འདས་སོང་གི་ལོ་རྒྱུས་ཀྱི་གྲལ་གནས་སུ་གོ་ཐོབ་ཤོར་ཞིང་ད་ཡོད་ཀྱི་སྤྱི་ཚོགས་སུ་ཡང་སྔར་བཞིན་གོ་གནས་ཟིན་གྱི་མེད། དེ་ལྟར་ཡང་། བོད་ཀྱི་སྐྱེས་མའི་གནས་བབ་སྐྱོ་མོ་ལ་ཞིབ་འཇུག་གཏིང་ཟབ་གནང་མཁན་ཞིག་ད་ཕན་བྱུང་མེད། རྒྱུ་རྐྱེན་དེ་དག་ལ་སོགས་པའི་དབང་གིས། བོད་སྤྱི་ཚོགས་ཁྲོད་ཀྱི་སྐྱེས་མ་ཚོའི་ནུས་པ་དང་འཇོན་ཐང་སྔོག་འདོན་མ་ཐུབ་པར་ལུས་བསྡད་ཡོད།

བདག་གི«ཐོབ་ཐང་དང་བདེ་ཐང»ཞེས་པའི་དེབ་ཆུང་འདིའི་ནང་། རང་ཚོད་ཀྱིས་དེ་དག་ལ་དབྱེ་ཞིབ་དང་བསམ་གཞིགས། རྒྱུས་ལོན་དང་རྩད་ཞིབ་བྱས་ཡོད་ཅིང་། གཞན་ད་དུང་། བོད་སྤྱི་ཚོགས་ཀྱི་གྲུ་ག་གང་རུང་ན་ལུས་སེམས་སྡུག་ལ་བསྐྱལ་དང་སྐྱེལ་གྱིན་པའི་ཉམ་ཐག་ཨེ་ཛི་ནད་པ་ཁ་ཤས་ཀྱི་ནང་སེམས་ཀྱི་མྱ་ངན་ཇི་མ་ཇི་བཞིན་དུ་ཡིག་ངོར་བཀོད་ཡོད།

མི་སུ་ཞིག་ཡིན་རུང་རང་ཆས་སུ་མངའ་བའི་ཐོབ་ཐང་ལོངས་སྤྱོད་དུ་མེད་པའི་གནས་སྟངས་སུ་མ་མཐའི་སྲོག་འཚོ་བའི་ཐོབ་ཐང་དང་ལུས་པོ་བདེ་ཐང་གི་ཐོབ་ཐང་ལ་ཁག་ཐེག་མེད་པ་སྨོས་མེད་ཡིན་གཤིས། སློབ་གསོ་དང་རྒྱུ་ནོར་དང་ལས་ཞུགས་དང་ཆབ་སྲིད་དང་མཐོ་རིམ་དབང་ཆའི་ཆ་ཤས་ལེན་པའི་ཐོབ་ཐང་སྤྱོད་ཐུབ་པ་ནི་དེ་བས་ཀྱང་ལྟ་ག་ལ་ཞིག་ཨང་།

མ་འོངས་པར་བློ་ཁ་ཕྱོགས་མཁན་གྱི་འུ་ཅག་གི་མི་བུ་ལྷག་བསམ་ཅན་ཞིག་ཡིན་ཚེ། ཕོ་མོ་ལ་མི་ལྟོས་པར་གྲངས་ཀས་མི་རིགས་འདིའི་ཕྱེད་ཀ་ཟིན་པའི་མི་འབོར་དེ་རྗེས་ལུས་ཐེབས་པའི་རྒྱུ་རྐྱེན་ལ། བསམ་གཞིགས་དང་དབྱེ་ཞིབ་གནད་ལ་ཐིངས་པ་གཏོང་རན་པས་མི་ཚད་འཕྱིས་ཀྱང་འཕྱིས་འདུག་སྙམ།

ཞར་ལ་འཕྲིན་ཚོམས་དང་འཕྲིན་སྟེགས་སོགས་བརྒྱུད། སྐྱེས་མའི་ཐོབ་ཐང་དང་བདེ་ཐང་ལ་ཁ་ཡོད་ལག་ཡོད་ཀྱི་ལས་ཀ་བྱེད་མཁན་གྱི་སྐྱེས་པ་ཀུན་སློང་རྣམ་དག་ཅན་ཡོངས་ལའང་ཐུགས་རྗེ་ཆེ་ཞེས་དང་ངོ་སོ་བསྟོད་ཅེས་ཞུ་གི་ཡིན། ཡིན་ནའང་། ང་ནི་སྐད་འཕྲིན་ཚོགས་པ་མང་པོའི་ནང་གཏམ་བཤད་པར་འཚམ་པོ་མེད་སྙམ་པས་ན། ད་ཕྱིན་ཡང་དེ་ལ་དགོངས་ཡངས་གནང་རོགས་ཞུ་གི་ཡིན།

བདག་གི་ལུས་ཀྱི་རྔུལ་ཆུ་དང་སེམས་ཀྱི་བརྟག་གཞིགས་ལས་བྱུང་བའི་དེབ་ཆུང་འདི་ཉིད། ལྷག་བསམ་ཅན་དག་ལ་ཕུལ་བའི་དགོངས་དག་ཐུགས་བདེན་ཞུ་བྱེད་ཀྱི་ལེགས་སྐྱེས་ཤིག་ཀྱང་ཡིན་པར་མ་ཟད། དངོས་གནས་བྱས་ན། ངའི་གཏམ་བཤད་ཐན་ཐུན་མགོ་རྔ་མེད་པ་ཙམ་རེ་ལ་ཉན་པ་ལས། ལོ་ཐོག་ལོ་བརྩེགས་སུ་བསམ་ཞིབ་ཀྱིས་བྲིས་པའི་དེབ་ཆུང་འདི་ལ་གཟིགས་ན་བློ་སྐྱེད་ཕྲན་བུ་རེ་སྟེར་ལོས་ཡོང་འདོད། ག་རེ་ཟེར་ན། ད་སྔའི་རང་གི་བརྟག་འབྲས་དང་བསམ་གཞིགས། མྱོང་རྒྱུས་ཕལ་མོ་ཆེ་དེབ་འདིའི་ནང་མ་འདུས་པ་ཧ་ལམ་མེད་པས་སོ། །

ར་རྫ་འཇམ་དབྱངས་སྐྱིད་དམ་སྨིན་དྲུག་ནས།