—-“ཁ་བའི”ཚེ་སྲོག་གི་གོད་ཆགས་དང་དེ་འབྲེལ་དྲ་ནང་གི་རྙོག་དྲ་ལ་གདོང་གཏོད་པ། (གཉིས)

དེ་དགོང་གི་འདི་བགྲོ་གླེང་ཡིན་པས་རང་གི་རྩ་དོན་རྒྱུན་འཁྱོངས་བྱས་ཆོག་པའི་ཆ་ཡོད་ན། གཏམ་མ་བཤད་གོང་གི་རེ་བ།
ཀ ངའི་གཏམ་བཤད་ཚར་ན་ཐལ་མོ་རྡེབ་མི་དགོས།(རྒྱུ་མཚན་བསྐུངས)
ཁ། ངས་དེ་དགོང་མྱ་ངན་ཞུ་ཡུལ་གྱི་དངོས་མིང་རྩ་བ་ནས་འབོད་མི་ཐུབ་པས། “ཁ་བ”(འདི་ལ་ང་རང་ངོས་ནས་གོ་བ་ཆེན་པོ་ཡོད། དེ་ནི་ངའི་སྐད་འཕྲིན་གྱི་རྩོམ་བྱང་དག་ལས་ཧ་གོ་ཡོང) དང“བླ་གསང་བོ”ཞེས་འབོད་རྒྱུ་ཡིན།
ག ང“བླ་གསང་བོ”དང་ངོ་འཕྲད་མེད་རུང་རྩོམ་གྲོགས(སུ་ཞིག་རྩོམ་གྲོགས་ཡིན་མིན་ཐད་ང་རང་ལ་ཚད་གཞི་ཡོད)ཡིན་མོད། དེ་དགོང་གཏམ་འདི་བཤད་དུས། སྒེར་འབྲེལ་ལས་རྒྱང་བཀྱེད་དེ“སྤྱི་མ”ཞིག་གི་ཚུལ་དུ་གླེང་རྒྱུ་ཡིན།

ཚེ་འདས་ལ“བླ་གསང་བོ”དང“འདས་པོ”ཞེས་འབོད་པ་ནི་གཙི་ཐང་སྲུང་གཙིའི་མངོན་ཐབས་སོ།། དྲ་འཕྲིན་ལམ་དུ། ཚེ་འདས་ཀྱི་དངོས་མིང་ནས་བཟུང་སྟེ། འཛེམས་མེད་དུ་བོས་ཤིང་ཡ་ང་མེད་པར་སྒྲོག་བཞིན་སྐྱོ་གདུང་མཚོན་བྱེད་ལ། རྩོམ་ཅི་རིགས་སྤེལ་བ་ནི་རིན་ཐང་ཆེད་དམིགས་ཏེ། མི་ཚོར་ངོས་སོ་སོ་ནས་བཞག་པའི་ཤན་སྟོབས་ལའོ།། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ཚེ་འདས་ཀྱི་གཏམ་ངན་གོ་མ་ཐག་ཚང་མས་ཐབས་གཅིག་ཏུ། སོ་སོའི་གདུང་བ་མཚོན་བྱེད་ལ་རྩོམ་ཅི་རིགས་སྤེལ་བ་ནི། ཚེ་སྲོག་གཙི་ཐང་གི་དོད་རེད་འདོད། ཚེ་སྲོག་གི་གོ་རིམ་ནི་སོ་སོའི་མྱང་བྱ་ལས་རིགས་འདེད་མི་འགྲོ་བས་སོ།། ཡང་དེ་ལ། སྙན་ངག་པ་དང་བྱིས་སྒྲུང་རྩོམ་པ་པོ་ཞེས་གདགས་གཞི་གང་རུང་སྦྱོར་བ་ནི་རིན་ཐང་རེད་འདོད།


ཡང་དྲ་འཕྲིན་ལམ་ལ་དེ་འདྲའི་མཉམ་འུར་ཆེ་དོན་ནི། “བླ་གསང་བོ”འི་ཚེ་འདས་ནི་ཚེ་སྲོག་གཙི་ཐང་གི་ཆ་ནས་བོད་མིའི་སེམས་གཤིས་ལ་ཁ་འཕྲོད་བྱུང་ཐུབ་པས་སོ།། ཚེ་སྲོག་ཐམས་ཅད་འདྲ་མཉམ་ཡིན་པས། དེ་ལ་ས་ཁོངས་དང་རྒྱལ་ཁོངས། ཡུལ་ཁོངས་བཅས་ཀྱི་དབྱེ་བ་མེད། དེ་ལ་མི་རིགས་དང་རིགས་རྒྱུད། ཤ་མདོག་བཅས་ཀྱི་རྣམ་དབྱེ་མེད། དེ་ལ་ཐོབ་ཐང་དང་རྒྱུ་འབྱོར། ལས་རིགས་བཅས་ཀྱི་སོ་མཚམས་མེད། དེ་ལ་ཀེར་ལངས་སྒུར་གསུམ་དང་དུད་འགྲེང་ནུར་འགྲོ་ཡི་ཁྱད་པར་མེད་པས་སོ།། ཆོས་གཞུང་ལྟར་བཤད་ན། མ་གྱུར་སེམས་ཅན་ཐམས་ཅད་ལྟ་བུའི་འདུ་ཤེས་རེད།
ཁ་གསལ་བོར་བཤད་ན། ཚེ་སྲོག་ལ་གོད་ཆགས་བྱུང་རྐྱེན་ནི། གཅིག་ནས་སེམས་ཅན་གྱི་སྲོག་དང་ཁོར་སྲུང་གི་ཆེད་ཡིན་པ། གཉིས་ནས་གཞན་བསྒྲལ་ཡིན་པ། གསུམ་ནས་རིགས་ཀྱི་ཕུགས་འདུན་ལ་ཆ་འཕྲོད་པས་སོ།།
དེ་བས། གཙི་ཐང་དང་རིན་ཐང་ཟུང་འབྲེལ་ཡིན་པས། བོད་ལ་མཉམ་འུར་རྒྱ་ཆེར་བྱུང་བར་འདོད།

“བླ་གསང་བོ”ལ་རྡོ་རིངས་བཞེངས་མིན་གྱི་ཐད། ང་སྒེར་ངོས་ནས་བཞེངས་དགོས་པར་འདོད། རྒྱུ་མཚན། གཙོ་བོ་རྡོ་རིངས་མ་ཡིན་པར། རྡོ་རིངས་ངོས་ཀྱི་ཡི་གེ་སྟེ། འདས་པོའི་གཙི་ཐང་དང་རིན་ཐང་ལ་བསམ་གཞིག་ཡང་དག་བགྱིས་ཤིང་། ཡུལ་ཕ་མའི་རེ་བ་དང་གྲོགས་སྤུན་ཟླའི་བློ་ཁོག་ལ་གྲོས་འདིང་གིས་ནང་དོན་གཏན་ལ་ཕབ་རྒྱུ་དེའོ།། མིན་པར། རྡོ་རིངས་ཙམ་གྱི་ཕྱིའི་སྣང་བརྙན་ཏེ་དཔངས་མཐོ་ཞེང་ཆེའི་བརྗིད་ཆགས་ཇི་འདྲ་ཐོན་ཡང་དོན་སྙིང་མི་འདུག
ལྷག་ཏུ། ཁ་ཅིག་གིས། མཆོད་རྟེན་བཞེངས་དགོས་པར་གྲོས་འདོན་བྱས་ཡོད་པ་ལ་ཡིད་འཐད་རྒུ་ནས་མེད། རྒྱུ་མཚན། དེར་ཐོག་མར་མཆོད་རྟེན་གྱི་ངོ་བོ་ཧ་གོ་དགོས། མཆོད་རྟེན་ནི་རང་ཅག་སྟོན་པའི་ཐུགས་རྟེན་ཡིན་པས། དེའི་མ་མཐའི་ཆ་རྐྱེན་ནི་སྟོན་པའི་རྗེས་འཇུག་གོ། དེ་ཙམ་གྱིས་ཀྱང་ཆོག་ནི་མ་རེད། རྗེས་འཇུག་པ་དེ་ཡང་བསྟན་པ་ལ་མཛད་འཕྲིན་བླ་མེད་ཡོད་མཁན་གྱི་སྐྱེས་ཆེན་བླ་ཆེན་ངེས་ཅན་ཡིན་དགོས། དེ་ཡིན་ན་གཟོད་རང་སྟེང་གི་ཆ་རྐྱེན་ཚང་བ་རེད། འདི་སྐྱེས་བུ་ཞིག་ལ་མཆོད་རྟེན་བཞེངས་འོས་མིན་གྱི་ངོས་ནས་བལྟས་པ་ཡིན། ཡང་མཆོད་རྟེན་བཞེངས་རྐྱེན་ནི། འགྲོ་བ་འདྲེན་ཕྱིར་ཏེ་དད་ལྡན་གྱི་དགེ་རྩ་སྤེལ་བ་དང་སྡིག་ཉེས་འདག་ཆེད་དོ།། “ཁ་བའི”རྡོ་རིངས་ནི་དེའི་ཆེད་དུ་མ་ཡིན། ལྷག་ཏུ་འདས་པོ་ཁོང་རང་ཉིད་ལ་སྡིག་ཉེས་རྩ་བ་ནས་མེད། དེ་ལས་ཀྱང་འགྲོ་བ་འདྲེན་པ་དང་སུ་ཞིག་གི་སྡིག་ཉེས་འདག་ཆེད་རྩ་བ་ནས་མ་ཡིན་ནོ།། འདི་ནི་འདས་པོའི་དམིགས་དོན་དང་རིན་ཐང་ཐམས་ཅད་ལ་ཤེས་རྟོགས་འབྱུང་བ་དང་ངོས་ཟིན། དྲན་རྟོག་འཕེལ་ཆེད་དོ།། ཡང་ན་མི་རེ་ངོ་རེ་ནས་ཀྱང་རང་རང་གི་དོན་བྱ་ཅི་ཞིག་སྒྲུབ་རུང་ཆེ་གཙིགས་ཆུང་དམན་གྱི་འདུ་ཤེས་མ་བཅངས་པར། ལས་ཆུང་ངུ་ནས་ཀྱང་ཧུར་འབད་བྱས་ན་སྐྱེས་ཆེན་ཡིན་པར་བདེན་པ་བརྡར་ཆེད་རེད་འདོད། དེ་བས། མཆོད་རྟེན་ནི་བོད་ཀྱི་ཆོས་རྟེན་རེད་ལ་ནང་བསྟན་རིག་གནས་ཀྱི་མཚོན་སྟངས་ཤིག་གོ། དེ་ནི་དམངས་ཕལ་བ་ལ་མི་འོས། དེ་བས། བོད་ཀྱི་ཆོས་ཀྱི་རིག་གནས་དང་དམངས་ཁྲོད་རིག་གནས་ལ་ཕྱི་ནས་བལྟས་ན་བཅས་མཚམས་མེད་པ་ལྟ་བུར་སྣང་རུང་། ལྟ་ཤེས་ཤིང་ཞིབ་ཆེ་ན་བཅས་མཚམས་རབ་ཏུ་གསལ། དེ་བས། མཆོད་རྟེན་བཞེངས་དགོས་པར་འདོད་མཁན་དེས། བོད་ཀྱི་རིག་གནས་ཀྱི་གནད་ཟིན་མི་འདུག་ལ། ལྡོག་སྟེ་ཉོག་དཀྲུག་ཀྱིན་འདུག གལ་ཏེ། ཡང་དམངས་ཁྲོད་ལྟར་བྱ་འོ་ཟེར་ན། འདི་ལྟར་ཡིན་ཏེ། དམངས་ཁྲོད་ནས་དམངས་ཕལ་བ་ལ། རྡོ་རིངས་བཞེངས་སྲོལ་མེད་མོད། རྡོ་འབུམ་མམ་རྡེའུ་འབུམ་བཞེངས་སྲོལ་ཡོད་པ་རེད། དེ་ནི་ད་གཟོད་དམངས་ཁྲོད་ནས་དམངས་ལ་ཁ་གཏད་པའི“མཆོད་རྟེན”རེད། འདི་ཡང་སྔར་བཞིན་དད་སྟོབས་ལས་འཕྲོས་བའི་སྡིག་ཉེས་བཤགས་ཆེད་དང་འགྲོ་བ་ཆོས་ལ་སྐུལ་དད་བྱ་ཆེད་ལས་གཞན་མ་ཡིན། ཡིན་ཡང་། “ཁ་བ”ལ་རྡེའུ་འབུམ་དང་རྡོ་འབུམ་མཁོ་དོན་མེད། ཁོང་ལ་སྡིག་ཉེས་མེད་ཅིང་ཁོང་ལ་རྗེས་རབས་པའི་དད་གུས་སྙིང་རྗེ་མི་མཁོ་བར་འདོད།
ཡང་ཁ་ཅིག་གིས། རྡོ་རིངས་མི་འོས་ཟེར་བའི་རྒྱུ་མཚན་ལ། བཙན་པོའི་སྐབས་སུ་རྡོ་རིངས་བཞེངས་སྲོལ་ཡོད་པ་བདེན་མོད། དེ་ནི“དཔའ་བོ”ལ་བཞེངས་པར་དེ་ནི་དམིགས་བསལ་རེད་ཟེར། ཡང་རྗེས་སུ་མཱན་ཆིན་ལ་སོགས་པས་བོད་བླ་མང་པོར“རྡོ་རིང”བཞེངས་པ་ལ་ད་ལྟར་བཤད་ཀྱིན་པའི་འདས་པོའི་རྡོ་རིང་ནི་དེའི་རྒྱུན་འཛིན་རེད་ཟེར། ཇི་འདྲའི་དགོད་བྲོ་བ་ལ། བཙན་པོའི་རྡོ་རིངས་ནི་རང་གི་རྒྱལ་ཁབ་དང་རང་གི་དཔའ་བོ་ལ་བཞེངས་པ་རེད་མོད། ད་དུང་ཆོས་གཙིགས་ཀྱི་རྡོ་རིངས་ཀྱང་མང་པོ་བདོག་པས། རྡོ་རིངས་ནི་བོད་བཙན་པོ་སྐབས་སུ། སྲིད་ལུགས་དང་ཆོས་ལུགས་གཉིས་ཀར་དར་བས། བཙན་པོས་མངའ་འབངས་ལས་མཛད་རྗེས་ཆེ་མཁན་ཡིན་ཕྱིན་སེར་སྐྱའི་དབྱེ་བ་མེད་པ་སྟེ། ཆོས་སྲིད་གཉིས་ཀའི་ཁྱབ་ཁོངས་ནས་སོ་སོ་ལ་ཆེད་གནང་མཛད་པ་ཤ་སྟག་ཏུ་སྣང་། མཱན་ཆིན་ལ་སོགས་པས་བོད་བླ་ལ་རྡོ་རིང་བཞེངས་པ་ནི་བོད་བླ་དེ་དག་ལ་ཆོས་ཀྱི་ངོས་ནས་བལྟས་ཤིང་གང་དེའི་ཆོས་ཀྱི་མཛད་འཕྲིན་ཆེད་མ་ཡིན་པར། བོད་བླ་དེ་དག་རྒྱ་རྗེ་ལ་མཚོན་ན“དཔའ་བོ”ཡིན་པའི་རྒྱུ་མཚན་གྱིས་རྡོ་རིང་བཞེངས་ཤིང“ཆོ་ལོ”བསྩལ་བ་ཞིག་རེད། གནད་བཤད་ན། རྒྱ་རྗེ་དེ་དག་གིས་བོད་བླ་ལ་སྲིད་མིག་གིས་བལྟས་ཡོད་པ་ལས་ཆོས་མིག་གིས་ནམ་ཡང་བལྟས་མེད།


ད་ཐེངས་ཀྱི་གོད་ཆགས་འདི་ལ། ཁྲིམས་ངོར་སྦྱོར་བའི་ཆ་བཞག་ཚེ། ང་ཚོར་དངོས་དཔང་ཆེས་བཙན་པོ་དེ་མེད། རྒྱུ་མཚན། འདས་པོའི“བེམ་པོ”ཡོངས་སུ་ནས་དགུང་དུ་གཤེགས་ཟིན་པས་སོ།། གལ་ཏེ། རྒྱ་ཁྱིམ་ཞིག་ལ་སྟབས་མ་ལེགས་པའི་ཚེ་སྲོག་འཕྲོག་སྦྱོར་གྱི་རྐྱེན་ངན་བྱུང་བ་ཡིན་ན། འདས་པོ་དེའི་བེམ་པོ་ཉིད་གྱོད་གཏུག་བྱ་ཡུལ་དང་འབྲེལ་ཡོད་ཚོགས་སྒེར་གང་རུང་གི་མིག་མདུན་ལ་བཤམས་ནས་ཉིན་ཐོག་ཉིན་གྱིས་ངོམ་སོ་བྱེད་པ་རེད། འདི་ནི་ང་ཚོའི་ཉེ་འཁོར་ན་ཡོད་པའི་རྒྱ་མི་ཚོའི་ལས་སྟངས་རེད་ལ། ཁྲིམས་སྦྱོར་བྱེད་ལུགས་ཀྱང་རེད། ཡིན་ཡང་། ང་ཚོས་དེ་ལྟར་བྱ་ཕོད་དམ། ངས་བསམ་ན་རྩ་བ་ནས་ཐུབ་ཀྱི་མ་རེད། གལ་ཏེ། ཕྱི་མི(འདས་པོའི་ཕ་མ་དང་བསྡུར་ན་གྲོགས་དང་བཅས་པའི་མི་ཚང་མ་ལ་གོ)ང་ཚོས་ཀྱང་རྒྱ་མི་ནང་བཞིན་བེམ་པོ་ངོམ་ན། ཇི་ལྟར་བཟང་རབས་ཡག་རབས་རྒྱན་རབས་དགེ་རབས་བཤད་ཀྱང་། ནང་མི་ཕ་མ་སྤུན་མཆེད་ཀྱིས་ཨེ་བཟོད་དམ། གཏན་ནས་བཟོད་ཀྱི་མ་རེད། རྒྱུ་མཚན། ང་ཚོ་ལ་མཚོན་ན། ལྷག་ཏུ་དྲ་ནང་ལྟར་ན། “ཁ་བའི”རིན་ཐང་ལས་གཙི་ཐང་ལ་ཁ་ཡ་བྱེད་ཀྱིན་མི་འདུག རིན་ཐང་ནི་ཏག་ཏག་འདས་པོ་གང་དེས་མི་ཡུལ་ལ་བཞག་པའི་ཞབས་རྗེས་ཏེ། ཁ་གསལ་བོས་བཤད་ན། སྙན་ངག་པ་དང་བྱིས་སྒྲུང་རྩོམ་པོ། ལས་སྐྲུན་མཁན(གཞུང་བརྟེན་མ་ཡིན་པའི་རང་ཁ་རང་གསོ་ཅན)ལྟ་བུའོ།། ཡིན་ཡང་། ཁྱིམ་ཕ་མའི་སེམས་ན། འདི་དག་ཅི་ཡང་ཡིན་ནི་མ་རེད། འདས་པོ་ཁོང་ནི་ནམ་ཡང“གཅེས་ལོ”ཡིན་པ་རེད། དེ་ནི་ནུར་ནུར་པོ་དང་མེར་མེར་པོ། ནར་ནར་པོ། ཡང་དེ་ནི་ཟིང་ཟིང་ཅན་དང་འཇམ་འཇམ་ཅན། ལྷུག་ལྷུག་ཅན། ངུ་ངུ་ཅན། ཁྲོ་ཁྲོ་ཅན་སོགས་ཀྱི་ངོ་བོར་འཐིམས་ཡོད་པས། ཁྱིམ་ཕ་མའི་སྡུག་བསྔལ་དེ་ང་ཚོས་ནམ་ཡང་མི་རྟོགས་ཤིང་མི་ཐེག དེ་བས། ཁྱིམ་ཕ་མས་གཙི་ཐང་གི་ངོས་ནས་རང་གི་གཅེས་ལོ་ལ་ནམ་ཞར་བལྟ་སྲིད་ལ། དེ་ལ་སྤྱིར་བཏང་འདང་བརྩེ་ཞེས་འབོད་བཞིན་མཆིས་མོད། དེ་ནི་འདང་བརྩེ་རང་མ་རེད། དེ་ནི་འདང་བརྩེ་དང་བརྩེ་བ་ཆགས་བྱེད་ཀྱི་བརྒྱུད་རིམ་ལས་གྲུབ་ཅིང་དེ་དངོས་མྱོང་བྱ་དགོས་ཚེ། བརྒྱུད་རིམ་དེ་ལས་དྲན་མྱོང་བྱ་བ་ལས་གཞན་གང་གིས་མི་ཐུབ། དེ་བས། ཁྱིམ་ཕ་མའི་སྡུག་བསྔལ་དེ་ང་ཚོས་ནམ་ཡང་ཆ་འཇོག་བྱེད་མི་ཐུབ་པའི་རྒྱུ་མཚན་ཡང་དེ་ཙམ་རེད་འདོད། དེ་ལྟར། ཁྱིམ་ཕ་མའི་ཞེ་ངོ་དང་སྣང་ངོར་འདས་པོ་ཁོང་ནམ་ཡང་གཅེས་ལོ་ལས་སྙན་ངག་པ་དང་བྱིས་སྒྲུང་རྩོམ་པོ་མིན་པས་སོ།། ཁྱིམ་ཕ་མས་གཙི་ཐང་ལ་གཙིགས་ཆེ་ཞིང་ང་ཚོས་རིན་ཐང་ལ་ནན་ཆེ་བས། ཕན་ཚུན་རྩ་བ་ནས་འདྲ་མི་སྲིད། ཡང་ན་གཙི་ཐང་ནི“བླ་གསང་བོ”ཞེས་འབོད་པ་ལས་དངོས་མིང་གིས་འབོད་མི་བཏུབ་པ་དེ་རེད་ལ། ཁྲིམས་ཁར་སྦྱོར་བའི་སྟ་གོན་ལ་མི་བྲེལ་བར་མྱུར་དུ་འདས་མཆོད་སྒྲུབ་པར་བརྩོན་པའི་ལག་ལེན་དངོས་སྦྱོར་དེའོ།།
ཕྱོགས་གཞན་ནས་འཕྲོས་ན། ད་ཐེངས“ཁ་བ”དང་འབྲེལ་བའི་དྲ་ནང་གི་གླེང་བྱའི་འགལ་བའི་རྩ་གནད་ནི་མདོར་བསྡུས་ན། གཙི་ཐང་སྲུང་ངམ་རིན་ཐང་བརྩོན་ཞེས་པའི་གདམ་གསེས་རེད། ཡང་ན། སྲོལ་རྒྱུན་དང་དེང་རབས་ཀྱི་གདམ་གསེས་རེད། གཙི་ཐང་སྲུང་བ་ནི་སྲོལ་རྒྱུན་རེད་ལ། རིན་ཐང་བརྩོན་པ་ནི་དེང་རབས་རེད། ཁྱིམ་ཕ་མས་མྱུར་དུ་འདས་མཆོད་སྒྲུབ་པ་ནི་སྲོལ་རྒྱུན་རེད་ལ། ཁྲིམས་ཁར་སྦྱོར་དགོས་པར་འདོད་པ་ནི་དེང་རབས་རེད། ཁྱིམ་ཕ་མས་འདས་པོ་ལ་གསང་ཅི་ཐུབ་དང་གབ་ཅི་ཐུབ་ཀྱིས་དངོས་མིང་གིས་འབོད་མི་བཏུབ་པ་ནི་སྲོལ་རྒྱུན་རེད་ལ། དྲ་ནང་ནས་འཛེམ་དོགས་མེད་ཅིང་ཡ་ང་བྲལ་བར་དངོས་མིང་གིས་ཆེས་ཆེར་སྒྲོག་པ་ནི་དེང་རབས་རེད། ཡང་ན། ཁྱིམ་ཕ་མ་དང་གྲོགས་སྤུན་མཆེད་ལ་ཡིད་སྨྲེང་བའི་གདུང་བ་ངག་གིས་བསལ་མི་ཐུབ་པར་སྨྲ་སྡོམ་བྱ་དགོས་དོན་གཙི་ཐང་གི་རྐྱེན་པས་རེད་ལ། དྲ་ནང་གི་དྲ་འབུ་ཚོས་ཡིད་སེམས་ངོམ་ངོམ་བྱེད་ཐུབ་ཅིང་ངག་སྐད་འགྲགས་འགྲགས་བྱ་ཐུབ་དོན་རིན་ཐང་གི་རྐྱེན་པས་རེད།


ཁོ་བོས་ནམ་ཡང“ཁ་བ”འདི“འབུ་མེ་ལྕེབས”
ལ་བལྟས་ཡོད། དེ་ནི་གཙི་ཐང་ཡིན་ལ་རིན་ཐང་ཡང་ཡིན་པར་འདོད། གཙི་ཐང་ཡིན་རྐྱེན“ཕ་ཡུལ་ལ་རྒྱུས་ལོན”
(འབུ་མེ་ལྕེབས་ཀྱི་རྩོམ་དེ་ལས་རྟོགས་དགོས) དང“ཕ་ཡུལ་ལ་ཕྱིར་ལོག”(གསེར་ཉ་སྲུང་བའི་དངོས་སྦྱོར་ལས་རྟོགས་དགོས) “འབུ་མེ་ལྕེབས”(དངོས་ཡོད་ཀྱི་འབུ་མེ་ལྕེབས་ནི་ནམ་ཡང་ཚོགས་འཕུར་མ་ཡིན་པར་ཁེར་འཕུར་ཡིན་པས་འདས་པོ་ཁོང་གི་དངོས་ཡོད་ལས་སྐྲུན་རང་བརྟེན་ལས་རྟོགས་དགོས) ཡང་འདི་དག་ནི་རིན་ཐང་ཡང་ཡིན་ནོ།། དེར་འདས་པོ་ཁོང་གི་ངོས་ནས་བསམ་ཚེ། གཙི་ཐང་དང་རིན་ཐང་གཉིས་ཁ་ཁར་གྱུར་མེད། ལྷག་ཏུ། “འབུ་མེ་ལྕེབས”ཏེ། ཚེ་སྲོག་གི་ཕུང་བོ་རང་ག་བ་དེར་མ་གཞི་ནས་གཙི་ཐང་ཡོད་ལ། ཡོད་རྐྱེན་ནི་ཐ་དད་པ་དང་སྒེར་གྱི་རྣམ་པ། ཐུན་མོང་མ་ཡིན་པ་ཡིན་པས་སོ།། དེ་ལྟར་ཡིན་རྐྱེན་ཡང་ཚེ་སྲོག་ཡིན་པས་སོ།། ཡང་རིག་གནས་ཀྱི་ཁ་མདོག་བསྒོས་སྟོབས་དབང་གིས། འདས་པོ་ཁོང་གིས“འབུ་མེ་ལྕེབས”ནང་ཁོངས་འཛོམས་པོ་ཅན་དུ་བཏང་ལ། རང་ག་བ་ལས་ཡར་འཕགས་ཀྱི་བླ་རུ་གཏད་ཡོད། དེ་ནི་རིན་ཐང་ངོ་།། དེ་ལྟར“འབུ་མེ་ལྕེབས”ནི
“ཁ་བ”རུ་འཐིམས་ཡོད་ལ། “ཁ་བ”ནི“འབུ་མེ་ལྕེབས”སུ་གྲུབ་འདུག དེ་བས། “འབུ་མེ་ལྕེབས”ནི་འདས་པོ་ཁོང་གི་ཡོད་ཚད་སྟོན་ཐུབ་པའི་སྣང་བརྙན་གསོན་པོ་ཅན་དུ་མཐོང་ངོ་།།
མདོར་ན། “བླ་གསང་བོ”ཚེ་སྲོག་ཡིན་པའི་ངོས་ནས། གཞན་སུས་ཀྱང་ཚབ་བྱ་བཏུབ་པའི་ཐ་དད་པ་དང་ཐུན་མིན་ཅན། སྒེར་རྣམ་ཅན་དེ་ཡིན། དེ་ནི་གཙི་ཐང་ངོ་།། ཡང“འབུ་མེ་ལྕེབས”ཀྱི་འཆི་ཆེད་མ་ཡིན་པའི་འོད་སྣང་དང་དྲོད་ཁོལ་གྱི་རེ་འདུན་ཟབ་མོའི་ངོས་ཟིན་དང་མྱོང་རིམ། མྱོང་འབྲས། མངོན་བསྟར་ནི་གཙི་ཐང་དང་རིན་ཐང་གི་འཕལ་ཁ་འཕྲོད་པའི་འཕག་འཚག་གོ། དེ་ལྟར། འདས་པོ་ཁོང་གི་མཛེས་པ་ནི“གསེར་ཉའི་ཆེད”ཅེས་པའི་རིན་ཐང་མིག་དབང་གི་བལྟས་འབྲས་དེ་མ་ཡིན་པར། “འབུ་མེ་ལྕེབས”ནང་བཞིན་གྱི་འཕག་འཚག་གི་གོ་རིམ་དེ་རེད་འདོད། ཡང་ན་འབུ་མེ་ལྕེབས་ཞེས་པའི་ཚེ་སྲོག་གི་གཙི་ཐང་དེ་ལ་མི་ཡི་རིན་ཐང་གི་གོ་སྟབས་ཅན་དང་མངོན་སྟོབས་ཅན་དུ་བཞེངས་ཡོད་པ་དེ་རེད་འདོད། ཡང་ན། མིའི་ཁྱད་འཕགས་ནི་བྱ་བ་ཆེན་པོ་ཆེ་སྟོབས་ཀྱིས་སྒྲུབ་ན་སྐྱེས་ཆེན་ཡིན་ཚུལ་དང་། བྱ་བ་ཆུང་ངུ་ཆུང་ཚེགས་བརྒྱུད་རིམ་དང་ལྡན་པར་སྒྲུབ་ན་སྐྱེས་ཆེན་མིན་ཚུལ་གྱི་གོམས་རིགས་དེ་ལ་ལྡོག་འགྲེལ་བསྐྱོན་འདུག དེར་ལས་ཆུང་ངུ་ཡིན་ཡང་ཧུར་བརྩོན་གྱི་འཕག་འཚག་རིང་མོས་བསྒྲུབ་ན་ཐུན་མིན་གྱི་སྐྱེས་བུ་བསྐྱེད་སྲིད་པར་བདེན་པ་བརྡར་འདུག
མཇུག་ཏུ། གོང་གི་བཤད་པ་ཐམས་ཅད་འདས་པོ་ཁོང་དང་རྒྱང་བཀྱེད་ཀྱིས་བཤད་པ་ཡིན། རེད་དེ། ད་ནི་དེ་དགོང་གི་འགན་སྒྲུབ་པ་ན་རོ་ཚང་དང་འདིར་ཕེབས་ཀྱི་དགེ་སློབ་ཡོངས་ལ། ང་འདས་པོ་ཁོང་གི“རྩོམ་གྲོགས”
ཡིན་པའི་ངོས་ནས་བཀྲིན་ཆེན་པོ་ཞུ།
༢༠༡༥།༧།༢ཉིན་གྱི་དགོང་མོར་ཟི་ཁྲོན་མི་རིགས་སློབ་གླིང་གི་ན་རོ་ཚང་གིས་འགན་སྒྲུབ་བྱས་ཤིང་དགེ་སློབ་ཚོགས་འཛོམས་ཀྱི“སྙིང་ལྕགས་དྲན་སྟངས་ཤིག”ཅེས་པའི་མྱ་ངན་བགྲོ་གླེང་གི་གཏམ་བཤད་གཞི་བྱས་ནས་བྲིས་པ་ཡིན།