་གཞས་མ་ཚོར་སྐད་ཆ་འདྲ་མིན་འོང་རྒྱུ་ནི་བོད་ལ་མཚོན་ན་ཆེན་པོ་ཞིག་ཡིན་པ་ལས།  གོ་ལའི་ཁྱོན་ལ་བསམ་ཚེ་ཧ་ལོག་དགོས་པ་དེ་འདྲ་མིན་པ་འདྲ།  འཛམ་གླིང་མཛེས་མ་དང་གོ་ལའི་མཛེས་མ་ཚོའི་འདྲ་པར་ལའང་ལས་སྣོན་སྣ་ཚོགས་བྱེད་ཅིང་། བཤད་ཡམས་འདྲ་མིན་འོང་། རང་རེའི་སྤྱི་ཚོགས་ནང་དུ་བཤད་ཡམས་འདི་དག་ལ་དང་པོ་གདོང་ལེན་བྱེད་མཁན་ནི་གདོང་མཛེས་གཟུགས་ཡག་སྐད་སྙན་ལ། སྟག་ཤར་ར་ཤ་འདར་པག་འདར་རྒྱག་པའི་གཞས་མ་གཉིས་ཀྱིས་དང་ལེན་བྱེད་དགོས་བྱུང་བ་འདི་ལ་གནོད་ཤུགས་ཅིས་ཀྱང་ཡོད་ངེས།  སེམས་ཁྲལ་དེའི་དབང་གིས་རང་ཅག་གི་མིག་ལམ་དུ་མཛེས་མ་འདི་གཉིས་གློ་བུར་དུ་རྒས་སོང་ཚེ་ཧ་ཅང་ཕངས་པོ་རེད།