ཁ་ཅིག་ན་རེ། འདི་མིན་ན་འདི་ཡིན་དགོས་ཟེར། གཏམ་དེ་ནི་བློ་གཟུ་བོར་གནས་ཅི་ཐུབ་ཀྱི་སྐད་ཆ་ཞིག་ཡིན་དུ་མཆི། འོན་ཀྱང་དགེ་ཆོས་ཀྱི་གསུང་ཞིག་ཏུ། མེ་ལོང་ཅུང་ཟད་འགྱུར་ཡང་འགྱུར་བྱེད་ཅིང་། གཞིན་རས་ཅུང་ཟད་འགྱུར་ཡང་འགྱུར་བྱེད་པའི་གསུངས་པ་ལྟར། ཕྱི་རོལ་གྱི་འདོད་པའི་ཡོན་ཏན་ཆེས་ཕྲ་དག་གིས་རྐྱེན་བྱས། ནང་གི་རྣམ་རྟོག་ཕྲ་རགས་དག་གིས་རྒྱུ་བྱས་པའི་རྟེན་འབྲེལ་གྱི་བདེན་པ་དེས། དེ་རིང་ཁྱོད་ཀྱིས་འདོད་པའི་འདི་མིན་ན་འདི་ཡིན་དགོས་ཟེར་བའི་གཏན་ཚིགས་དེའང་ཐལ་བའི་རྡུལ་བཞིན་དུ་མི་འགྱུར་བའི་དན་རྟགས་གང་ཡང་མ་མཆིས་པས། ཁྱོད་ཀྱིས་ཨུ་ཚུགས་མཐར་བསྐྱལ་བྱས་ཏེ་དེ་རིང་གཞན་གྱི་ལུགས་ལ་སྡོམ་ཚིག་འཇོག་མ་སྔ་བར་གྱིས།

ད་དུང་ཁྱོད་ཀྱི་ཁས་ལེན་འདིས་སང་ཉིན་ནམ་གནངས་ཉིན་གང་རུང་ཞིག་ལ་སླར་ཡང་རང་ཉིད་ངོ་ཚ་བའི་གནས་སུ་མི་བསྐྱལ་བའི་དཔང་བོ་འང་ཏིལ་ཙམ་མི་འདུག རྒྱ་ལ་ལོ་ཟླ་འགའ་རེར་བདེན་པའི་དབང་དུ་བཏང་ན་འང་ནམ་ཞིག་ཁྱོད་རང་མི་བསླུ་བའི་ངེས་པ་གཏན་ནས་མེད། གནས་ལུགས་ཏོག་ཙམ་པོ་འདི་ལ་འདང་བརྒྱབ་ན། མི་སུ་ཡིན་རུང་ཕ་རོལ་བོའི་འདོད་པ་དེར་རང་བློས་གང་དཔོག་གིས་དཔྱད་པ་བྱེད་རིགས་ནའང་། སྡོམ་ཚིག་གཞག་རྒྱུར་སྔ་བར་མི་བྱ། རྒྱུ་མཚན་གོང་ནས་སྨོས་ཟིན།

འོན་ཀྱང་འུ་གཉིས་ཀྱིས་ཚིག་ཚོགས་མང་པོ་སྤུངས་ནས་གདོང་མདོག་འགྱུར། སྐད་གདངས་འདར་ནས་ཐང་ཆད་རག་བར་དུ་ཁ་རྩོད་ཙམ་བརྒྱབ་བརྒྱབ་ན་ཡང་། མཇུག་འབྲས་འབབ་ས་དེ་ངས་ཁྱོད་ཀྱི་ལུགས་དང་འདོད་པ་དག་རྒྱུ་མཚན་ལྟར་སྣང་དང་ཉི་ཚེ་བ་ཞིག་ཡིན་པར་བསྒྲུབས་ཤིང་། ཁྱོད་ཀྱིས་རང་གི་ལུགས་དང་འདོད་པ་དག་ཅི་བཞིན་ཡིན་རྒྱུ་བྱས་ཏེ། ངའི་འདོད་པར་ཁས་ལེན་མ་ཤོར་བ་ཙམ། ལ་རྒྱའི་རྩེ་མོ་རུ་བསམ་རྒྱུ་དེ་ལས་ལག་འོང་ཆེར་མེད།

མཚམས་འདིར་རང་གིས་རང་ལ་དགྲ་ལྷ་དཔུང་བསྟོད་བྱས་ཏེ་མ་བརྟགས་ཉམས་དགའི་ངོར་འགྲིག་འགྲིག་ཅིག་བྱེད་པ་ལས། དོན་དུ་བདེན་རྫུན་ཚད་མའི་ས་མཚམས་སུ་ཡིས་ཀྱང་འབྱེད་མི་ཤེས་པས་ན། ཕན་ཚུན་ལ་ལྟ་ཚུལ་རེ་བཏོན་ནས། བཟོད་སྒོམ་བྱས་ན་མཛེས། ཁ་ཤོམ་ཐེན་ནས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེ་ན། རང་གི་བློ་གྲོས་ཀྱི་གོ་ཡང་འགོག་ལ། གཞན་གྱི་རྩིས་ཐང་ལ་དམན་དུ་ལྟ་བའི་བྱས་ཉེས་ཀྱང་འབྱུང་། དེའི་ཕྱིར་ནམ་ཡང་འཇིག་རྟེན་གྱི་ཁམས་ནི་གྲུ་བཞི་ནས་ཟུར་གསུམ་དང་། ཟུར་གསུམ་ནས་ཟླུམ་པོ་སོགས་སུ་འགྱུར་བའི་རང་བཞིན་སོ་ན་མི་གནས་པ་ཞིག་ཡིན་པས། རྟག་པར་རང་ཉིད་ཀྱི་མིག་སྔར་བྱ་སྒོང་དབྱིབས་ཅན་ཁོ་ནར་གནས་མི་ཐུབ་པའི་ཆོས་ཉིད་ཞེ་ལ་བཞག་འོང་ན། འུ་ཅག་གིས་གང་མཐོང་བ་དང་མ་མཐོང་བའི་གཞི་གྲུབ་ཚད་ནི་དྲི་བ་འདྲི་ཡུལ་ཞིག་དང་། རང་ཉིད་ནི་གསར་འགོད་པ་ཆུང་ཆུང་ཞིག་ཏུ་སེམས་ཐུབ་པར་བསྟུན། སྐབས་སུ་བློ་བསྐྱེད་འོང་ངེས་ཤིང་། འུ་གཉིས་ལ་མཁོ་བ་དེའང་དེ་ཡིན་པས་ད་ནས་བཟུང་ཚིག་རྩོད་དེའི་མཇུག་བསྡུ་བར་བྱ།