ངས་བྱིས་སྐྱོང་གི་ལས་ཀ་འདི་ལས་ནས་དུས་ཡུན་གང་འཚམས་ཕྱིན་ཅིང་། དེའི་རིང་ལ་བོད་ཡུལ་སྟོད་སྨད་བར་གསུམ་དང་ནང་ལོག་གི་གྲོང་ཁྱེར་འགའ་རེ། དེ་བཞིན་ཨ་རི་དང་ཡོ་གླིང་རྒྱལ་ཁབ་ཁག་ཅིག་བཅས་ཀྱི་བྱིས་པའི་སློབ་གསོའི་སྐོར་ལ་དོ་སྣང་ཆེས་ཆེར་བྱས་ཤིང་། ས་ཆ་དེ་དག་ཏུ་རིང་ཐུང་མི་འདྲ་བའི་དུས་ཚོད་སྤྱད་ནས་སློབ་གསོའི་གཉེར་ལུགས་མང་པོ་ཞིག་ལ་དངོས་སྦྱོང་དང་ཞིབ་འཇུག་བྱས། དེ་དག་གི་ཁྲོད་དུ་ཡང་ཡིད་སྨོན་སྐྱེ་ས་དང་ཡིད་ཆད་ཡོང་ས་སོགས་མང་པོ་ཞིག་ཡོང་གི་འདུག་ན་ཡང་ནུབ་ལུགས་ཀྱི་བྱིས་པའི་སློབ་གསོའི་སྒྲིག་གཞི་དང་ཕ་མ་དག་གི་གོ་རྟོགས་སོགས་ནི་ཡིད་སྨོན་སྐྱེ་ས་གཙོ་བོ་ཞིག་རེད།

གང་ལྟར་ངས་མཐོང་ཚད་བདེན་པར་མ་བཟུང་བར་འཛམ་གླིང་རང་བཞིན་གྱི་སློབ་གསོ་བ་གྲགས་ཅན་དག་གི་བསྟན་བཅོས་འགའ་རེར་མཇལ་སྐལ་བཙལ་ཞིང་། ས་གནས་རང་བཞིན་གྱི་སློབ་གསོ་བ་དག་གི་བསམ་ཕྱོགས་དང་ལག་ལེན་ལ་ཡང་རྒྱུས་ལོན་མང་པོ་བྱས་པ་ཡིན། རྒྱལ་སྤྱིའི་རང་བཞིན་གྱི་བྱིས་པའི་སློབ་གསོའི་སྐོར་གྱི་ཚོགས་འདུ་ནས་མི་རིགས་རང་བཞིན་དང་། ས་གནས་རང་བཞིན། མདོར་ན་བྱིས་པའི་སློབ་གསོ་གླེང་བཞིན་པའི་སྐད་འཕྲིན་ཚོགས་པ་སོགས་ཀྱི་གཏམ་ལ་ཡང་དུས་ཚོད་ནམ་ཡོད་སྐབས་དོ་སྣང་བྱས་པ་ཡིན། དེ་བཞིན་ཡུལ་ཕྱོགས་རེ་འགའི་སློབ་གྲྭའི་ནང་སོང་ནས་རྒྱུས་ལོན་རབ་དང་རིམ་པར་བྱས་པ་ན། ད་སྐབས་བོད་ཁུལ་གྱི་བྱིས་སྐྱོང་སློབ་གསོའི་འཕེལ་རྒྱས་འདི་སློབ་གྲྭ་བཙུགས་པའི་གྲངས་ཀ་ཁོ་ནར་བལྟས་ནས་བཤད་དགོས་ཚེ་མཚོ་སྔོན་ཕྱོགས་ནི་བྱིས་སྐྱོང་ཁང་མང་ཤོས་དེ་ཡིན་ངེས།

ཉེ་བའི་ལོ་ཤས་གོང་ནས་རྒྱལ་ཁབ་ཀྱིས་བྱིས་པའི་སློབ་གསོའི་ཕྱོགས་ལ་གཙིགས་ཆེན་དང་དེའི་ཐད་དུ་མ་དངུལ་འབོར་ཆེན་གཏོང་བའི་སྲིད་ཇུས་བྱུང་བ་ནས་བོད་ཁམས་སུ་བྱིས་པའི་སློབ་གསོའི་སྐོར་ལ་མྱོང་རྒྱུས་གང་ཡང་མེད་པའི་ནང་ལོག་གི་ཚོང་བ་སྡོམ་པོ་དང་། ཀ་ཁ་མི་ཤེས་པའི་ས་གནས་ཀྱི་ཁེ་ལས་པ་མང་པོ་ཞིག་གིས་བྱིས་སྐྱོང་ཁང་འཛུགས་པར་ཧབ་ཐོབ་བརྒྱབས་ཤིང་། ཁུལ་ཐོག་དང་རྫོང་ཐོག་ཏུ་སྐད་རིགས་སྣ་གཅིག་ཅན་གཉེར་བ་ངོ་སོ་རུ་བསམ་སྟེ་བཙུགས་པའི་སྒེར་གཉེར་བྱིས་སྐྱོང་ཁང་གི་གྲངས་ཀ་འཕར། གཅེས་ཕྲུག་མང་པོ་ཞིག་གི་ལྕེ་ཡི་གཡོ་འགུལ་བསྒྱུར་ཅིང་སེམས་ཀྱི་འདུ་ཤེས་ལོག་པ་སོགས་ཉེན་ཁ་ཆེན་པོ་ཞིག་བྱུང་དང་འབྱུང་གིན་ཡོད་པ་སོགས་གནད་དོན་མང་པོ་ཡོད་ཀྱང་། སྐད་ཆ་བྱེ་བྲག་ལ་བབ་ནས་བཤད་ན།

ཉེ་བའི་ལོ་ཤས་གོང་ནས་བོད་ཀྱི་འབྲོག་ཁུལ་ཁག་ཅིག་ཏུ་བྱིས་སྐྱོང་ཁང་འཛུགས་པའི་ལས་གཞིའི་རྣམ་གྲངས་མང་པོ་སླེབས་ནས་ཁང་བ་ཡག་པོ་རྐྱང་འཛུགས་སྐྲུན་བྱས། ལོ་ན་གསུམ་ནས་དྲུག་དབར་གྱི་བྱིས་པ་ཡོད་ཚད་དེར་བསྡུས་ནས་ཉིན་བཅུ་གྲངས་ལ་ཕ་མར་ཐེངས་གཅིག་ལས་འཕྲད་མི་ཐུབ་པའི་བཅའ་སྡོད་ལམ་ལུགས་ཀྱི་བྱིས་གཉོར་ཁང་བཙུགས། ཀླད་པ་ལྗང་ཁུ་ཅན་གྱི་ཕ་མ་སྐོར་ཞིག་གིས་ཀྱང་དབྱར་རྩྭ་རྒུན་འབུའི་དུས་སྐབས་སུ་བྱིས་པ་གཉོར་སྐྱོང་བྱེད་མཁན་ཡོད་མེད་སོགས་ཀྱི་དཀའ་ངལ་ཁོ་ནར་བསམ་ནས་ཨ་མའི་ནུ་མ་ནུ་མཚམས་མ་བཞག་པའི་བྱིས་པ་ལོ་གསུམ་ཙམ་ལོན་པ་དག་བཅའ་སྡོད་བྱིས་སྐྱོང་ཁང་དུ་བསྐྱལ། ཨ་མས་བྱིས་པ་དྲན། བྱིས་པས་ཨ་མ་དྲན། དྲན་པའི་སྣང་ཚུལ་འདིས་དེད་དེ་སློབ་གྲྭའི་ལྕགས་སྒོའི་སྲུབ་ཀ་ན་རང་གི་བུ་ཕྲུག་མཐོང་འདོད་ཀྱིས་སྒུག་པ་དང་། མཐོང་མ་ཐག་སྒོ་སྲུབ་ནས་ལག་པ་ཙམ་ལ་རེགས་ཙམ་བྱེད་ཨེ་ཐུབ་ལ་འབད་ཀྱིན་པའམ་སྐད་བརྡ་རེ་རྣ་ཡིས་ཨེ་གོར་འབད་བཞིན་པ། ཕྱི་ན་ཕ་མར་མིག་ཆུ་འཆོར་བ་དང་ནང་ན་བྱིས་པས་ཨག་སྐད་འདོན་གྱིན་པའི་སྣང་བརྙན་དེ་ནི་བཙོན་པ་དང་ཁྱིམ་མིའི་འབྲེལ་བ་ལས་ཅི་ཡང་མཐོང་མི་ཐུབ། འདི་ལ་སློབ་གསོ་ཟེར་དགོས་སམ། འདི་ནི་ཡ་ལིས་ཧྲི་དོ་ཏི་ནས་མོན་ཁྲི་སོ་རེ་དང་། མོན་ཁྲི་སོ་རེ་ནས་ད་ལྟའི་བར་དུ་འཛམ་གླིང་ལ་དར་མ་མྱོང་བའི་ལམ་ལུགས་གཟའ་རོ་ཞིག་ཡིན་པ་ཤེས་ཨེ་ཡོད། འགྲོ་སྟངས་སྨྱོན་པ་ཞིག་ཡིན་པ་མཁྱེན་ཨེ་ཡོད།

སྤྱིར་ན་རང་ཅག་བོད་ལ་མཚོན་ན་བྱིས་པ་ལོ་ཆེན་པོ་མ་ཆགས་བར་དུ་ཨ་མའི་བྲང་ལ་སྦྱར་ནས་གཉོར་སྐྱོང་བྱེད་པའི་སྲོལ་དམིགས་བསལ་ཅན་ཞིག་ཡོད་པས་ནུབ་གླིང་བ་དག་ལས་ཡ་གླིང་བ་དག་ལ་མ་བུའི་བརྩེ་སེམས་ཆེ་ཞིང་། ཡ་གླིང་བ་དག་ལས་མཐོ་སྒང་བ་དག་ལ་མ་བུའི་བརྩེ་སེམས་ཆེ་རྐྱེན། མས་བུ་འདོར་མཁན་ཉུང་ལ། བུས་ཕ་མ་འདོར་མཁན་ཡང་ཤིན་ཏུ་ཉུང་བ་ཡང་ཆུང་དུས་ཀྱི་སློབ་གསོ་འདི་ལ་རག་ལས་ཆེན་པོ་ཡོད་པ་རེད། དེས་ན་མ་འོངས་པར་བྱིས་པ་འདི་དག་གཏན་སྡོད་སློབ་ཆུང་ནས་སློབ་འབྲིང་། སློབ་ཆེན་སོགས་རིམ་པར་འགྲིམས་ཐུབ་སོང་ཚེ་ཕ་མ་དང་མཉམ་དུ་བསྐྱལ་རྒྱུའི་དུས་ཚོད་ཅི་ཙམ་ཡོད་དམ། དེའི་ཚོད་ཀྱིས་ཕ་མར་བརྩེ་སེམས་ག་ཙམ་ཡོད་དམ། ན་ཆུང་བའི་གཅེས་ཕྲུག་འདི་དག་ད་ལྟ་ནས་ཕ་མ་དང་ཁ་བྲལ་ནས་འདུག་དགོས་པའི་ལས་དབང་ནག་པོ་འདི་སུས་བཟོས་སམ།

ཁ་སང་དེ་རིང་བོད་ཁམས་ན་ཡང་བཟའ་ཚང་ཁ་བྲལ་དུ་འགྲོ་བའི་གྲངས་ཀ་འཕར་བཞིན་པའི་སྒང་ཞིག་ཡིན་ལ། བཟའ་ཚང་ཁ་ཁར་སོང་བ་ནས་བུ་མ་ལ་དབང་ན་ཕ་ལ་ཐུག་མི་ཆོག་ཅིང་། བུ་ཕ་ལ་དབང་ན་མ་ལ་ཐུག་མི་ཆོག་པའི་དགྲར་འཛིན་གྱི་བསམ་བློ་དེ་གས་ཀྱང་བུ་ཕྲུག་མང་པོ་ཞིག་ལ་ཕ་མ་ཡོད་བཞིན་དུ་དྭ་ཕྲུག་གི་འདུ་ཤེས་སྐྱེ་རུ་བཅུག་ཡོད་པ་སོགས་བགྲང་གིས་མི་ལངས་ན་ཡང་། ཕ་འཛོམས་མ་འཛོམས་ཀྱི་བྱིས་པ་འདི་དག་ལ་བཅའ་སྡོད་བྱིས་སྐྱོང་ཁང་ཟེར་བ་ཞིག་བཙུགས་ཏེ་མ་བུ་ཁ་ཁར་བཏང་། དེ་ཉིད་ཡར་རྒྱས་ལ་བསྙད་ནས་གཉེར་གྱིན་པའི་སྡུག་ཡུས་ཁྲོད་ནས་སློབ་གསོ་ཞེས་པ་ཞིག་ཇི་ལྟར་ཐོབ་དགོས་སམ། གནས་བབ་འདིས་བྱིས་པ་ཚོ་གསོ་བཞིན་ཡོད་དམ་གསོད་བཞིན་ཡོད།

སློབ་གྲྭ་སོ་སོས་བྱིས་པ་དེ་དག་དྭ་ཕྲུག་གཉོར་བའི་འདུ་ཤེས་དང་བཅས་བྱིས་པ༢༠ནས་༣༠་བར་ཡོད་པའི་མལ་ཁང་ལ་ཁྱིམ་ཚང་གི་མིང་གིས་བཏགས་ཤིང་། བཟའ་ཚང་གཏན་བྲལ་དང་ཡ་བྲལ་བྱུང་བའི་བུད་མེད་ཁག་ཅིག་དང་། སློབ་གྲྭའི་འབྲེལ་ཡོད་ལས་བྱེད་དག་གི་ཆུང་མ་དང་བཟང་ས་སོགས་བྱིས་པ་དེ་དག་གི་མ་ཚབ་ཏུ་བཞག་ནས་མིང་ལ་ཨ་མར་བཏགས་ཤིང་། ལག་ཏུ་དབྱུག་པ་བཞག ཁ་ནས་དམོད་མོ་བྱེད་པ་སོགས་བྱིས་པ་དག་གིས་མཐོང་ན་སྙིང་རྩ་འདར་བའི་མ་ཚབ་དེ་དག་གིས་ནི། བྱིས་པ་དག་ཞི་ལས་ཙི་གུ་འདེད་འདེད་དང་། སྤྱང་ཀིས་ལུག་ཁྱུ་གདའ་གདའ་བྱས་དང་བྱེད་བཞིན་པའི་སྣང་ཚུལ་དང་། མཐོ་སྒང་གི་བཙག་རླུང་གིས་དེད་པའི་དགུན་གཞུང་འདིར་གཅིན་སྐྱག་མལ་ས་དང་དོར་མའི་ནང་ཤོར་བའི་གནས་བབ་དག་མཐོང་ཡོང་དུས། ཡ་ཐོད་ན་མིག་ཡོད་མཁན་དང་ཡ་ཁོག་ན་སྙིང་ཡོད་པའི་མི་ཞིག་ཡིན་ཚེ་མིག་ཆུ་མི་འཆོར་བའི་རང་དབང་གཏན་ནས་མེད། འདི་ལ་སློབ་གྲྭ་ཟེར་དགོས་སམ་བཙོན་ཁང་ཟེར་དགོས། འདི་དག་གི་ཕ་མ་ཚོའི་སེམས་ཁམས་ཀྱང་རྒྱུན་ལྡན་ཞིག་མིན་ཐག་ཆོད་རེད། ཁ་སང་དེ་རིང་རྨ་འབྲུ་རྫ་གསུམ་འབྱུང་ཡུལ་དུ་གནས་པའི་བྱིས་པ་དག་ལ་ཟས་བཅུད་ཀྱིས་འདང་མིན་ལ་བརྟེན་ནས་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཤ་དང་སྒོ་ང་། འོ་མ་སོགས་གང་འདོད་དུ་སྤྲོད་ཀྱིན་ཡོད་པ་དེ་ལྟར་ན་ཡང་། སེམས་ཁམས་ལ་མནར་གཅོད་གཏོང་གིན་པའི་བྱིས་པ་འདི་ཚོས་རང་ལྟོ་རང་གིས་བཟའ་བར་དཀའ་བའི་ཁར་སེམས་པ་དྲན་གདུང་དང་ཁེར་རྐྱང་གིས་གཙེས་ནས་ཡོང་དུས་ཁོང་ཚོར་འཚོ་བཅུད་ཀྱིས་ཇི་ལྟར་འདང་ངམ། མིའི་འཚོ་བཅུད་ཅེས་པ་འདི་བྱ་སྒོང་དང་འོ་མ་ཁོ་ནས་གསོ་ཐུབ་པ་ཞིག་གཏན་ནས་མིན་པ་ཤེས་བཞིན་དུ་ལམ་ལུགས་འདི་འདྲ་ཨུ་ཚུགས་ཀྱིས་གཉེར་དོན་ཅི་ཡིན་ནམ། འདིའི་ཕུགས་ན་ཁེ་བཟང་ཅི་ཡོད་དམ།

བྱིས་པའི་སློབ་གསོ་ནི་ལུས་སེམས་རང་དབང་ཅན་གྱི་ཁོར་ཡུག་ཅིག་ནས་ལུས་ཁམས་དང་སེམས་ཁམས་ཡར་རྒྱས་གཏོང་དགོས་པའི་དམིགས་ཡུལ་གཞི་ལ་བཞག་ནས་དབང་ལྔའི་བྱེད་ནུས་ཡར་རྒྱས་སུ་གཏོང་དགོས་པའི་སློབ་གསོ་ཞིག་ཡིན་པ་ལས་དམག་དང་དམག་དཔོན་གྱི་འབྲེལ་བའི་ངོས་ནས་གཉེར་ཆོག་པའི་སྒྲིག་གཞི་རང་སྣང་གང་དྲན་ཞིག་གཏན་ནས་མ་རེད། དམིགས་བསལ་གྱིས་ལོ་ན་གསུམ་ལ་ལོན་མ་ཐག་པ་ནས་ཨ་མའི་ལུས་དྲོད་དང་ཁ་བྲལ་ནས་རང་ཉིད་ཀྱི་འགྲོ་འདུག་དང་བཟའ་བཏུང་རང་ཉིད་ཁོ་ནས་བྱེད་ཐུབ་པའི་དུས་ཤིག་ནི་ག་ལ་ཡིན། ངས་འདི་ལ་སྤྱང་ཀི་སྨྱོན་པ་དང་ལུ་གུ་གཟའ་རོའི་སློབ་གསོ་ཞེས་འབོད་པར་འདོད། ཁོང་ཚོའི་སློབ་ཁྲིད་ཇུས་འགོད་ནས་སློབ་ཁྲིད་བྱེད་སྟངས་ཀྱི་གཏུམ་སྤྱོད་མཐའ་དག་ཁྲོད་ཡ་ང་བ་མང་ན་ཡང་འདིར་རེ་ཞིག་བསྐྱུངས་པར་བྱའོ།

བྱིས་པའི་སློབ་གསོ་གཉེར་ལུགས་འདི་ནི་བྱིས་པའི་ལུས་སེམས་འཚར་སྐྱེད་ཀྱི་ཕྱོགས་ལ་གནོད་པ་ཚབ་ཆེན་བྱེད་པའི་སློབ་གསོ་ཞིག་ཡིན་པ་མ་ཟད། བྱིས་པ་མཐའ་དག་སྙིང་ནད་ཅན་དུ་སྐྱེད་བསྲིང་བྱེད་པའི་ལམ་ཁ་ཞིག་ལས་ཅི་ཡང་མིན། འདི་ལྟར་གཉའ་གནོན་དང་ཁྱད་གསོད་སོགས་བྱེད་བཞིན་པའི་ཁར་ཕ་མ་དང་ཡུན་རིང་ཁ་འབྲལ་དུ་འཇུག་པ་འདི་ནི་ཉེས་མེད་ཀྱི་བྱིས་པ་མང་པོར་ཉེས་ཅན་གྱི་བཙོན་པ་བཞིན་མནར་གཅོད་གཏོང་སྟངས་ཤིག་ལས་སློབ་གསོ་ཞེས་པའི་མིང་ནི་འདགས་ག་ལ་རུང་ཞེས་ཡང་བསྐྱར་བཤད་འདོད་བྱུང་། སྤྱིར་ན་སློབ་གྲྭ་གཅིག་བཙུགས་ན་བཙོན་ཁང་གཅིག་གི་ཇེ་ཉུང་དུ་གཏོང་བཞིན་ཡོད་པར་སྨྲ་བ་དེ་ལྟར་ན་ཡང་། ད་ལྟའི་འབྲོག་ཁུལ་གྱི་སློབ་གྲྭ་འཛུགས་སྟངས་འདིས་ནི་སྨྱོ་ཁང་ཇེ་མང་དུ་གཏོང་བ་ལས་གཞན་གང་ཡང་མེད།

ངས་རྐང་བཙུགས་ནས་སློབ་གྲྭ་དེ་དག་ལ་བྱིས་པ་བསྐྱལ་བཞིན་པའི་ཁྱིམ་བདག་འགའ་རེར་བསམ་ཚུལ་དྲིས་པ་ཡིན། ཁྱིམ་བདག་དེ་དག་གིས་གཅིག་མཐུན་དུ་བཤད་རྒྱུར། “དབྱར་རྩྭ་བརྐོ་རུ་སོང་ཤུལ་ན་བྱིས་པ་གཉོར་སྐྱོང་བྱེད་མཁན་མེད་པས་སློབ་གྲྭར་བསྐྱལ་བཞག་ཡོད། ལོ་གང་བོར་མ་བསྐྱལ་ན་དབྱར་རྩྭ་བརྐོ་བའི་རིང་ཁོ་ནར་སློབ་གྲྭའི་ནང་མི་ལེན་གི ད་བྱིས་པར་སྙིང་རྗེ་ན་ཡང་ཐབས་ཤེས་མི་འདུག་”ཟེར། ཁྱིམ་བདག་འདི་དག་གི་བསམ་ཚུལ་ལ་སོམས་དང་། ལོ་གཅིག་གི་ཡོང་སྒོ་ལ་དམིགས་ནས་བྱིས་པའི་ཚེ་གང་གི་སེམས་ཁམས་དེ་འཕྲོ་བརླག་ཏུ་བཏང་ན་གྱོང་གུད་གང་ལ་ཆེའམ།

འདི་ལྟ་བུའི་སློབ་གསོ་ཞིག་མྱོང་དུ་འཇུག་རྒྱུ་ལས་མཁའ་དབུགས་གཙང་བའི་འབྲོག་ཁུལ་ཞིག་ནས་ཕ་མ་དང་ལྷན་དུ་ལུས་བདེ་སེམས་སྐྱིད་ངང་ལུག་རྫི་དང་ཟོག་རྫི་སྙིང་ཁམས་དངས་མོ་ཅན་རེ་སྐྱེད་བསྲིང་བྱེད་དུ་བཅུག་ན་ཅིས་མི་ལེགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱིས་པ་བདག་སྐྱོང་ཁྲིམས་ལུགས་ཀྱི་དོན་ཚན་གསུམ་པའི་ནང་ཚན་བཅོ་ལྔ་བར། “སློབ་གྲྭ་དང་བྱིས་སྐྱོང་ཁང་གི་དགེ་རྒན་གྱིས་བྱིས་པར་བརྩི་འཇོག་བྱེད་དགོས་པ་ལས་ལུས་ཆད་སོགས་བཅད་མི་ཆོག་ཅིང་། མི་གཞིར་དམའ་འབེབས་བྱེད་མི་ཆོག” ཅེས་དང་།
ནང་གསེས་དོན་ཚན་བཅུ་དགུ་བར། “བྱིས་པའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཤིང་། སློབ་གསོ་དང་བྱིས་པའི་ལུས་སེམས་ཡར་རྒྱས་དང་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་སྤྱི་སྙོམ་དང་ཡར་རྒྱས་སུ་གཏང་དགོས།” ཞེས་པའི་ཁྲིམས་ལུགས་འདི་ལྟར་ན། ད་ལྟའི་འབྲོག་ཁུལ་གྱི་བྱིས་པ་འདི་དག་ལ་སློབ་གྲྭ་འཛུགས་མཁན་དང་གཉེར་མཁན་དག་ནི་གཞུང་གི་ཁྲིམས་དང་འགལ་ཞིང་ཡུལ་གྱི་སྲོལ་དང་འགལ་བའི་ཉེས་ཅན་འགའ་ལས་ཅི་ཡང་མིན།

ཁོང་ཚོས་འདི་དག་ནི་ཚོད་ལྟ་རང་བཞིན་དུ་བྱས་ནས་བཙུགས་པའི་བྱིས་སྐྱོང་ཁང་ཡིན་རབས་གླེང་། བྱིས་པ་ནི་ཚོད་ལྟ་བྱེད་ཆོག་ཆོག་གི་ས་དང་རྡོ་ལྟ་བུ་ཞིག་རེད་དམ། བྱིས་པའི་སེམས་ཁམས་ནི་ནད་པ་དང་སྨྱོན་པ་ཨེ་ཆགས་ལ་ཚོད་ལྟ་བྱེད་ཆོག་པ་ཞིག་རེད་དམ། མདོར་ན་བྱིས་པ་ནི་སྨན་ཁང་དུ་བཤག་བཅོས་ཚོད་ལྟ་བྱེད་སྤྱད་ཀྱི་ཙི་གུ་སྐོར་ཞིག་རེད་དམ།

སྤྱང་ཀི་སྨྱོན་པ་འདྲ་བའི་མགོ་བ་ཚོ། ལུ་གུ་གཟའ་རོ་འདྲ་བའི་ཕ་མ་ཚོ། མ་འོངས་པའི་སོན་རྩར་གྱུར་པའི་གཅེས་ཕྲུག་ཚོར་བརྙས་བཅོས་མ་བྱེད་རོགས། ཁོང་ཚོ་རྩེ་སྤྱད་མ་བྱེད་རོགས། ཁོང་ཚོར་ཡང་རང་དབང་གི་ཁོར་ཡུག་ནས་ཤེས་རིག་གི་མེ་ཏོག་མཐུ་བའི་ཞིང་ས་མཁོ། ཁོང་ཚོར་ཕ་མའི་བརྩེ་བ་དང་ལྷན་དུ་ནར་སོན་པའི་རང་དབང་དང་ཐོབ་ཐང་ཡོད།

༢༠༡༦ལོའི་ཟླ་༡༢པའི་ཚེས་༢༠ཉིན།