ང་ཚོའི་སྲིད་ཀྱི་སྲོལ་རྒྱུན་དང་ཆོས་ཀྱི་རིག་གནས།

ངེས་པ་དོན་གྱི་དམངས་གཙོ་ནི། “མང་ཕྱོགས་ཀྱིས་ཐག་གཅོད”དང་“མིའི་ཐོབ་ཐང་སྲུང་སྐྱོབ”སྟེ། ཆ་ཤས་ཆེན་པོ་གཉིས་ཀྱིས་གྲུབ་ཡོད་ཅིང་། ཟུར་དེ་ནས་སྲོལ་རྒྱུན་དང་རིག་གནས་ལ་ཅིག་བལྟས་ན། ངེད་ཅག་དང་རྒྱ་ནག་གཉིས་རྦད་དེ་མི་འདྲ་བར་སྣང༑

དེ་ཡང་། རྒྱ་ནག་པས་ཁོ་རང་ཚོ་ནི་ལོ་རྒྱུས་ཤིན་ཏུ་རིང་ཞིང་དཔལ་ཡོན་ཆེས་ཆེར་དར་བ་ཞིག་ཏུ་རློམ་སྟེ། སྔོན་གྱི་དུས་སུ་ཁོ་ཚོའི་ཕྱོགས་བཞིར་འཁོད་པའི་མི་རིགས་གཞན་དག་ལ蛮夷戎(羌)狄(胡)ཞེས་མིའི་གྲལ་ནས་ཕུད་དེ་དུད་འགྲོའི་སར་བཞག་ཚུལ་ཤོག་བུ་དཀར་པོའི་ངོས་སུ་ཡི་གེ་ནག་པོ་བྲིས་ཡོད་ཅིང་། ད་ལྟའི་ངེད་ཅག་ལའང蛮子དང་ཡང་ན蕃子ཡང་ན拙瓜ཞེས“མི་མ་ཡིན”གྱི་ཀླ་ཀློའི་སར་འཇོག་མཁན་བྱེ་བྲག་ཏུ་ག་ཚོད་ཡོད་མི་ཤེས་རུང་། དྲ་ལམ་ནས་མངོན་དུ་དམའ་འབེབས་ཁྱད་གསོད་བྱེད་མཁན་ཡང་རེ་གཉིས་ཙམ་གྱིས་ག་ལ་ཚད༑

དེ་ལྟར་ཡང་། དངོས་ཡོད་གནས་ཚུལ་ནི་དེ་འདྲ་ཞིག་མིན་པ་འདྲ་སྟེ། རྒྱ་ནག་ཤེས་རིག་གི“གཟུངས་གཞུག”ཏུ་གྱུར་པའི་རུའུ་ལུགས་དང་ཧྥ་ལུགས་ནི། མིའི་རང་དབང་དང་ཐོབ་ཐང་འཇོམས་བྱེད་ཀྱི་ཐོ་བ་སྟེ། ཁོ་ཚོ་བྱོལ་སོང་ལྟ་བུའི་བྲན་གཡོག་ཏུ་སྒྱུར་བྱེད་ཀྱི་རིག་གནས་ཤིག་རེད་ཅེས་ཁོ་ཚོའི་ཉེ་རབས་ཀྱི་བསམ་བློ་པར་བསྔགས་པའི་ལུའུ་ཞུན་དང་ཧུའུ་ཧྲི་སོགས་ཀྱིས་དགག་པ་ཚ་ནན་བཏང་ཟིན་ལ། ད་ལྟའི་མཁས་དབང་དུ་བསྟོད་པའི་ཆིན་ཧུའེདང་ཡོན་ཝེ་ཧྲིསོགས་ཀྱིས་ཀྱང་དགག་པ་གཏོང་མུས་ཡིན་པས་སོ། །

“ང་ཚོའི་ལོ་རྒྱུས་གཞན་ལས་རིང་ཞིང་ང་ཚོར་ཤེས་རིག་གཞན་ལས་དར་བས་ང་ཚོ་ནི་དཔལ་ཡོན་པ་སྟེ་གཞན་དག་ཐམས་ཅད་ཀླ་ཀློའོ”ཟེར་ནས། རྒྱུ་མེད་རྐྱེན་མེད་དུ་ང་རྒྱལ་གྱི་ལྒང་བུར་སོང་བའི་སྐྱེ་བོ་དག་ནི། དོན་ལ་མགོ་རུལ་བ་སྣ་ཡིས་མ་ཚོར་བའི་རང་མགོ་རང་གཡོག་མཁན་ཤ་སྟག་གོ །མཐར་གཏུགས་ན། དཔལ་ཡོན་དང་ཀླ་ཀློའི་ཁྱད་པར་འབྱེད་ཆོས་ནི་དམངས་གཙོ་སྟེ། སྤྱི་པའི་དོན་བྱ་རྣམས་མང་ཕྱོགས་ཀྱིས་ཐག་གཅོད་ཅིང་། མིའི་ཐོབ་ཐང་ལ་ཁྲིམས་ཀྱིས་སྲུང་ཞིང་སྐྱོབ་པའོ། །དེ་ལྟར་བས་ན། མི་ཉིད་བྲན་དུ་སྒྱུར་བའི་རིག་གནས་ནི་སྨྱོན་པའི་ལག་གི་རལ་གྲི་བཞིན་ཡོད་པ་ལས་མེད་ན་དགའ་བ་སྨོས་མ་དགོས༑ ཅིའི་ཕྱིར་ཞེ་ན། མི་ལོ་ལྔ་སྟོང་སོང་ཟིན་ཟེར་བའི་རྒྱ་ནག་གི་ལོ་རྒྱུས་ནི། “ནམ་མཁས་གར་ཁྱབ་རྒྱལ་པོའི་མངའ་རིས། སྤྱི་བོ་གནམ་བསྟན་རྒྱལ་པོའི་ཆབ་འབངས”ཡིན་དགོས་ཤིང་། “རྗེ་བོས་འཆི་དགོས་ཟེར་ན། བློན་འབངས་མི་འཆི་ཀ་མེད”ཡིན་པ་དང་། “གོང་མ་བདག་པོ་ཆེན་པོ”ཞེས་སྒེར་གཅོད་པས་མི་དམངས་བྲན་གཡོག་ཏུ་བཀོལ་བའི་འཇིགས་རུང་གི་བྱུང་རབས་རིང་མོ་ཞིག་ཡིན་ཚུལ་ཁོ་ཚོའི་ལོ་རྒྱུས་སྨྲ་བ་པོ་མི་ཉུང་བས་ཁས་བླངས་ཡོད་པ་ལྟར་རོ། །

ཚུལ་དེ་དང་རྦད་དེ་མི་འདྲ་བ་ཞིག་ནི་བརྒྱ་ལོ་སྔོན་མའི་ལོ་རབས་ལྔ་བཅུ་པའི་སྔ་ལོགས་སུ། མདོ་ཁམས་ཀྱི་བོད་པ་ཕལ་མོ་ཆེ། རང་ས་རང་ཡུལ་གྱི་བླ་ཆེན་ཞིག་དང་དཔོན་པོའམ་རྒྱལ་པོ་ཟེར་བ་གཉིས་ཀྱི་དབང་སྒྱུར་འོག་བསྡད་ཡོད་ཅིང་། ཆོས་དང་འཇིག་རྟེན་གྱི་དབང་ཆ་སོ་སོར་དུམ་བུ་གཉིས་སུ་དབྱེ་གསེས་བཏང་ཡོད་སྟབས། མིའི་ཐོབ་ཐང་ལ་དབང་ཆ་གཅིག་བསྡུས་ཀྱི་གོང་མ་ཞིག་གི་འོག་གནས་པ་ལྟ་བུའི་རྡོག་བརྫིས་ཐེབས་མེད་ཚུལ་ནི། དཔོན་གཅིག་གི་མངའ་འོག་ཏུ་སྡོད་མ་ཚུགས་ཚེ་གཞན་ཞིག་གི་ཆབ་འོག་ཏུ་འཛུལ་ཆོག་པ་དང་། ཁོ་ཅག་ཚང་མར་མཚོན་འཁྱེར་ཐོབ་ཐང་ཡོད་པ་དག་ལས་མཐོང་ནུས༑

དེའི་ཆ་ནས་དགའ་ལྡན་ཕོ་བྲང་གི་དབང་འོག་ཏུ་ཡོད་པའི་དབུས་གཙང་སོགས་ཀྱི་གནས་ཚུལ་ནི་མདོ་ཁམས་དང་བསྡུར་ན་ཅུང་ཟད་སྡུག་རུང་། ཆོས་ལྡན་ཞིང་དུ་འབོད་པའི་ཡུལ་གྲུ་དེ་རུའང་སྲོག་ཁྲིམས་མེད་ཚོད་དང་། སྲིད་ཀྱི་ལྟེ་གནས་སུ་གྱུར་པའི་ལྷ་ས་རུ། ཞོལ་བཙོན་ཁང་དང་སྣང་རྩེ་ཤག་ལྟ་བུའི་བཙོན་ཁང་ཡང་རེ་འགའ་ལས་མེད་ཚོད༑ དེ་ལས། གནས་འདིའི་མི་དམངས་ལའང་རང་དབང་དང་ཐོབ་ཐང་ཡོངས་སུ་བྲལ་བ་ཞིག་མིན་པར་སྣང་སྟེ། བཙོན་ཁང་གི་གྲངས་ཀས་རང་དབང་གི་མང་ཉུང་མཚོན་ཞེས་པ། འཛམ་གླིང་ཤར་ནུབ་ཀྱི་མཁས་བླུན་མང་པོའི་ཁྲོད་རླུང་ལྟར་གྲགས་པས་སོ། །

དེར་མ་ཟད། བོད་མི་རྣམས་ཀྱིས་གང་ལ་དད་པ་འཇོག་སའི་ཆོས་ཀྱི་སྟོན་པ་ནི་སྟོན་པ་གཞན་དང་མི་འདྲ་བ་ཞིག་སྟེ། ཁོང་གིས“ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན”ཞེས་དང་། “རིགས་གཅེས་པ་མ་ཡིན། རུས་གཅེས་པ་མ་ཡིན། སྒྲུབ་པ་གཅེས་པ་ཡིན་ནོ”ཞེས་དང་། “ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས”ཞེས་གསུངས་ཡོད༑ གསུང་དེ་དག་རང་དབང་དང་འདྲ་མཉམ་ལ་མི་འགལ་ཞིང་། ཕྱིས་སུ་དཔལ་ནཱ་ལེནྡྲའི་པཎ་ཆེན་མང་པོའི་ཤེས་རབ་ཀྱི་རྩལ་ལས། ཆོས་དེ་ལྟ་གྲུབ་ཅན་ཞིག་ཏུ་གྱུར་ཡོད་སྟབས། ད་ལྟའི་བོད་མི་མང་ཤས་ཀྱི་སེམས་ན་རྒྱུ་འབྲས་ཀྱི་རྒྱ་མ་རེ་དང་སྙིང་རྗེ་ཡི་པད་མོ་རེ་ཡོད་དེ། ཁ་ཐོགས་ཚད་ཀྱིས་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་དང་འཚེ་མེད་ཞི་བའི་སྤྱོད་པ་ངོམ་སོར་འཁྱེར༑ རྒྱུ་མཚན་དེའི་དབང་གིས། དམངས་གཙོའི་རྒྱུན་ཤེས་ཁྱབ་གདལ་གཏོང་བར་ཤ་ཐང་དུ་འབད་མཁན་རྒྱ་ནག་པ་དབྱང་ཧེང་ཅུན་གྱི་ངག་ལས་ཀྱང་། “དད་ལྡན་བོད་པ་རྣམས་ཀྱིས་ཟླ་ངོ་གསུམ་ཙམ་གྱི་རིང་དམངས་གཙོའི་འགྲོ་ལུགས་ལ་ངེས་ཤེས་འདྲོངས་རྗེས། ཡུལ་འདིར་དམངས་གཙོའི་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་ཏེ། འཇིག་རྟེན་འདིར་ངོ་མཚར་ལྟད་མོ་གཞན་ཞིག་སྟོན་མི་སྲིད་པ་མིན”ཞེས་ཐལ་བ་རེད༑

དེས་ཀྱང་ག་ལ་ཚད་དེ། བོད་མི་རྣམས་ཀྱིས་རང་དབང་ཐམས་ཅད་བདེ་བ་ཡིན། གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན་ཞེས། རང་དབང་དང་ཐོབ་ཐང་ལ་མཐའ་གཅིག་ཏུ་རྩིས་ཆེན་བྱེད་ཅིང་། གོས་ལྷགས་སྐྱོབ་ཙམ། ཟས་ལྟོ་འགྲངས་ཙམ་ཞེས་དངུལ་དང་དབང་ཆའི་ཕྱིར་དུ། རང་དབང་དང་རྩིས་ཐང་བློས་གཏོང་མཁན་རེ་རེ་གཉིས་གཉིས་ལས་མེད༑ གཞན་ད་དུང་། ཤིང་གིས་ཤིང་བཏེགས་ན་ལྷ་ཁང་དང་གསེར་ཁང་། མི་ཡིས་མི་བཀུར་ན་བླ་མ་དང་དཔོན་པོ་ཟེར་ཞིང་། དེས་ནི། ང་ཚོའི་བླ་མ་མང་ཤས་ཆོས་ཀྱི་སྒྲིགས་སྲོལ་ལྟར་བྱུང་ཞིང་མཁས་བཙུན་བཟང་གསུམ་གཙིགས་ཆེར་འཛིན་ལ། ང་ཚོའི་དཔོན་པོ་མང་ཤས་སྲིད་ཀྱི་འཇོན་ཐང་ལས་ཐོན་ཞིང་དཔའ་སྙོམས་བརྟན་གསུམ་གཙིགས་ཆེར་བྱེད་པ་སྟེ། གོ་གནས་དེ་གཉིས་གང་ཡང་རྒྱ་ནག་ནང་བཞིན“མེ་མདའི་ཁ་ནས་སྲིད་དབང་ཐོབ”པ་ལྟ་བུ་མིན་པ་མཚོན༑

མཐུན་རྐྱེན་དེ་དག་ལྡན་པའི་ཐོག སྔར་མེས་པོ་མཁས་མཛངས་ལྡན་པ་རྣམས་ཀྱིས་སྐབས་དེར་ང་ཚོ་སླེབས་སའི་འཛམ་གླིང་གི་རིག་གནས་ཡག་ཤོས་ཏེ། རྒྱ་གར་ནས་ཆོས་ལུགས་ཇི་ལྟར་ནང་འདྲེན་མཛད་པ་དེ་ལྟར། དེ་རིང་གི་འཇིག་རྟེན་འདིར། ང་ཚོས་ཀྱང་དམངས་གཙོ་ཡག་ཤོས་གང་ཡིན་མ་ནོར་བར་ནང་འདྲེན་གྱིས། ལྷག་བསམ་རྣམ་དག་གི་ངང་ནས་དེ་ལ་སྒོམ་ཞིང་དེ་ཉིད་ཉམས་སུ་བླངས་ན། ངེད་ཅག་ལ་དམངས་གཙོ་མཚན་ཉིད་པ་ཞིག་དར་བར་ཐེ་ཚོམ་ཕྲ་མོ་ཙམ་མི་དགོས!

 

དམངས་གཙོའི་བྱུང་རིམ།

“ང་ཚོའི་ལམ་ལུགས་ལ་དམངས་གཙོའི་ཆབ་སྲིད་ཟེར་དོན་ནི། སྲིད་ཀྱི་དབང་ཆ་སྤྱི་དམངས་ཚང་མར་དབང་བ་ལས་མི་ཉུང་ཤས་ཙམ་ལ་མི་དབང་བར་ཐུག་ཡོད༑ མི་སྒེར་དབར་གྱི་རྩོད་རྙོག་སེལ་སྐབས་ཀྱང་། སྐྱེ་བོ་ཐམས་ཅད་ཁྲིམས་ངོར་འདྲ་མཉམ་ཡིན་ཞིང་། མི་མང་པོའི་ནང་ནས་སྐྱེས་བུ་གཅིག་ལ་སྤྱི་འགན་ལེན་དུ་བཅུག་པ་ནི། མི་དེ་འཇོན་ཐང་ཆེ་བས་ཡིན་པ་ལས་གྲལ་རིམ་མཐོ་བས་གཏན་ནས་མིན༑ … ང་ཚོའི་སྲིད་ཀྱི་འཚོ་བ་ནི་སྦ་གསང་སྦུག་གསུམ་མེད་པའི་ཕྱི་གསལ་ནང་གསལ་ཞིག་ཡིན༑ … སྒེར་གྱི་འཚོ་བའི་ཁྲོད་ང་ཚོ་ནི་རང་དབང་ཅན་དང་སྒམ་དཀྱེལ་ཅན་ཡིན་མོད། སྤྱི་པའི་ལས་སྒོ་རུ་ང་ཚོ་ཚང་མ་བཅའ་ཁྲིམས་ལ་གནས་ཏེ། རྒྱུ་མཚན་ནི། ཁྲིམས་དེ་ང་ཚོས་སེམས་གཏིང་ནས་ཁས་ལེན་པས་ཡིན”༑

མི་སེམས་དབང་མེད་དུ་འགུགས་པའི་གསུང་དེ་ནི། ཕྱི་ལོ་སྔོན་གྱི431ལོར། ཤེས་རབ་ཀྱི་འཇུག་པ་རྣམ་པར་ཡངས་པའི་ཨ་ཐེན་སི་པས་ཐོག་དང་པོར་ཁ་གསལ་དུ་བཀྲལ་བའི་དམངས་གཙོའི་གོ་དོན་རེད༑ དེ་ནི་སྲིད་པ་ས་ལ་ཆགས། བ་སོ་ཁ་རུ་སྐྱེས་པ་ནས། འགྲོ་བ་མིས་རང་ཐག་རང་གིས་བཅད། རང་སྲིད་རང་གིས་བསྐྱངས། གཞན་དབང་སྡུག་བསྔལ་གྱི་རྒྱ་ལས་གྲོལ། རང་དབང་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་ལོ་རྒྱུས་ངོ་མ་སྟེ། ཨ་ཐེན་སི་པ་རྣམས་མི་ལོ་ཉིས་བརྒྱ་ང་དྲུག་གི་རིང་དམངས་གཙོའི་གུར་ཁང་དེ་རུ་བདེ་འབོལ་ལེར་འཚོ་ཞིང་བསྡད༑

དེ་ནས། འགྲོ་བ་མིས་སླར་ཡང་དམངས་གཙོ་མེད་པའི་སྡུག་བསྔལ་གྱི་འཚོ་བ་ཤིན་ཏུ་རིང་པོ་ཞིག་བསྐྱལ་མཐར། དུས་ཀྱི་བགྲོད་པ་ཕྱི་ལོ1581ལོར་སླེབས་པ་དང་། ཡོ་རོབ་ནུབ་མར། ཧོ་ལན་མི་དམངས་ཀྱིས་ལོ་ངོ་ཉི་ཤུ་ལྷག་གི་རིང་། སི་ཕེན་གྱི་མི་སེར་སྤེལ་བའི་དབང་སྒྱུར་ལ་དཔའ་ངར་ཞུམ་མེད་ཀྱིས་རྒོལ་བའི་འབྲས་རྟགས་སུ། རང་བཙན་གཙང་མ་ཐོབ་སྟེ་ཧོ་ལན་སྤྱི་མཐུན་རྒྱལ་ཁབ་འཛུགས་ཐུབ་པ་བྱུང༑ རྒྱལ་ཁབ་དེར་ཡན་ལག་ཚང་བའི་དམངས་གཙོ་ཞིག་བསྟར་ཐུབ་མེད་ནའང་། དེང་རབས་དམངས་གཙོའི་ལམ་ལུགས་ཀྱི་རྣམ་པ་ཙམ་ཐོན་ཡོད༑ ཐོན་ནས་ཀྱང་ཕྱིས་ཀྱི་མི་ལོ་བརྒྱ་ཕྲག་གཅིག་གི་རིང་། རྒྱལ་ཁབ་དེ་ཉིད་སྐབས་དེའི་འཛམ་གླིང་དུ་གྲུ་གཟིངས་བཟོ་བའི་ལས། འཁེལ་འཐག་གི་ལས། དཔར་སྐྲུན་གྱི་ལས་བཅས་རྒྱ་ཆེ་ཤོས་དང་། མཚོ་ཐོག་གི་ཉོ་ཚོང་རྒྱ་ཆེ་ཤོས་ཆགས་ཏེ། སོ་སོར་མངའ་བའི་མ་རྩའི་གྲངས་འབོར་ནི་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་དག་ཚང་མའི་སྤྱི་འབོར་ལས་ཀྱང་མང་བར་གྱུར་ཅིང་། དེ་དང་ཕྱོགས་མཚུངས་སུ། རང་དབང་དང་དཀྱེལ་ཡངས་གཞན་དག་ཀུན་ལས་ཆེ་ལ། ཚན་རིག་དང་རིག་གནས་ཀྱང་གཞན་དག་ཀུན་ལས་དར་ཏེ། འཛམ་བུ་གླིང་དུ་ཆེས་སྔོན་ཐོན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར༑

དབྱིན་ཇིར་མ་གཞི་ནས་རང་དབང་རྩོད་ལེན་གྱི་སྲོལ་རྒྱུན་ཧ་ཅང་རིང་པོ་ཡོད་དེ། ཕྱི་ལོ1215ལོར་རྒྱལ་པོའི་དབང་ཆར་ཚད་འཛིན་ལ་དམིགས་པའི་<<ཁྲིམས་རྩ་ཆེན་མོ>>བཟོས་ཤིང་། ཕྱི་ལོ1265ལོར་སྤྱི་འཐུས་ལྷན་ཚོགས་བཙུགས་ལ། ཕྱི་ལོ1640ལོར་ཕིའུ་རི་ཋནགྱི་གསར་བརྗེ་བྱུང༑ ཕྱི་ལོ་1688ལོར། གནམ་བདག་ཆོས་ལ་དད་པའི་རྒྱལ་པོ་ཁྲི་འཕང་ལས་མར་འབེབས་ཆེད། རྒྱལ་ཡོངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་པ་གཉིས་ཀྱི་གཙོ་འཛིན་དག་གིས་མི་དམངས་ཀྱི་རང་དབང་དང་གསར་མ་པའི་གྲུབ་མཐའ་སྲུང་སྐྱོབ་བྱེད་མཁན་དུ་ཧོ་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་སྐྱོང་འགན་འཛིན་དབྱིན་ཇིར་གདན་དྲངས༑ ཁོང་གིས་ཐུགས་དགྱེས་པའི་སྒོ་ནས་དང་ལེན་མཛད་དེ། དམག་གྲུ་དྲུག་བརྒྱ་ལྷག་ཏུ་དམག་མི་ཆིག་ཁྲི་ཉིས་སྟོང་གི་དཔུང་ལ་ཁ་ལོ་སྒྱུར་བཞིན་བྱང་མཚོ་འཕྲེད་ཀྱིས་བཅད་ནས་ཐོན་འོང་བ་ལ། འགོག་རྒོལ་ཕྲ་མོ་ཙམ་མ་བྱུང་བར་རྒྱལ་ས་ལོན་ཌོན་དུ་བདེ་བར་བརྟོལ༑ དེ་ནས། “རྒྱལ་པོས་རང་སྣང་གང་དྲན་མཛད་མི་ཆོག་པར། སྤྱི་ལྷན་གྱི་གྲོས་ཆོད་དང་ལྟ་སྐུལ་ངེས་པར་དང་ལེན་གནང་དགོས”ཞེས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་དགོས་འདུན་ཞལ་གྱིས་བཞེས་རྗེས། ད་གཟོད་ཁོང་ཉིད་དབྱིན་ཇིའི་རྒྱལ་པོར་མངའ་གསོལ༑ བྱུང་རབས་སུ། དེ་ལ“གཟི་བརྗིད་ལྡན་པའི་གསར་བརྗེར”གྲགས་ཤིང་། གསར་བརྗེ་དེས“ཁྲིམས་བརྩི་རྗེ་བོའི་ལམ་ལུགས”དང་དེང་རབས་དམངས་གཙོའི་ལམ་ལུགས་གཙོ་བོ་ཞིག་སྟེ། “སྤྱི་ལྷན་ལམ་ལུགས”གཉིས་སྔར་མེད་གསར་དུ་བཏོད༑

གཟི་བརྗིད་ལྡན་པའི་གསར་བརྗེ་དེ་ལ་ཧོ་ལན་སྤྱི་མཐུན་རྒྱལ་ཁབ་དམངས་གཙོའི་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་པ་བདེན་མོད་ཀྱི། འཇོན-ལོ་ཀའི་རང་དབང་དང་དམངས་གཙོའི་དགོངས་པའང་། གསར་བརྗེ་དེར་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་ཡོད་པ་མངོན་གསལ་དོད་པོ་རེད༑ དེར་མ་ཟད། ཕྱིས་ཀྱི་ཕྱི་ལོ1776ལོའི་ཨ་རིའི<<རང་བཙན་བསྒྲགས་གཏམ>>དང་། ཕྱི་ལོ1787ལོའི་ཨ་རིའི་<<རྩ་ཁྲིམས>>གཉིས་སུ། ཁོང་གི་དགོངས་པའི་སྙིང་བཅུད་དུ་གྱུར་པའི་ཐོབ་ཐང་ཆེན་པོ་གསུམ་གྲ་མ་ཆག་གྲུ་མ་ཉམས་པར་འཁོད་ཡོད་ཅིང་། དེ་ལ་སོགས་པར་བརྟེན་ནས། ཨ་མེ་རི་ཀས་ཉེ་རབས་ཀྱི་དམངས་གཙོའི་ལམ་ལུགས་འཐུས་ཚང་ཤོས་ཤིག་འཛུགས་ཐུབ་པ་བྱུང༑ ཕྱི་ལོ1787ནས་ལོ་ངོ་བཅུ་གསུམ་འགོར་རྗེས་ཀྱི་ཧྥ་རན་སིའི་གསར་བརྗེ་ནི། གཙོ་བོ། ལོ་ཀའི་ཤན་ཤུགས་ཆེན་པོ་ཐེབས་མཁན་ཏེ། ཝོལ་ཋེརདང་མོན་ཊེ་སི་ཀུའེ་ཡུགཉིས་སྲོག་ཤིང་ཡིན་པའི་བློ་འབྱེད་ལས་འགུལ་གྱི་དང་ཨ་རིའི་གསར་བརྗེའི་ཤུགས་རྐྱེན་ལས་བྱུང་བ་བསྙོན་དུ་མེད༑

ལོ་ཀ་ནི་དེང་རབས་དམངས་གཙོའི་གཞུང་ལུགས་ཀྱི་ཤིང་རྟ་ཆེན་པོ་ཡིན།

ལོ་ཀ་ནི་ཇི་སྐད་དུ། “ནུབ་གླིང(ནང་སྒོས་སུ་ཨ་རི)གི་གཙོ་ཤུགས་སུ་གྱུར་པའི་མཚན་ཉིད་རིག་པ་དང་ཆབ་སྲིད་སྲོལ་རྒྱུན་གྱི་ཤིང་རྟའི་སྲོལ་འབྱེད་ཡིན”་ཞེས་དབྱིན་ཇིའི་མཁས་དབང་བྷར་ལིནགྱིས་གསུངས་པ་དོན་ལ་གནས་ཏེ། གཟི་བརྗིད་ལྡན་པའི་གསར་བརྗེ་མ་བྱུང་གོང་གི་ལོ་བདུན་ནམ་དགུའི་སྔོན་ནས། ཁོང་གིས<<སྲིད་གཞུང་གི་རྣམ་བཤད>>བརྩམསགྲུབ་ཡོད་ཅིང་། རྒྱུན་ཤེས་དང་ཉམས་མྱོང་། ཕུགས་འདུན་དང་རེ་ལྟོས་གཞི་གཅིག་ཏུ་དྲིལ་ནས། དེང་རབས་དམངས་གཙོའི་ཆབ་སྲིད་ཐད། དོན་གྱི་གནད་ཐོན་ཞིང་རྒྱུ་མཚན་ཁུངས་ཐུབ་པའི་གཞུང་ལུགས་དང་མི་ལ་ཕན་ཐོགས་ཤིང་ལག་ལེན་བསྟར་ནུས་པའི་འཆར་བཀོད་བཏོན་ཡོད༑

དེ་ཡང་། མི་ཐམས་ཅད་འདྲ་མཉམ་ཡིན་ཞིང་། སུས་ཀྱང་གཞན་གྱི་ལུས་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་ཀྱི་ཐོབ་ཐང་ལ་བཙན་གནོད་མི་ཆོག་ཅེས་པ་དང་། གཞན་གྱི་ཚད་འཛིན་མི་ཐེབས་པ་དང་གཞན་གྱི་བརྙས་བཅོས་མི་ཕོག་པ་ལ་རང་དབང་ཟེར་ཞིང་། བཅའ་ཁྲིམས་མེད་ཙ་ན། ཚད་འཛིན་མི་ཐེབས་པ་དང་བརྙས་བཅོས་མི་ཕོག་པ་མི་སྲིད་སྟབས། རང་དབང་ཆེ་རུ་སྐྱེད་པ་དང་རང་དབང་སྲུང་ཞིང་སྐྱོབ་པར་བཅའ་ཁྲིམས་དགོས་ཏེ། བཅའ་ཁྲིམས་མེད་ན་རང་དབང་ཤོར་འགྲོ་བ་ཡིན་ཞེས་པ་དང་། ཁྲིམས་འཛིན་དབང་ཆ་དང་འཛིན་སྐྱོང་དབང་ཆ་སོ་སོར་དབྱེ་དགོས་ཤིང་། རང་དབང་ལ་རྡོག་རོལ་གཏོང་མཁན་དབང་འཛིན་མཁན་སྲིད་གཞུང་དང་བཅས། མགོ་རྟིང་བསློགས་ནས་རང་དབང་སྲུང་སྐྱོབ་ཀྱི་ཐོབ་ཐང་མི་རེ་རེར་རང་ཆས་སུ་ཡོད་ཅེས་པ་སོགས་པ་ནི་<<སྲིད་གཞུང་གི་རྣམ་བཤད>>ཀྱི་ནང་དོན་གཙོ་བོ་སྟེ། མདོར་ན། མི་སྒེར་གྱི་ཐོབ་ཐང་ལ་འགན་སྲུང་ཡོད་པར་བྱ་བ་ཉིད་ཁོང་གི་ཆབ་སྲིད་ལྟ་གྲུབ་ཀྱི་སྲོག་སྙིང་དུ་བཞུགས་ཡོད༑

ཕྱི་ལོ1726ལོར། ཝོལ་ཋེར་དབྱིན་ཇིར་ཕེབས་ནས་ལོ་གསུམ་ལ་བཞུགས་ཤིང་། ལོ་ཀའི་གསུང་རྩོམ་གྱིས་ཡིད་ཀྱི་བརྟན་པ་ཅིག་ཅར་ཕྲོགས༑ ཕྱི་ལོ་1729ལོར། མོན་ཊེ་སི་ཀུའེ་ཡུ་དབྱིན་ཇིར་ཕེབས་ནས་ལོ་གཉིས་ཀྱི་རྟོག་ཞིབ་གྲུབ་རྗེས། དེ་གའི་ཆབ་སྲིད་ལམ་ལུགས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་<<ཁྲིམས་ཀྱི་དགོངས་པ>>བརྩམས༑ <<ཁྲིམས་ཀྱི་དགོངས་པ>>ཞེས་པར་དམངས་གཙོའི་གཞུང་ལུགས་ལ་མེད་མི་རུང་བའི་གཞི་རྩའི་རྩ་དོན་ཞིག་སྟེ། དབང་ཆ་རིལ་བོ་གཅིག་ཁྲིམས་བཟོ་དབང་ཆ་དང་། འཛིན་སྐྱོང་དབང་ཆ། ཁྲིམས་འཛིན་དབང་ཆ་བཅས་དུམ་བུ་གསུམ་དུ་དབྱེ་གསེས་ཀྱིས། དབང་ཕན་ཚུན་གཅིག་ལ་གཅིག་གཅུན་འདོམས་ཀྱི་ལྟ་བ་གསར་དུ་བཏོན༑ ཁོང་རྣམ་པ་གཉིས་ཕྱིར་ལོག་རྗེས། ལོ་ཀའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཉིའུ་ཋོནགྱི་ཚན་རིག་གི་ལྟ་དགོངས་རྒྱ་ཆེར་སྤེལ་ཏེ། ཡོ་རོབ་བློ་འབྱེད་ལས་འགུལ་གྱི་སྒོ་འཕར་ཡངས་པོར་ཕྱེ་ཞིང་། དམངས་གཙོ་དང་རང་དབང་། ཚན་རིག་དང་དཔྱོད་ཤེས་ཁྱབ་གདལ་གཏོང་རྒྱུ་དམིགས་ཡུལ་གཙོ་བོར་བཟུང༑

དེར་མ་ཟད། ལོ་ཀའི་དགོངས་པའི་ཤུགས་རྐྱེན་ཟབ་པའི་རྒྱལ་ཁབ་སྟེ། དབྱིན་ཇི་དང་ཨ་རིས་གཙོས། ཁ་ན་ཌ་དང་། ཨོ་སི་ཐྲ་ལི་ཡ། ནིའུ་ཟེ་ལན་སོགས་སུ། མི་སྒེར་ལ་རང་དབང་དང་ཐོབ་ཐང་ལྡན་ཞིང་། རྒྱལ་ཁབ་མངའ་ཐང་དར་ལ་དུས་བདེ་གནས་འཇམ་ཡིན་པས་མི་ཚད། ཐ་ན་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་མྱོང་བའམ། ཡང་ན་ཨ་རིའི་ཤན་ཤུགས་ཐེབས་ཚད་ཆེ་བའི་ཡུལ་གྲུ་སྟེ། རྒྱ་གར་དང་ཉི་ཧོང་སོགས་སུའང་། མིང་དོན་མཚུངས་པའི་དམངས་གཙོའི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བཞིན་ཡོད་ན། ང་ཚོ་དེ་ལ་མི་འཇུག་གང་ལ་འཇུག!

 

རུ་སོ་ནི་དམངས་གཙོ་རྫུས་མའི་སྒེར་གཅོད་ཆབ་སྲིད་ཀྱི་ལྟ་གྲུབ་སྲོལ་གཏོད་མཁན་ཡིན།

བློ་འབྱེད་ལས་འགུལ་གྱི་དུས་དཀྱིལ་དང་དུས་མཇུག་ཏུ། ཧྥ་རན་སིར་མི་སེམས་དབང་མེད་དུ་འགུགས་པའི་བསམ་བློ་པ་རུ་སོ་ཟེར་བ་ཞིག་བྱུང་ཞིང་། <<སྤྱི་ཚོགས་འབའ་གན་གྱི་རྣམ་བཤད>>ཅེས་པར། ཁོང་གིས“མི་ཐམས་ཅད་སྐྱེས་པ་ཙམ་ནས་རང་དབང་དང་འདྲ་མཉམ་ཡིན”ཞེས་དང་། “རང་ཉིད་ཀྱི་རང་དབང་ཡལ་བར་དོར་བ་ནི། རང་ཉིད་མི་མཚན་ཉིད་པ་ཞིག་བྱ་བའི་འོས་ཐོབ་དོར་བ་སྟེ། མདོར་ན་འགྲོ་བ་མིའི་ཐོབ་ཐང་དོར་བ་ཡིན”ཞེས་དང་། “བདག་དབང་མི་དམངས་ལ་དབང”ཞེས་སྐད་གསང་མཐོན་པོས་བསྒྲགས་ཡོད་ཅིང་། སྐད་ཆ་དེ་དག་གིས་ཕྱི་ལོ1789ལོར་བྷ་སི་ཊིལ་བཙོན་ཁངལ་རྒོལ་མཁན་ཏེ། དམངས་གཙོ་དོན་དུ་གཉེར་བའི་ཧྥ་རན་སིའི་མི་དམངས་ཀྱི་སེམས་ཤུགས་སྤར་ཐུབ་ཡོད༑ དེ་ལྟར་ཡང་ཁོ་པའི་བསམ་བློར་ནང་འགལ་ཆེ་ལ་མི་གཞིའང་ཏག་ཏག་བསྡད་མི་འདུག་སྟེ། བློ་འབྱེད་ལས་འགུལ་ཁྲོད་གཙུག་ཏུ་བཀུར་བའི་དཔྱོད་ཤེས་དང་ཚན་རིག་ལ་དགག་ཅིང་། དེ་དག་གི་ཚབ་ཏུ་བརྩེ་དུང་དང་། ཀུན་སྤྱོད། དད་མོས་བཅས་ཀྱིས་འཐུས་པ་དང་། སྤྱི་ཚོགས་སུ་གནས་པའི་སྡུག་སྡིག་ཡོད་ཚད་དཔྱོད་ཤེས་དང་ཚན་རིག ཡར་ཐོན་སོགས་ཀྱིས་བསྐྱེད་པར་འདོད་སྟབས། ཁོ་ནི་གདོད་མའི་རང་བྱུང་གི་འགྲོ་མིའི་གནས་སྟངས་ལ་ཡིད་སྨོན་འཆོར་མཁན་ཞིག་རེད༑ བལྟས་ཚོད་དུ། འགྲོ་མིའི་ཐོབ་ཐང་འགངས་ཆེན་དུ་འཛིན་པ་ལྟར་སྣང་ཡང་། མི་སྒེར་མང་པོས་སྤྱི་ཚོགས་ཀྱི་འབའ་གན་གཞིར་བྱས་ཏེ་ཐུན་མོང་ཞིག་ཏུ་འཛུལ་སྐབས། “དེར་འཛུལ་མཁན་མི་རེ་རེས་རང་ཉིད་ཀྱི་ཐོབ་ཐང་ཡོངས་རྫོགས་ཐུན་མོང་དེར་བཤུགས་པ་ཡིན”པར་འདོད་ཅིང་། མི་རྣམས་སྤྱི་ལ་ཚོགས་པའི་ཐུན་མོང་དེ་དང་། སྲོག་ལྡན་ཞིག་གི་ལུས་ཕུང་གཉིས་གཞི་མཐུན་དུ་བསྒྲུབས་ནས། སྤྱི་ཚོགས་ཀྱི་ཐུན་མོང་དེར་གཞན་ལ་མི་ལྟོས་པའི་སོ་སོའི་འདོད་མོས་ཤིག་ཡོད་པ“སྤྱི་མོས”ཡིན་པར་འདོད་ལ། “སྤྱི་མོས་མི་འཁུར་མཁན་སུ་ཞིག་ཡིན་རུང་། མི་མང་གིས་བཙན་ཐབས་ཀྱི་ལམ་ནས་མི་དེར་སྤྱི་མོས་འཁུར་དུ་འཇུག་དགོས་ཏེ། དེ་ནི་མི་མང་གིས་བཙན་ཐབས་ཀྱིས་ཁོ་པ་རང་དབང་ཅན་དུ་བཏང་བ་ཏན་ཏན་ཡིན”པར་འདོད༑ རང་དབང་གི་གོ་དོན་དངོས་ལས་ཕྱིན་ཅི་ལོག་པའི་ཁོའི་བསམ་བློ་དེ། ཕྱིས་སུ་འཇར་མན་གྱི་མཚན་ཉིད་རིག་པ་མཁན་ཧེ་གྷལགྱི་སར་སླེབས་ཙ་ན། རང་དབང་ཞེས་པ་ཉེན་རྟོག་པ་འཁུར་བའི་ཐོབ་ཐང་དུ་སོང་ཡོད༑ རུ་སོས་དེ་ལྟར་མི་དམངས་ལ་རང་དབང་ཕྲ་མོ་ཙམ་ཡང་མེད་པར། གཞན་དབང་འབའ་ཞིག་གི་སྒོ་ནས“སྤྱི་མོས”འཁུར་དགོས་པར་སྨྲས་པས། “སྤྱི་མོས”དེས་མིའི་སྒེར་གཤིས་ཤུལ་མེད་བཟོས་ཤིང་མིའི“སྒེར་མོས”བཙན་གྱིས་མནན་རྗེས། “སྤྱི་མོས”མངོན་དུ་བསྒྱུར་བའི་དབང་ཆ“རླབས་ཆེན་གྱི་གཙོ་འཛིན”(མའོ་ཙེ་ཏུང་དང་སི་ཏ་ལིན་ལྟ་བུ)དུ་སྒྲོ་བཏགས་པའི་མི་ཞིག་ལ་སྤྲོད་ཅིང་། དེ་ནས་ཀུན་ཤེས་ཀུན་འཇོན་གྱི“ལྷ”མཐུ་བོ་ཆེ་དེས“སྤྱི་མོས”ལ་ཁ་ལོ་སྒྱུར་བ་སྟེ། དོན་དུ་མིའི་རིགས་ཀྱི་ལས་སྐལ་ལ་ཁ་ལོ་སྒྱུར་བར་བྱེད༑

ཧྥ་རན་སིའི་གསར་བརྗེའི་སྐབས། རུ་སོའི་བསམ་བློ་དེ་ལག་ལེན་དུ་བཏབ་པ་ལས། འཇའ་ཀོ་བྷིནགྱི་སྲིད་དབང་སྒེར་འཛིན་བྱུང་ཞིང་། དུས་ཡུན་ཐུང་ངུ་ལོ་ངོ་གཅིག་ཙམ་གྱི་ནང་། རྫས་འགྱུར་རིག་པ་མཁན་ལཱ་ཝོ་ཟི་ཡརདང་། གསར་བརྗེའི་མགོ་འདྲེན་ཌན་ཋོནསོགས་ཚུད་པའི་སྐྱེ་བོ་སྟོང་ཕྲག་བཞི་ཕྱི་མའི་ཡུལ་དུ་བརྫངས་ལ། སྲིད་དབང་སྒེར་འཛིན་དེས་ཤུལ་དུ་བཞག་པ་ནི། མི་རྣམས་སྐྱི་གཡའ་བར་བྱེད་པའི“མགོ་འབྲེག་སྟེགས་བུ”ཡིན༑

དེ་ནས་དུས་ཀྱི་བགྲོད་པ་བརྒྱ་ལོ་ཉི་ཤུ་པར་སླེབས་པ་དང་། རུ་སོའི་ཆབ་སྲིད་ཀྱི་གཞུང་ལུགས་དེ་སྒེར་གཅོད་ལམ་ལུགས་ཀྱི་ཐལ་མཐའ་སྟེ། དབང་མཐའ་རིང་ལུགས་སུ་འཕོ་འགྱུར་བྱུང་ནས། ཨུ་རུ་སུ་དམར་པོའི་རྒྱལ་ཁབ་སོགས་སུ་ལག་ལེན་བསྟར་བ་ལས། ཉེས་མེད་སྐྱེ་བོ་བྱེ་བ་མང་པོའི་རིན་ཆེན་ཚེ་སྲོག་བྱེ་མའི་རླུང་ལ་བསྐུར༑

དངོས་ཚུལ་དེ་དག་ལ་བརྟེན་ནས་མཚན་ཉིད་རིག་པ་མཁན་ར་སལ་གྱིས<<ནུབ་ཕྱོགས་མཚན་ཉིད་རིག་པའི་བྱུང་བ>>ཞེས་པའི་ནང་དུ། རུ་སོའི་ལྟ་གྲུབ་ཏུ། “དམངས་གཙོ་ལ་མིད་པ་ཡན་ཆད་ཀྱི་བསྟོད་ར་འཐེན་ཡོད་རུང་། དོན་དུ། དབང་མཐའ་རིང་ལུགས་ཀྱི་རྒྱལ་ཁབ་ལ་དག་འབུད་བྱེད་པའི་ཕྱོགས་སུ་ལྷུང་ཡོད”སྟབས། ཁོ་པ་ནི“དམངས་གཙོ་རྫུས་མའི་སྒེར་གཅོད་ཀྱི་ཆབ་སྲིད་ལྟ་གྲུབ་སྲོལ་གཏོད་མཁན་ཡིན”ཞེས་གསུངས་པ་གཟུ་བོར་གནས་པའི་གཏམ་ཤ་སྟག་ཏུ་འཁུམས་སོ། ། དེ་ལྟ་བས་ན། ཁ་ཞེ་གཉིས་མེད་ཀྱིས་དམངས་གཙོ་དོན་གཉེར་མཁན་ཞིག་ཡིན་ཚེ། དོན་འདི་ལ་མི་གཟབ་གང་ལ་གཟབ!

མིང་དོན་མཚུངས་པའི་དམངས་གཙོ།

རང་དབང་དང་དམངས་གཙོ་ལ་མི་དགའ་བའི་མི་རིགས་ཤིག་གང་སར་བཙལ་རུང་ཉིན་མོའི་སྐར་མ་བཞིན་རྙེད་དཀའ་བ་མིའི་རང་བཞིན་ཉིད་ཀྱིས་ཐག་བཅད་ཡོད༑ དེ་ལྟར་ཡང་། དམངས་གཙོ་གཤའ་མ་ཚུགས་ཡོད་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་སུམ་ཆའི་གཅིག་ཙམ་ཡང་ཟིན་དཀའ་ཚོད༑ ནང་སྒོས་སུ་བདག་ཅག་འཚོ་ཞིང་སྡོད་སའི་ཨེ་ཤ་ཡ་གླིང་ལ་མཚོན་ན། རྒྱ་གར་དང་ཉི་ཧོང་གཉིས་ཕུད་པའི་ཡུལ་ལུང་གཞན་དག་ཏུ། མི་རིགས་མང་ཤོས་སྒེར་གཅོད་དང་། དེ་བྱིངས་ཚང་མ་དམངས་གཙོ་ཙམ་པོ་བ་སྟེ། ཕྱེད་སྒེར་གཅོད་ཀྱི་སྡུག་བསྔལ་འོག་ཏུ་མི་འདོད་བཞིན་གནས་བསྡད་ཡོད༑

མི་མང་ཆེ་ཤོས་རང་དབང་དང་དམངས་གཙོ་ལ་དགའ་བཞིན་དུ། ད་དུང་གཞན་དབང་དང་སྒེར་གཅོད་འོག་ཏུ་སྡོད་དགོས་དོན་ཅི་ཡིན་ནམ? རྒྱུ་མ་ཕུ་འདེད་བྱས་ན། མི་རིགས་སམ་རྒྱལ་ཁབ་དེའི་རིག་གནས་དང་སྲོལ་རྒྱུན་ལ་འབྲེལ་བ་ངེས་ཅན་རེ་ཡོད་སྲིད་མོད། གཙོ་བོའི་ནང་གི་གཙོ་བོ། མི་རིགས་དེའི་ཤེས་ལྡན་པས་དམངས་གཙོའི་གཞུང་ལུགས་ཚུར་ལེན་སྐབས། འཇོན-ལོ་ཀ་དང་། ཌ་ཝིད-ཧུམ་དང་། ཨ་ཌམ-སི་མེ་ས་སོགས་ཀྱི་མི་སྒེར་རིང་ལུགས་སྲོག་ཏུ་འཛིན་པའི་དབྱིན་ཨའི(དབྱིན་ཇི་དང་ཨ་རི)ཀུན་སྨན་བསམ་བློ་ནང་འདྲེན་མ་བྱས་པར། རུ་སོ་རྗེས་འབྲངས་དང་བཅས་པའི་སྤྱིའམ་ཐུན་མོང་སྟེ། མི་རིགས་སམ་རྒྱལ་ཁབ་ཀྱི་ཕྱིར་དུ། མི་སྒེར་གྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ། མཆིལ་ལུད་བཞིན་བློས་གཏོང་བའི“རིལ་གཅིག་རིང་ལུགས”ཀྱི་ཀུན་གནོད་བསམ་བློ་ནང་འདྲེན་བྱས་པས་ལན༑

དེ་ལྟར་སོང་གཤིས། བདག་ཅག་ལྟ་བུའི་མི་རིགས་ཤིག་སྟེ། དམངས་གཙོའི་ལྟ་དགོངས་སྤྱོད་གསུམ་ལ་སྒོམ་པ་ཉམས་ལེན་གྱི་མགོ་རྩོམ་མཁན་ཞིག་ལ་མཚོན་ན། མི་དང་སྲིན་པོའི་ཁྱད་པར་དབྱེ་ཤེས་དགོས་པ་ལྟར། དམངས་གཙོ་རྫུས་མ་དང་དམངས་གཙོ་གཤའ་མའི་ཁྱད་པར་ཡང་དབྱེ་ཤེས་དགོས་ཏེ། གཞན་དུ་ན། དམངས་གཙོ་རྫུས་མ་ནི་སྲིན་པོ་མིར་བརྫུས་ཀྱིས་འཛུལ་ཡོང་ཞིང་། བདག་ཅག་དེའི་གཡོ་འོག་ཏུ་ཚུད་ནས་དེའི་མནར་གཅོད་མྱོང་མི་སྲིད་པ་མིན༑

འོ་ན། མིང་དོན་མཚུངས་པའི་དམངས་གཙོ་ནི་གང་འདྲ་ཞིག་ཡིན་ནམ་ཞེ་ན།

གཅིག མི་ཐམས་ཅད་སྐྱེས་པ་ཙམ་ནས་འདྲ་མཉམ་ཡིན་ཞིང་། སྤྱི་དམངས་རེ་རེར་གཞན་གྱིས་རང་ལ་བཙན་གནོད་མི་ཆོག་ལ་རང་གིས་ཀྱང་གཞན་ལ་བཤུག་སྤྲོད་མི་རུང་བའི་ཐོབ་ཐང་སྟེ། མིའི་བླ་ན་མེད་པའི་ཐོབ་ཐང་ཡོད་ཅིང་། སྤྱི་དམངས་ནི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པ་ལས་དབང་ཤེད་ཅན་གང་རུང(སྐྱེས་བུ་གཞན་ནམ་དབང་དང་འབྱོར་བ་ཅན་གྱི་རུ་ཚོགས)གི་ཆབ་འབངས་སམ་བྲན་གཡོག་མིན་པ་ལ། སྲིད་གཞུང་ངམ་རྒྱལ་ཁབ་ཀྱི་ཁས་ལེན་སོས་ཐེག་ཡོད་དགོས༑

གཉིས། “བདག་དབང་མི་དམངས་ལ་དབང་བའི”རྩ་དོན་ལྟར། མང་ཕྱོགས་ཀྱིས་ཐག་གཅོད་པའི་ལམ་ནས་སྤྱི་དམངས་ཡོད་དོ་ཅོག་གིས་དབང་ལུང་སྒྱུར་བ་སྟེ། གནས་སྟངས་གང་འདྲ་ཞིག་ཏུའང་། མང་ཤོས་ཀྱི་གྲས་སུ་མ་འཛུལ་བའི་སྤྱི་དམངས་ཉུང་ཤས་ཚོར་སྤྱི་དམངས་ཀྱི་ཐོབ་ཐང་ཁག་སྔར་མུས་སུ་ལོངས་སྤྱོད་དུ་ཡོད་པ་སྟེ། སུ་དང་གང་གིས་ཀྱང་དེ་དག་འཕྲོག་བཅོམ་མི་ཆོག་པ་ལ། སྲིད་གཞུང་ངམ་རྒྱལ་ཁབ་ཀྱི་ཁས་ལེན་སོས་ཐེག་ཡོད་དགོས༑

གསུམ། རང་དབང་ལྡན་པའི་སྤྱི་དམངས་རྣམས་ཀྱི་མོས་མཐུན་གཞིར་བཞག་གི་ལམ་ནས་མ་གཏོགས། དྲག་སྦྱོར་རམ་གཞན་དབང་ངམ་ཁྲིམས་འགལ་བཅས་ཀྱི་ལམ་ནས་དབང་ལུང་བསྒྱུར་མི་ཆོག༑ དེ་ལྟར་བྱུང་ཚེ། དུས་ཡུན་ངེས་བཅད་ཀྱི་འོས་བསྡུའི་ཁྲོད་རང་དབང་ལྡན་པའི་འོས་འགྲན་བརྒྱུད་ནས་ཉུང་ཕྱོགས་པ་མང་ཕྱོགས་པར་འགྱུར་བ་ཡོད་ལ། དེ་བཞིན་དུ་མང་ཕྱོགས་པ་ཉུང་ཕྱོགས་པར་འགྱུར་བའང་ཡོད་དེ། དེ་དག་གང་ཡང་འདེམས་དམངས་ཀྱི་འདོད་འདུན་ལ་རག་ལས་པའི་ཕྱིར་རོ། །

བཞི། སྲིད་གཞུང་གི་དཔོན་རིགས་དང་མི་དམངས་ཀྱི་འཐུས་ཚབ(སྤྱི་འཐུས)ཡིན་ཚད། མི་དམངས་ལ་ཞབས་འདེགས་བསྒྲུབ་པའི་སྲི་ཞུ་པ་སྟེ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལྟ་སྐུལ་འོག་སྡོད་དགོས་ལ། སྲིད་གཞུང་གི་མགོ་གཙོ་དང་མི་དམངས་ཀྱི་འཐུས་ཚབ་ཚང་མ་སྤྱི་དམངས་ཀྱི་འོས་འདེམས་ལས་ཐོན་དགོས་པར་མ་ཟད། ཁོ་ཚོས་སོ་སོ་འདེམས་མཁན་མི་དམངས་ལ་མཐའ་གཅིག་ཏུ་འགན་འཁུར་དགོས་ཤིང་། འགན་འཛོལ་དང་ལེ་ཐོགས་ཀྱིས་མཚོན་པའི་འགན་མ་ཐེག་མཁན་བྱུང་ཚེ། དུས་ཐོག་ཏུ་ཁྲིམས་ཀྱི་འགྲོ་རིམ་ལྟར་དཔོན་གནས་མེད་པར་བཟོས་ཆོག༑

གོང་འཁོད་དེ་དག་ནི། དམངས་གཙོའི་གཞུང་ལུགས་ཀྱི་ནང་དོན་གཙོ་བོ་བཞི་ཡིན༑ ཡང་། དམངས་གཙོ་དོན་ལྡན་དུ་འགྱུར་བར་མཐུན་རྐྱེན་བཞི་ཚང་དགོས་པ་གཤམ་གསལ།

སྤྱི་དམངས་ལ་གཏམ་བརྗོད་དང་དཔེ་སྐྲུན་དང་གསར་འགོད་བཅས་ཀྱི་རང་དབང་གཙང་མ་ལྡན་ཞིང་། ཁོ་ཅག་གིས་ཆབ་སྲིད་ཐད་ལྟ་ཚུལ་སྣ་ཚོགས་འདོན་ཆོག་པ་དང་མགོ་ཁྲིད་ལ་སྐྱོན་བརྗོད་ཚ་ནན་བྱེད་ཆོག་ལ། ལྟ་ཚུལ་བཏོན་པ་དང་སྐྱོན་བརྗོད་བྱས་རྐྱེན་གྱིས་ཁོ་ཚོར་བཀྱོན་འབེབས་མི་ཡོང་ལ་འཁོན་ཡང་སློག་མི་ཡོང་བ་སྟེ། བཤད་པའི་གཏམ་དང་བྲིས་པའི་ཡི་གེའི་དབང་གིས་མི་ལ་ཉེས་ཆད་གཅོད་པ་མཇུག་གྲིལ་བ་དང་། གསར་འགྱུར་དང་དཔེ་སྐྲུན་ལ་ཞིབ་བཤེར་མཚམས་བཞག་པ་དང་གཅིག མིའི་དབང་སྒྱུར་གྱི་སྒོ་རྦད་དེ་བསྡམས་ནས། ཁྲིམས་ཀྱི་དབང་སྒྱུར་ནན་ཏན་དུ་བསྟར་བ་སྟེ། མིའི་དབང་སྒྱུར་དང་ཁྲིམས་ཚབ་དབང་ཆས་བྱེད་པའི་ལོ་རྒྱུས་ནི་མིང་གི་ལྷག་མར་གྱུར་པ་དང་གཉིས། ཚད་འཛིན་མེད་པའི་དབང་ཆ་གཏན་དུ་འགོག་པའི་ཕྱིར་དབང་ཕན་ཚུན་གཅིག་ལ་གཅིག་གཅུན་འདོམས་བྱེད་པ་ཁ་མིན་དོན་གྱིས་བསྟར་བ་སྟེ། སྒེར་གཅོད་ཀྱི་དབང་སྒྱུར་འབྱུང་བའི་རྩ་བ་དྲུངས་ནས་ཕྱུང་བ་དང་གསུམ། དམག་དཔུང་གིས་སྲིད་ལ་ཇུས་གཏོགས་ཡོངས་སུ་བཀག་ནས། དྲག་པོའི་དཔུང་གིས་ཞི་བའི་སྲིད་གཞུང་གི་མགོ་གཙོའི་བཀའ་ལུང་སྤྱི་བོར་ལེན་པ་སྟེ། དམག་མིས་སྲིད་འགྱུར་སློང་བའི་རྒྱུ་རྐྱེན་རྩ་གཅོད་ཀྱིས། དམག་རྒྱལ་རིང་ལུགས་དང་དམག་མིའི་སྲིད་གཞུང་ཡོང་རེ་མེད་པ་བཟོ་བ་དང་བཞིའོ། །

མིང་དོན་མཚུངས་པའི་དམངས་གཙོ་ལ། གོང་སྨོས་དོན་ཚན་བརྒྱད་ལས་གཅིག་ཀྱང་མེད་མི་རུང༑ མདོར་ན། དམངས་གཙོ་ནི་རང་དབང་དང་། མིའི་ཐོབ་ཐང་དང་། ཁྲིམས་ཀྱི་དབང་སྒྱུར་བཅས་ཡ་མ་བྲལ་བ་ཞིག་ངེས་པར་ཡིན་དགོས་ཤིང་། ཁྱད་པར་དུ། མིའི་ཐོབ་ཐང་ནི་དམངས་གཙོའི་གཞི་དང་རྩ་བ་ཡིན་པ་སྟེ། ཧྥ་རན་སིའི<<འགྲོ་མིའི་ཐོབ་ཐང་སྐོར་གྱི་བསྒྲགས་གཏམ>>དུ། “མིའི་ཐོབ་ཐང་ལ་རྨོངས་པ་དང་མཐོང་ཆུང་དང་རྡོག་རོལ་བཅས་ནི། མི་མང་སྡུག་བསྔལ་བའི་དང་སྲིད་གཞུང་རུལ་སུངས་ཀྱི་འབྱུང་རྩ་འབའ་ཞིག་ཏུ་གྱུར་ཡོད”ཅེས་འཁོད་པ་ལྟར་རོ། །

 

གལ་སྲིད་དེ་ལས་ཀྱང་ཞིབ་ཙམ་མཁྱེན་འདོད་ན། ཁྱེད་ཀྱིས་གཞུང་དངོས་ཀྱི་རྩོམ་ཡིག་དག་ལ་གཟིགས་རོགས༑

ཕྱི་ལོ2016ལོའི་ཟླ12པའི་ཚེས13ལ།