མེ་མོ་བྱ་ལ་རྭ་སྒྲེང་དགོན་པ་བཏབ། །མེ་མོ་བྱ་ལ་ཙོང་ཁ་པ་དེ་འཁྲུངས། །ཨ་མྱེས་ཞབས་སོགས་ལོ་རྒྱུས་མི་སྣ་འགའ། །ཕེབས་དང་བཞུད་པའི་རི་མོ་ཆ་ཙམ་གསལ། །

རབ་བྱུང་དང་པོའི་མེ་མོ་བྱ་ཡི་ལོ། །ཕྱི་ལོ་ཆིག་སྟོང་བརྒྱ་མེད་ང་དྲུག་ཡིན། །འབྲོམ་གྱིས་རྭ་སྒྲེང་དགོན་པ་བཏབ་པར་གསུངས། །ཞང་ཀ་མ་བ་ཤེས་རབ་འོད་འཁྲུངས་བཤད། །

རབ་བྱུང་གཉིས་པའི་མེ་བྱ་ལོ་དེ་ལ། །ཕ་དམ་སངས་རྒྱས་འདས་ཞེས་བཤད་པ་དང་། །ཚེ་སྤོང་ཆོས་ཀྱི་བླ་མས་བསྟན་རྩིས་མཛད། །འཆུས་པ་དར་བརྩོན་འཁྲུངས་ཞེས་ཚེ་ཏན་གསུངས། །

ཕྱི་ལོ་ཆིག་སྟོང་བརྒྱ་དང་དོན་བདུན་ལོར། །ཞང་ལོ་གྲུབ་པ་དཔལ་བ་གྲོངས་ཞེས་གསལ། །འབྲི་གུང་སྐྱོབ་པ་ཕག་གྲུའི་གདན་སར་ཕེབས། །འབྲུག་དབོན་རས་པ་དྷརྨ་སེང་གེ་འཁྲུངས། །

རབ་བྱུང་བཞི་པའི་མེ་མོ་བྱ་ཡི་ལོར། །རས་པ་དྷརྨ་སེང་གེ་འདས་ཞེས་འཁོད། །གཞོན་ནུ་སེང་གེ་འབྲུག་པའི་གདན་སར་འཁོད། །སྒ་ལེ་ཤཱཀ་རིན་འཁྲུངས་ཞེས་དུང་དཀར་གསུངས། །

ཕྱི་ལོ་ཆིག་སྟོང་ཉིས་བརྒྱ་གོ་བདུན་ལོར། །སྟག་ལུང་ཆོས་རྗེ་མངྒལ་གུ་རུ་གཤེགས། །ཚབ་ཏུ་ཆོས་རྗེ་དཔལ་བཟང་གདན་སར་ཕེབས། །ཚལ་པའི་ཁྲི་དཔོན་རིན་སེང་བསྐོས་སོ་ལོ། །

རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོ། །བླ་མ་ཙོང་ཁ་པ་ཉིད་འཁྲུངས་ལོ་ཡིན། །ཤཱཀ་བསོད་དང་ནི་གྲུབ་པ་ཤེས་རབ་དང་། །སྤྱན་སྔ་བསོད་ནམས་གྲགས་པ་འཁྲུངས་ཞེས་བཤད། །རོལ་པའི་རྡོ་རྗེ་བསྙེན་པར་རྫོགས་ཞེས་གསུངས། །

ཕྱི་ལོ་ཆིག་སྟོང་བཞི་བརྒྱ་བཅུ་བདུན་ལོར། །ཕག་གྲུའི་གདན་སར་བསོད་ནམས་རྒྱལ་མཚན་ཕེབས། །ཁྱུང་པོ་བྱ་བྲལ་དགེ་བཟང་འཁྲུངས་པ་དང་། །ཀཾ་ཀཾ་དོན་གྲུབ་དཔལ་བས་ཆོས་འབྱུང་བརྩམས། །

རབ་བྱུང་བརྒྱད་པའི་མེ་བྱའི་ལོ་དེ་ལ། །སྒོ་རུམ་ཀུན་དགའ་ལེགས་བློ་འཁྲུངས་ཞེས་གསལ། །ས་ལོ་འཇམ་དཔལ་རྡོ་རྗེ་འཁྲུངས་པ་དང་། །པཎ་ཆེན་བཟང་བཀྲ་འདས་ཞེས་དུང་དཀར་གསུངས། །

ཕྱི་ལོ་ཆིག་སྟོང་ལྔ་བརྒྱ་སོ་བདུན་ལོར། །རྗེ་བཙུན་ཆོས་རྒྱན་སེ་རའི་མཁན་པོར་ཕེབས། །འབྲི་གུང་དམག་གིས་སྡེ་གཟར་བསླངས་ཀྱང་ཟེར། །རྟ་ཚག་རྗེ་དྲུང་ལྷ་དབང་ཆོས་རྒྱན་འཁྲུངས། །

རབ་བྱུང་བཅུ་པའི་མེ་མོ་བྱ་ཡི་ལོར། །ས་སྐྱའི་གདུང་རབས་རྩོམ་པོ་ཨ་མྱེས་ཞབས། །ངག་དབང་ཀུན་དགའ་བསོད་ནམས་འཁྲུངས་པ་དང་། །ལྷ་བཙུན་ནམ་མཁའ་འཇིགས་མེད་འཁྲུངས་ཞེས་གསལ། །

ཕྱི་ལོ་ཆིག་སྟོང་དྲུག་བརྒྱ་ལྔ་བདུན་ལོར། །སྡེ་སྲིད་བསོད་ནམས་རབ་བརྟན་འདས་པ་དང་། །ཟུར་ཆེན་ཆོས་དབྱིངས་རང་གྲོལ་འདས་ཞེས་གསལ། །བོད་འབྲུག་བར་ལ་དམག་འཁྲུག་བྱུང་ཞེས་བཤད། །

རབ་བྱུང་བཅུ་གཉིས་མེ་མོ་བྱ་ལོ་ལ། །ལྕང་སྐྱ་རོལ་པའི་རྡོ་རྗེ་འཁྲུངས་པ་དང་། །ཇུན་གར་དམག་མི་རྒྱལ་ས་ལྷ་སར་འབྱོར། །རྒྱལ་པོ་ལྷ་བཟང་བསད་པའང་འདི་ལ་འཁེལ། །

ཕྱི་ལོ་ཆིག་སྟོང་བདུན་བརྒྱ་དོན་བདུན་ལོར། །རྒྱལ་ཚབ་དེ་མོ་སྤྲུལ་སྐུ་འདས་པ་དང་། །ཚབ་ཏུ་ཚེ་སྨོན་གླིང་པ་ཁྲི་ལ་འཛེགས། །ཨ་མི་རི་ཀར་རྒྱལ་ཁབ་བཙུགས་སོ་ལོ། །

རབ་བྱུང་བཅུ་བཞི་མེ་མོ་བྱ་ཡི་ལོར། །རྒྱལ་བ་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་དང་། །རྒྱལ་མཁན་གྲགས་རྒྱན་གཤེགས་ཞེས་དུང་དཀར་གསུངས། །ཚེ་སྨོན་འཇམ་ཚུལ་དགའ་ལྡན་ཁྲི་ལ་ཕེབས། །

ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་གོ་བདུན་ལོར། །གྲུབ་དབང་འཇིགས་བསམ་ཤིང་བཟའ་བསྟན་དབང་དང་། །ཨ་ཁུ་ཐབས་མཁས་འདས་ཞེས་ཚེ་ཏན་གསུངས། །ཀོང་པོའི་ཡུལ་དུ་ས་ཡོམ་བྱུང་ཞེས་འཁོད།།

རབ་བྱུང་བཅུ་དྲུག་མེ་མོ་བྱ་ཡི་ལོར། །པཎ་ཆེན་གོང་མ་འཕགས་ཡུལ་བསྐོར་ནས་འཁོར། །ཆུ་བཞི་སྒང་དྲུག་བཙུགས་ཞེས་དུང་དཀར་གསུངས། །བཀའ་བསྟན་བརྙན་པར་བཟོས་ཞེས་ཚེ་ཏན་བཞེད། །

རབ་བྱུང་ལོ་ཡི་འཁོར་ལོ་འཁོར་བའི་ཡུན། །མི་ལོ་སྟོང་གི་ལོ་རྒྱུས་རི་མོ་ལས། །མེ་མོ་བྱ་ལ་འདི་དང་དེ་ཞེས་པའི། །ཚིག་ཕྲེང་འགའ་ཞིག་བྲིས་ན་དེ་ལྟར་རོ། །

མེ་མོ་བྱ་ལོའི་ལོ་རྒྱུས་སྙིང་བསྡུས་འདི་ནི། དེ་སྔར་འདི་ག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཁས་དབང་ཁཱ་ར་ཡིས་སོག་པོའི་ལོ་སར་སྐབས་སོག་པོའི་རྒྱལ་རབས་དང་ལོ་རྒྱུས་ལས་ལོ་དེའི་གལ་ཆེའི་མཛད་པ་རྣམས་དྲངས་ཏེ་ལོ་སར་ལ་བསུ་བ་བྱེད་པ་དེ་ཉིད་ལ་དཔེར་ལེན་གྱིས་ དགེ་རྒན་ཆེན་མོ་སྤེར་ལིང་གིས་ཀྱང་སློབ་གྲྭ་ཆེན་མོའི་བོད་ལུགས་ལོ་སར་སྐབས་སུ་ རབ་བྱུང་དང་པོ་ནས་ད་བར་གྱི་ལོ་རེའི་མཛད་པ་འཆད་པའི་སྲོལ་ཞིག་བྱུང་ཞིང་། དེ་དག་ལ་རྗེས་སུ་ཡི་རངས་པ་དང་བཅས་ཕྲན་གྱིས་སྔ་ལོར་འདི་ལྟ་བུ་ཞིག་བསྡེབས་པ་ཇི་བཞིན། འདི་ལོར་ཡང་བསྟན་རྩིས་ཀུན་བཏུས་དང་ལོ་ཚིགས་དྭངས་ཤེལ་མེ་ལོང་གཉིས་ལས་བཏུས་ཏེ་དགེ་འདུན་རབ་གསལ་གྱིས་བཀོད་པ་དགེའོ།། ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།།