image

image
གངས་ཐིག

འབུམ་གླིང་དགོན་པ་ནི་རྨ་ཆུའི་བྱང་ཁའི་རྡོ་ཕུང་རི་ཆུང་གི་རི་རྩེ་མང་པོ་གནམ་ལ་ཟིང་བའི་ནང་དུ་གནས་ཡོད་ལ། དགོན་པ་དང་སྐུ་བརྙན་ཡོད་པའི་བྲག་ཕུག་རྣམས་ཀྱི་ངོས་གཅིག་ཆུ་ལ་གཏད་ལ། ངོས་གསུམ་རི་ཡིས་བསྐོར་ནས་ཡོད། འབུམ་གླིང་དགོན་པ་ཞེས་པའི་མིང་འདི་ནི་ཐོག་མར་རྒྱ་ནག་ཅིན་རྒྱལ་རབས་ཀྱི་སྔ་དུས་སུ་ཡོད་པའང་ཆང་གི་སྐད་དུ་“ཐང་སུ་དགུ་”(唐述谷)ཞེས་འབོད་ཀྱི་ཡོད་པའང་དོན་ནི་(鬼窟)འདྲེ་ཡི་ལུང་ཤུར་ཞེས་པར་གོ། ཐང་རྒྱལ་རབས་ཀྱི་སྐབས་སུ་“龙兴寺”༼འབྲུག་རྒྱས་དགོན་༽ཞེས་འབོད་ལ། སུང་རྒྱལ་རབས་ལ་“灵岩寺”༼ལིང་ཡན་དགོན་༽ཞེས་འབོད། ཡོན་རྒྱལ་རབས་སྐབས་སུ་ཡང་“冰灵寺”༼ པིང་ལིང་དགོན་ ༽ཟེར། བོད་སྐད་ཀྱི་ནང་དུ་གྲངས་ཚད་འབུམ་ཕྲག་གཅིག་ལ་“炳”ཞེས་པ་“འབུམ་”དང་སངས་རྒྱས་བཞུགས་པའི་གནས་སུ་“གླིང་”“灵”༼སྒྲ་བསྒྱུར་༽ཞེས་འབོད་ཀྱི་ཡོད་པས། དེས་ན་“炳灵”ཞེས་པ་སངས་རྒྱས་འབུམ་བཞུགས་པའི་གླིང་“འབུམ་གླིང་”ཡིན་ནོ།
དགོན་འདི་ནི་ནུབ་ཆིན་དུས་སྤྱི་ལོ420ལོ་ནས་ཝེ་བྱང་མ北魏、྄ཀྲུའུ་བྱང་མ北周、སེ་རྒྱལ་རབས隋、ཐང་རྒྱལ་རབས唐、སུང་རྒྱལ་རབས宋、ཡོན་རྒྱལ་རབས元、མིན་རྒྱལ་རབས་རིམ་བཞིན་བརྒྱུད་ནས་ལོ་ངོ་1600ལྷག་གི་ཁ་ཆར་བུ་ཡུག་གི་ལོ་རྒྱུས་མངའ་མོད། རྒྱ་ཡིག་གི་ཡིག་ཆ་གཞིར་བཞག་ནས་ཞིབ་འཇུག་བྱེད་མཁན་མཁས་པ་ཁག་ཅིག་གིས་འབུམ་གླིང་དགོན་པའི་དོན་ནི་ལྷ་ཡི་དགོན་པ་ཞེས་པར་འགྲེལ་བཤད་བྱས་ཡོད་དེ །“唐述谷”༼ཐང་སུ་དགུ་༽ཞེས་པའི་ནང་གི་ཐང་སུ་“唐述”ནི་ཆང་གི་སྐད་བརྡའི་ནང་འདྲེ་ལ་གོ་དགོས་པར་འདུག འབུམ་གླིང་དགོན་པའི་བྲག་བརྐོས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་དེ་ནི་གོང་འཁོད་བོད་ཀྱི་བོད་ཡིག་དཔེ་ཆའི་ནང་དུ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པར་འཁོད་མོད། དེ་ཡང་《མདོ་དྲི་མེད་གཟི་བརྗིད》་ནང་གསལ་བ་ལྟར་ན། གཡུང་དྲུང་བོན་གྱི་ལོ་རྒྱུས་ནང་གལ་འགངས་ཆེ་བའི་མི་སྣ་“ཀོང་ཙེ་འཕྲུལ་རྒྱལ”ཞེས་པ་ཞིག་ཡོད་པ་དང་། ཁོང་གིས་“འོལ་མོ་ལུང་རིང་”གི་ནུབ་ཕྱོགས་སུ་གསས་ཁང་“དཀར་ནག་བཀྲ་གསལ”ཞེས་པ་ཞིག་བཞེངས་ཡོད་པར་གྲགས་པ་དེ་ནི་རྒྱལ་ནང་གི་བོད་རིག་པའི་མཁས་པ་བདེ་ཆེན་དབང་མོ་ལགས་ཀྱི་དཔྱད་རྩོམ་དེར་ཅུང་ཁ་གསལ་ཏུ་བྲིས་གནངས་མཛད་ཡོད་དེ། བྲག་སྒོམ་པ་ཚང་གི་《མདོ་སྨད་ཆོས་འབྱུང་》ལས་དགོན་པ་འདི་ན་ཡོད་པའི་བྱམས་པའི་སྐུ་བརྙན་ཆེན་པོ་ནི་ཀོང་ཙེས་བཞེངས་པ་སྟེ་ཐོག་མར་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་བརྙན་ཡིན་པ་ལ་ཕྱིས་སུ་བོད་བརྒྱུད་ནང་བསྟན་འདི་དར་ཆེ་བའི་རྐྱེན་ལས་བྱམས་ཆེན་གྱི་སྐུ་བརྙན་ལ་བཅོས་པ་ཡིན་པའི་སྐོར་ཉུང་མཐར་ཡང་ཐེངས་གཉིས་ཙམ་གླེང་ཡོད་པར་བཤད་འདུག་ལ། དང་པོ་སྟོན་པ་གཤེན་རབ་ཀྱི་སྐུ་ཡིན་པ་ལ་ཕྱིས་སུ་གཙུག་ཏོར་སོགས་བསྣན་ཏེ་བྱམས་སྐུའི་རྣམ་པར་བསྒྱུར་ཟེར་སྣང་།
འབུམ་གླིང་དགོན་པར་བཞུགས་པའི་མིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་གི་རྒྱུ་ཆ་ལས་ཀྱང་“滚尕མིང་ཅན་གྱིས་སྐུ་བརྙན་འདི་བཞེངས་”ཞེས་གསལ་བ་དང་། འབུམ་གླིང་དགོན་ཞེས་པའང་བོད་སྐད་“བྱམས་པ་འབུམ་གླིང་”ཞེས་པ་ལས་ཟུར་ཆག་ནས་རྒྱ་སྐད་ཀྱི་མིང་དེ་བྱུང་། བྱམས་སྐུ་དེར་མཐོ་ཚད་སྤྱི་ཁྲེ༢༧ཡོད་ཅིང་། སྔར་ཡོད་སྐུ་བརྙན་མང་པོ་ཞིག་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་གཏོར་སྐྱོན་ཕོག་པར་བཤད། སྐུ་བརྙན་དེ་ནི་རི་བོར་སྐུ་རྒྱབ་བསྙེས་ཤིང་ཆུ་བོར་ཞལ་གཟིགས་ནས་བཞུགས་ཡོད་ལ། དེ་ཡང་རྒྱབ་རིའི་བྲག་ངོས་ལ་བརྐོས་པ་ལས་གྲུབ་པ་ཞིག་ཡིན་ཏེ། རྨ་ཆུའི་བྲག་རོང་ཆེན་པོ་ཞིག་གི་ནང་དུ་གནས་ཡོད་པའང་ཀྲུང་གོའི་སྐད་གྲགས་ཆེ་ཤོས་ཀྱི་བྲག་བརྐོས་སྐུ་བརྙན་ཆེན་པོའི་ཕུག་ཆེན་དྲུག་གི་ཡ་གྱལ་གཅིག་ཡིན། ལོ་རྒྱུས་ཀྱི་དཔེ་ཆའི་ནང་དུའང་བྲག་བརྐོས་ཕུག་ཆེན་དེར་དཔེ་རྙིང་ཉར་ཚགས་བྱས་ཡོད་པའི་སྐོར་གྱི་བཤད་རྒྱུན་ཡོད།

དེང་སང་གི་ལིན་ཞ་ཁུལ་གྱི་འབུམ་གླིང་དགོན་པ་ནི་ཁ་ཆེའི་ཆོས་ལུགས་ཀྱིས་མཐའ་སྐོར་བའི་ནང་པ་ཤིན་ཏུ་ཉུང་ལ་གཅིག་པུར་ལྷག་བསྡད་པའི་ནང་པའི་གནས་ཤུལ་དེ་ཆགས་ཡོད་ལ། དགོན་པ་དེ་བདག་སྐྱོང་བྱེད་མཁན་ནི་དགེ་ལུགས་པའི་དགེ་འདུན་པ་ཡིན།༼ལོ་རྒྱུས་ཐོག་དགོན་དེར་ཏའོ་ཅའོ་ཆོས་ལུགས་དང་། རྒྱ་ནག་གི་ནང་པ་སངས་རྒྱས་པ། བོད་བརྒྱུད་ནང་བསྟན་ལས་ས་སྐྱ་པ་དང་བཀའ་བརྒྱུད་པ་སོགས་ཆོས་ལུགས་སམ་གྲུབ་མཐའ་སྣ་ཚོགས་དར་མྱོང་ཡོད་འདུག

གང་ལྟར་ཡིད་སྐྱོ་བ་ཞིག་ལ་ངས་བྱམས་སྐུ༼སྔ་དུས་ཀྱི་གཤེན་རབ་མི་བོའི་སྐུ ༽འདིའི་མདུན་དུ་ལྟ་སྐོར་བའི་མིང་ཙམ་གྱིས་རྒྱང་ནས་བལྟ་བ་ལས། ཞིབ་འཇུག་གི་མིང་ནས་ཞིབ་ཏུ་དཔྱད་པར་གོ་སྐབས་མ་རེག་པས་མ་འོངས་པར་སྔར་ལས་ཀྱང་འདིའི་སྐོར་ལ་དཔྱད་ཞིབ་བྱེད་པར་འོས་འགན་ལྕི་མོ་ཞིག་འཁུར་ནས་མཐོ་སྒང་གི་མིག་ཆུ་དྭངས་མོ་རྨ་ཆུ་ལི་མ་སྔོ་མེར་འཁྱིལ་བའི་གནས་འདི་ནས་རིང་ཏུ་གྱེས་ནས་ལོག་བྱུང་ངོ།

2015 07 06