ལོ་རེའི་ཟླ་གཉིས་པའི་ཚེས་༡༤ཉིན་ནི། འཛམ་གླིང་གི་མ་ཤི་ཀྭའི་རྒྱལ་ཁབ་གཙོ་བོའི་མི་རིགས་མང་པོ་ཞིག་གིས། ཉིན་མོ་འདི་དགའ་རོགས་དུས་ཆེན་དུ་སྲུང་བརྩི་ཞུ་བཞིན་ཡོད་ལ། དེ་བཞིན་རང་ཅག་བོད་ཀྱི་ན་གཞོན་ཕོ་མོ་མང་པོ་ཞིག་གིས་ཀྱང་། དེང་སྐབས་དུས་ཆེན་འདི་ལ་སྲུང་བརྩི་ཞུ་མུས་སུ་མཆིས།

ཡིན་ནའང་། མི་མང་པོ་ཞིག་གིས་ཅི་ཕྱིར་ཉིན་མོ་འདི་དགའ་རོགས་དུས་ཆེན་དུ་སྲུང་བརྩི་ཞུ་བཞིན་ཡོད་པ་ཤེས་མེད་ཕྱིར། ཁོ་བོས་དུས་ཆེན་འདི་རང་ཅག་བོད་མི་ཚོ་དང་འབྲེལ་བ་ཡོད་མེད་ལ་མི་ལྟ་བར། གཙོ་བོ་ངེད་ཅག་གི་ན་གཞོན་ཕོ་མོ་མང་པོ་ཞིག་གིས་ཉིན་མོ་འདི་ལ་ཤེས་མེད་དུ་རོལ་གྱིན་ཡོད་རྐྱེན། འདིར་ཉིན་མོ་དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རགས་ཙམ་ཞིག་ངོ་སྤྲོད་པར་བྱའོ།།

ཐོག་མར་དུས་ཆེན་འདིའི་མིང་ལ་ཨིན་སྐད་དུ་དམ་པ་ཝ་ལེམ་ཁྲེན་གྱི་ཉིན་མོ་(Valentine’s Day)ཞེས་འབོད་ལ། ཝ་ལེམ་ཁྲེན་ཞེས་པ་ནི་སྤྱི་ལོ་དུས་རབ་གསུམ་པའི་ནང་གི་གནའ་བོའི་རོ་མའི་(Rome)ཡེ་ཤུའི་ཆོས་དཔོན་ཞིག་གི་མིང་ཡིན་ཞིང་། སྐབས་ཐོག་དེའི་རོ་མ་བཙན་རྒྱལ་གྱི་དབང་འཛིན་པ་ནི། གོང་མ་ཁི་ལོད་སྒྲོའུ་གཉིས་པ་(Claudius the Second)ཡིན་ཤིང་། ཁོང་ནི་ཡེ་ཤུའི་ཆོས་ལ་མི་དད་མཁན་ཞིག་ཡིན།

གོང་མ་ཁི་ལོད་སྒྲོའུ་ཡིས་རང་གི་དམག་མི་རྣམས་ལ་གཉེན་སྒྲིག་བྱས་མི་ཆོག་པའི་ཁྲིམས་སྲོལ་བྱས་པ་དང་། རྒྱུ་མཚན། ཁོང་གིས་དམག་མི་རྣམས་གཉེན་སྒྲིག་རྗེས། རང་ཉིད་ཀྱི་ཆུང་མ་བུ་ཕྲུག་དང་ཁྱིམ་ཚང་ལ་ཞེ་ཆགས་ཏེ། རོ་མའི་དོན་དུ་རང་སྲོག་བློས་གཏོང་གིས་དམག་འཁྲུག་ནང་མི་འཇུག་པར་དགོངས་པ་རེད།

སྐབས་དེར་ཝ་ལེམ་ཁྲེན་ནི། རོ་མའི་ཆོས་ཁང་ཞིག་གི་ཆོས་འཆད་པ་ཡིན་པ་དང་། ཉིན་གཅིག་དམག་མི་ཞིག་ཁོང་གི་སར་བསླེབས་ཏེ། གཉེན་སྒྲིག་གི་ཆོ་ག་སྤེལ་པའི་རེ་བ་ཞུ་ཞིང་། ཝ་ལེམ་ཁྲེན་གྱིས་ཕན་ཚུན་ལ་སྙིང་ཉེ་བའི་ན་གཞོན་ཕོ་མོ་ཟུང་དེར་གཉེན་སྒྲིག་གི་ཆོ་ག་སྤེལ་རྐྱེན། གོང་མས་ཆོས་དཔོན་ཝ་ལེམ་ཁྲེན་བཙོན་ཁང་དུ་འཛིན་བཟུང་བྱས་ཏེ། སྲོག་ཐོག་གཏོང་རྒྱུའི་བཀའ་ཁྱབ་བསྒྲགས་ཤིང་། ཅི་ཕྱིར་ན། ཁོང་གིས་གོང་མའི་བཀའ་བཅག་སྟེ་དམག་མི་ལ་གཉེན་སྒྲིག་གི་ཆོ་ག་སྤེལ་པས་རེད།

ཡིན་ནའང་། ཝེ་ལེམ་ཁྲེན་ལ་སྲོག་ཐོག་མ་བཏང་བའི་སྔོན་ཏག་ཏག་ཏུ། ཁོང་བཙོན་ཁང་དུ་ཡོད་རིང་དེར་བཙོན་སྲུང་བ་ཞིག་གི་བུ་མོར་བརྩེ་བ་ཆགས་ཤིང་། ཁོང་གིས་རང་ཉིད་ཀྱི་སྙིང་སྡུག་ལ་ཆེས་མཐའ་མཇུག་གི་འཕྲིན་ཡིག་ཅིག་སྤྲད་པའི་ནང་འདི་ལྟར “ཁྱེད་ཀྱི་ཝ་ལེན་ཁྲེན་ནས” ཅེས་བྲིས་ཡོད་པ་དང་། དེ་ལྟར་ཟླ་གཉིས་པའི་ཚེས་༡༤ཉིན་ཁོང་ལ་སྲོག་ཐོག་བཏང་སྟེ་སྐུ་གྲོངས།

ཝ་ལེམ་ཁྲེན་ལ་སྲོག་ཐོག་བཏང་རྗེས་ཀྱི་ཕྱི་ཉིན་ཏེ། ཟླ་གཉིས་པའི་ཚེས་༡༥ཉིན་ནི་དགུན་ཁའི་དུས་ཆེན་(Winter Festival)སྲུང་བའི་ཉིན་མོར་ཁེལ་ཡོད་ལ། དེ་ནི་ལོ་ངོ་ཉིས་སྟོང་གི་ཡར་སྔོན་ནས་བྱུང་བའི་དུས་སྟོན་ཞིག་ཡིན། དུས་ཆེན་དེའི་སྐབས་སུ་མི་རྣམས་ཀྱིས་དཀོན་མཆོག་ལ་གསོལ་བ་བཏབ་སྟེ། རང་ཉིད་ལ་ཤིང་འབྲས་དང་སྔོ་ཚལ། སྒོ་ཕྱུགས་སོགས་འཕལ་པའི་སྨོན་འདུན་ཞུ་ནས། དགུན་ཁའི་དུས་སྟོན་ལ་རོལ་བར་བཤད།

ཁོ་བས་འདིར་འདིའི་སྐོར་གླེང་སློང་བཤད་དོན་ནི། དུས་རབས་གང་ཞིག་དང་སྤྱི་ལོ་ནམ་ཞིག་གི་ཚེས་ལ། དགུན་ཁའི་དུས་སྟོན་དེ་ནི་ཉིན་གཅིག་གི་སྔོན་ལ་བསྣུར་ཏེ། མིང་ལ་དམ་པ་ཝ་ལེམ་ཁྲེན་གྱི་མོ་བཏགས་ནས། ཝ་ལེམ་ཁྲན་ཀྱི་འདས་སྐར་རམ་དགའ་རོགས་དུས་ཆེན་ལ་བསྒྱུར་ཏེ། དུས་སྟོན་སྲུང་བརྩི་བྱེད་བཞིན་ཡོད་པས་ཡིན།

ཕྱིས་སུ་མ་ཤི་ཀྭའི་ཆོས་ལུགས་ཨིན་ཡུལ་གཙོ་བའི་ནུ་ཕྱོགས་ཀྱི་རྒྱལ་ཁབ་དག་གི་ནང་བྱུང་བ་དང་། དེ་དང་འབྲེལ་བའི་གཏམ་རྒྱུད་དང་ལྷ་སྒྲུང་མང་པོ་ཞིག་ཀྱང་ལྷན་དུ་བྱུང་ཞིང་། ཝ་ལེམ་ཁྲེན་གྱི་གཏམ་རྒྱུད་ནི་དེའི་དཔེ་མཚོན་ཞིག་རེད་ལ། དེ་མིན། མི་རྣམས་ཀྱིས་དུས་རབས་བཅུ་དགུ་པའི་ནང་དུ། ཝ་ལེན་ཁྲེན་གྱི་ཤོང་བྱང་(Valentne’s card)ཕན་ཚུན་ལ་བསྐུར་རེ་བྱེད་པའི་མགོ་བཙུགས་ཟིན་པར་བརྗོད།

སྐབས་དེ་དུས་ཀྱི་ཝ་ལེམ་ཁྲན་གྱི་ཤོག་བྱང་སྟེང་དུ། ཁ་དོག་དམར་པོ་ཡིན་པའི་སྙིང་དབྱིབས་དང་། རྒྱ་སྲས་མེ་ཏོག་དམར་པོས་མཚོན་པའི་རི་མོ་སོགས་དཔར་ཡོད་ཅིང་། ཤོང་བྱང་གི་ནང་དུ་བྲིས་པའི་ཡི་གེ་ནི། དཔེར་ན།
“ང་ཡི་སྙིང་སྔུག་ལགས། རྒྱ་སྲས་མེད་ཏོག་ནི་དམར་པོ་ཡིན།”
“མུ་མེད་མེ་ཏོག་ནི་སྔོན་པོ་ཡིན།”
“ང་ཡི་སྙིང་སྡུག་ལགས། བྱེ་མ་ཀ་ར་ནི་མངར་མོ་ཡིན།”
“ཡིན་འང་། ཁྱེད་རང་ནང་བཞིན་མངར་མོ་མི་འདུག” ཅེས་པ་ལྟར་རོ།།

དེ་བཞིན་ཟླ་གཉིས་པའི་ཚེས་༡༤ཉིན་མོ་འདི་ལ་དུས་སྟོན་རོལ་གྱིན་པའི་མི་རྣམས་ཀྱིས། དེ་རིང་གི་བར་དུ་ཕན་ཚུན་ལ་ཤོག་བྱང་དང་མེ་ཏོག་ཕུལ་རེ་གནང་གིན་ཡོད་ལ། བྱིས་པ་ཚོས་ཀྱང་རང་གི་གྲོགས་པོ་དང་དགེ་རྒན་ལ་ཤོག་བྱང་དང་མངར་ཟས་ཀྱི་རིགས་ཁྱོབ་ཁོབ་ལེབ་ཐྲི་(Chocolate)སོགས་སྤྲོད་པ་རེད།

གལ་སྲིད་ཉིན་དེར་ན་གཞོན་ཕོ་མོ་སུ་ཞིག་གིས་ཕན་ཚུན་ལ་རྒྱ་སྲས་མེ་ཏོག་དམར་པོ་སྤྲད་པ་ཡིན་ན། དེས་གང་དེ་ཁོའམ་ཁོ་མོ་ལ་དགའ་བཞིན་པ་མཚོན་པ་ཡིན་ལ། དུས་རྒྱུན། ཉིན་མོ་དེར་ཤོག་བྱང་དང་མེ་ཏོག་སོགས་བསྐུར་སྐབས། ཤོག་བྱང་གི་ནང་དུ “བདག་གི་ཝ་ལེམ་ཁྲེན་གནང་རོགས” དང་། ཡང་ན “ཁྱེད་ཀྱི་ཝ་ལེམ་ཁྲེན་ནས” ཅེས་འབྲི་བ་ལས་སྐུར་མཁན་གྱི་མིང་མི་འབྲི་པའི་སྲོལ་ཡོད།

ཉིན་དེའི་མཚན་མོ་མི་ཧ་ཅིང་མང་པོ་ཟ་ཁང་དུ་ཕྱིན་ཏེ་དགོང་ཟས་ལ་རོལ་ནས་སྐྱིད་སྐྱིད་གཏོང་བ་དང་། ཡང་མི་ལ་ལས་ཉིན་མོ་དེ་ནི་གཉེན་སྒྲིག་པའི་ཉིན་མོ་བཟང་བོ་ཞིག་ཏུ་རྩིས་ཏེ། རང་ཉིད་ཀྱི་དགའ་སའི་མི་དང་གཉེན་སྒྲིག་གི་ལས་ལ་ཞུགས་བཞིན་ཡོད་པ་རེད་དོ།།

༢༠༡༥།༢།༡༧།ཉིན།
རྡོ་རྗེ་རིན་ཆེན་གྱིས་ཨིན་ཡིག་ལས་བཏུས་ཏེ་སྒྱུར་བསྒྲིགས་བྱས།