བཀྲ་ཤིས་བདེ་ལེགས། ང་ལས་རིམ་གཙོ་སྐྱོང་ཞུ་མཁན་བསྟན་འཛིན་བདེ་སྐྱིད་ཡིན། དེ་རིང་གི་ལས་རིམ་ནང་བསྟན་འཛིན་ཨོ་རྒྱན་ནམ་མ་རི་ཀོ་ཕེབས་ཡོད། མ་རི་ཀོ་ཐོག་མ་སྐྱེ་དུས་བུ་ཞིག་ཡིན་པ་མ་ཟད་ལོ་བདུན་ལྷག་ལ་གྲྭ་པ་གནང་མྱོང་ཡོད་པ་རེད། འོན་ཀྱང་ཕྱིས་སུ་སྐྱེས་པའི་ལུས་ལ་བུད་མེད་ཀྱི་གཤིས་རྒྱུད་ལྡན་ཡོད་པ་ར་འཕྲོད་རྗེས་ད་ལྟའི་ཆ་ལ་བུ་མོ་རང་བྱས་ནས་བཞུགས་ཡོད་པ་རེད། ཐོག་མ་ང་ཚོའི་ལས་རིམ་ནང་ཕེབས་པའི་མ་རི་ཀོ་ལགས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མཉམ་དུ་བཅར་འདྲི་ཞུ་རྒྱུ་ཡིན།

དྲི་བ། ཐོག་མར་ཁྱེད་རང་བུ་མོ་ཞིག་ཡིན་པའི་ཚོར་སྣང་གང་འདྲ་ཞིག་བྱས་ནས་སླེབས་པའི་སྐོར་འགྲེལ་བརྗོད་ཅིག་གནང་རོགས།

ལན། མ་རི་ཀོ། ང་རང་ཆུང་དུས་ནས་བུད་མེད་བྱ་རྒྱུར་དགའ་མོས་ཡོད་མཁན་ཞིག་ཡིན། དཔེར་ན་ང་རང་ཨ་མའི་པང་ཁེབས་འཁྱེར་ནས་སྤང་ཐང་ལ་ཞབས་བྲོ་འཁྲབ་དུ་འགྲོ་རྒྱུར་དགའ་བ་མ་ཟད་སྐབས་དེར་ང་ཚོའི་སློབ་གྲྭའི་ཞབས་བྲོ་འཁྲབ་པའི་སྐབས་སུའང་ང་རང་བུ་མོའི་སྡེ་ཚན་ནང་དུ་ཞབས་བྲོ་འཁྲབ་ཀྱིན་ཡོད། ངོ་ཤེས་བཟང་ས་མང་ཆེ་བ་ཡང་བུད་མེད་ཡིན། རྗེས་སུ་དགོན་པར་འདུག་དུས་ཀྱང་བུ་མོའི་གཤིས་ཀ་ཤུགས་ཆེན་པོ་ཡོད་པས་མི་གཞན་དག་གིས་བཙུན་མ་དང་ནོར་འགྲོ་བ་མང་པོ་བྱུང་བ་རེད།

དྲི་བ། ཡོངས་གྲགས་སུ་ཁྱེད་ལ་མི་མང་པོ་ཞིག་གིས་མ་རི་ཀོ་འབོད་ཀྱིན་འདུག་པས་མིང་དེ་གང་འདྲ་ཞིག་བྱས་ནས་ཐོགས་པ་རེད།

ལན། མ་རི་ཀོ། མིང་དེ་སྤྱིར་བཏང་དཀྱུས་མ་ཞིག་རེད། སྔོན་མ་ཞིག་ང་ལ་ཉི་ཧོང་གི་གྲོགས་པོ་ཞིག་ཡོད། ཁོང་ངེད་གཉིས་ནམ་རྒྱུན་དྲྭ་ལམ་ནས་ཕན་ཚུན་ཁ་བརྡ་དང་ཡི་གེ་གཏོང་གིན་ཡོད་པས་ཉིན་ཞིག་ང་ལ་ཉི་ཧོང་གི་མིང་ཞིག་འདོགས་རོགས་བཤད་པས་ཁོང་གིས་ང་ལ་མ་རི་ཀོ་དང་ད་རུང་མིང་གཞན་པ་ཁ་ཤས་སྐུར་བྱུང་། ངས་མིང་དེ་དག་ཁྲོད་ནས་མ་རི་ཀོ་དེ་ཡག་པོ་དང་སྙིང་རྗེ་པོ་ཞིག་མཐོང་བྱུང་བས་དེ་དག་གི་དཀྱིལ་ནས་མ་རི་ཀོ་འདེམས་པ་ཡིན། མིང་དེ་ཐོགས་པའི་རྒྱུད་རིམ་དེ་འདྲ་ཞིག་རེད། མིང་དེའི་ནང་དོན་བོད་སྐད་དུ་བསྒྱུར་ན་བདེན་པ་ཟེར་བ་རེད་འདུག

དྲི་བ། ཁྱེད་རང་ལོ་བདུན་ལྷག་ཙམ་གྲྭ་པ་གནང་འདུག་པ་མ་ཟད་ཁྱེད་ལ་བཅར་འདྲི་གནང་སྐབས་ཤིག་གི་ལན་དུ་འདས་ཟིན་པའི་མི་ཚེ་སྐྱིད་ཤོས་གྲྭ་པའི་སྐབས་ཡིན་ཟེར་ནས་གསུང་འདུག ཡིན་ན་ཡང་གློ་བུར་དུ་གྲྭ་པ་ནས་སྐྱ་སར་བབ་དགོས་པའི་རྒྱུ་མཚན་གང་འདྲ་ཞིག་བྱུང་བ་རེད་དམ།

ལན། མ་རི་ཀོ། བལ་ཡུལ་ནས་འདི་ལ་ཚུར་སླེབས་ནས་ལོ་གཉིས་ཙམ་ལ་ནང་མི་དང་ལྷན་དུ་བསྡད་པ་རེད། འདི་ན་འཛམ་གླིང་མི་མང་པོ་ཞིག་ཡོང་གི་ཡོད་པས་མི་མང་པོ་ཞིག་དང་ངོ་ཤེས་ཆགས་འགྲོ་གི་འདུག ཐེངས་ཞིག་ལྡི་ལིར་ཡོད་པའི་གྲོགས་མོ་ཞིག་གི་ཆང་སའི་མཛད་སྒོ་ལ་ཕྱིན་པ་ཡིན། དེ་དུས་ང་འདིར་སླེབས་ནས་དུས་ཚོད་མང་ཙམ་ཕྱིན་ཚར་བའི་སྐབས་རེད། ང་རང་ཡིན་ན་ཡང་བུད་མེད་བྱ་དགོས་བསམ་པའི་བསམ་བློ་ཧ་ཅང་ཤུགས་ཆེ་སྐབས་ཡིན་པ་མ་ཟད་མཛེས་བཟོ་བྱ་རྒྱུར་ཡང་ཧ་ཅང་དགའ་མོས་ཡོད། ནང་མི་གཙོས་པའི་མི་མང་པོ་ཞིག་གིས་ཁྱེད་རང་གྲྭ་པ་ཡིན་པས་མཛེས་བཟོ་དེ་འདྲ་མ་བྱེད་ཟེར་བཞིན་ཁ་ཏ་བསླབ་བྱ་མང་པོ་ཞིག་གནང་བྱུང་། སྐབས་དེ་དུས་ང་རང་གི་བསམ་བློའི་ནང་གྲྭ་ཆས་དོར་དགོས་བསམ་པ་དེ་འདྲ་ཞིག་སྐྱེ་མྱོང་། ཡིན་ན་ཡང་དེ་འདྲ་བྱེད་པར་ཕ་མའི་ངོ་ལ་ལྟ་དགོས་དུས་ཧ་ཅང་ཁག་པོ་བྱུང་། སྐབས་དེ་འདྲ་ཞིག་ལ་ངས་གྲོགས་མོའི་ཆང་སའི་མཛད་སྒོའི་ཐོག་ལ་སྣང་མེད་ངང་ནས་སྐྲ་ཚབ་དང་སྐྱ་ཆས་གྱོན་ནས་ཞབས་བྲོ་ཞིག་འཁྲབ་པ་ཡིན། ངས་ཞབས་བྲོ་འཁྲབ་པའི་བརྙན་ཐུང་དེ་འཕྲིན་ཕྲན་ནང་དུ་མང་པོ་ཞིག་གང་སར་ཁྱབ་པས་ངའི་ནང་མི་དག་ལ་ཡང་དཀའ་ངལ་ཅུང་ཙམ་འཕྲད་པ་རེད། དགོང་མོ་ཞིག་ལ་ཕ་མ་གཉིས་ཀྱིས་ང་ལ་ཁྱེད་རང་ཡང་ན་གྲྭ་པ་ཡག་པོ་ཞིག་བྱ་རོགས་དེ་མིན་ན་ཁྱེད་རང་སེམས་ནང་ཡོད་པའི་དགའ་ཕྱོགས་དེ་བྱོས། དེ་མ་གཏོགས་ཡིན་ལ་མིན་ལ་དེ་འདྲ་མ་གནང་ཟེར་ནས་བསླབ་བྱ་གནང་བྱུང་། གལ་སྲིད་ང་རང་གྲྭ་པ་བྱེད་པ་ཡིན་ན་ང་རང་སེམས་ནང་ཡོད་པའི་དགའ་ཕྱོགས་དེ་བྱེད་ཐུབ་གི་མི་འདུག་བསམ་ནས་དེ་ནས་ངས་གྲྭ་ཆས་ཕུད་པ་ཡིན།

དྲི་བ། ཁྱེད་རང་བུད་མེད་ཀྱི་ཆ་ལུགས་ཐོག་མ་བྱེད་པའི་སྐབས་སུ་ཁྱེད་རང་གི་ཕ་མ་དང་ནང་མི་དག་གིས་རྣམ་འགྱུར་གང་འདྲ་བསྟན་བྱུང་། དེ་དུས་ཁྱེད་རང་སེམས་ནང་འཚེར་སྣང་གང་འདྲ་ཞིག་སླེབས་བྱུང་ངམ།

ལན། མ་རི་ཀོ། ནམ་རྒྱུན་ང་ལ་ཕ་མས་བུད་མེད་མ་བཟོ། མི་གཞན་དག་གིས་ཁྱེད་རང་དང་ནང་མི་དག་ལ་ཡག་པོ་ལབ་གི་མ་རེད་ཟེར་ནས་གསུང་གི་རེད། ཕ་མས་རྟག་པར་དེ་འདྲ་གསུང་ན་ཡང་ང་རང་ལ་བུད་མེད་ཀྱི་ཚོར་སྣང་དེ་ཤུགས་ཆེན་ཡོད་པས་ཕ་མའི་བཀའ་དང་ལེན་མ་ཐུབ་པས། མཐར་ཕ་མ་གཉིས་ཀྱང་འུ་ཐུག་པ་རེད། གང་ལྟར་སོ་སོའི་བུ་ཕྲུག་ནི་རེད། ཅི་ཙམ་བཤད་ན་ཡང་ཁ་ལ་ཡག་པོ་དེ་ཙམ་ཉན་གི་མི་འདུག་པས་དེ་ལས་ཁོ་རང་འདོད་པ་བཞིན་བྱེད་བཅུག་ན་ཡག་ས་རེད་བསམ་པ་དེ་འདྲ་བྱུང་བ་རེད།

དྲི་བ། བོད་ཀྱི་སྤྱི་ཚོགས་ནང་དུ་ཁྱེད་ལྟ་བུ་ཉུང་ཉུང་རེད། ཁ་ཤས་སྤྱི་ཚོགས་ཀྱི་ཁྲོད་དུ་ཁྱེད་ནང་བཞིན་བྱ་འདོད་ཡོད་ཀྱང་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་ཞེད་ནས་བྱེད་མ་ཐུབ་པ་དེ་འདྲ་ཡང་ཡོད་སྲིད་པ་ཞིག་རེད། ཡིན་ན་ཡང་ཁྱེད་རང་དཀའ་ངལ་དང་གནོན་ཤུགས་མང་པོ་ཞིག་ལ་མ་འཛེམས་པར་རང་ཉིད་ཀྱི་བུའི་ལུས་རྟེན་ལ་བུད་མེད་ཀྱི་གཤིས་ཀ་ཡོད་པ་དེ་མངོན་གསལ་དོད་པོའི་ངང་ནས་སྤྱི་ཚོགས་སྟེང་དུ་ཡོང་བས་དེས་རྐྱེན་པས་ཁྱེད་ཀྱི་ཕ་མ་དང་ལྷག་པར་དུ་ཁྱེད་རང་ཉིད་ལ་དཀའ་ངལ་གང་འདྲ་ཞིག་འཕྲད་བྱུང་ངམ།

ལན། མ་རི་ཀོ། ང་རང་ཉིད་ལ་མཚོན་ན་དཀལ་ངལ་ཆེན་པོ་དེ་འདྲ་འཕྲད་མྱོང་མེད། དཔེར་ན་ཕྱི་རོལ་དུ་འགྲོ་དུས་རྒྱབ་ལོགས་ནས་འདྲ་མིན་བཤད་མཁན་མང་པོ་འདུག ཡིན་ན་ཡང་ང་རང་ངོས་ནས་དེ་ཚོ་དཀའ་ངལ་ཞིག་ལ་བརྩི་མྱོང་མེད། མི་ཞིག་ལ་ཡག་སྡུག་འདྲ་མིན་བཤད་མཁན་ཡོད་པ་ནི་སྤྱིར་བཏང་གི་འཇིག་རྟེན་གྱི་འགྲོ་ཚུལ་ཞིག་རེད། ཡིན་ན་ཡང་། ངའི་ཕ་མ་གཉིས་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་རེད། དཔེར་ན་ངའི་ཕ་མའི་ཕ་ཡུལ་གཅིག་པ་དང་ངོ་ཤེས་དག་གིས་ཁོང་གཉིས་ཀྱི་རྣ་ལམ་དུ་སྐད་ཆ་འདྲ་མིན་མང་པོ་ཞིག་བཤད་དུས་ཁོང་གཉིས་ཡང་སེམས་པ་ཁག་པོ་བྱུང་བ་རེད། དཔེ་མཚོན་ཞིག་གི་ཐོག་ནས་བཤད་ན། ཨ་མ་ང་གཉིས་ཕྱི་རོལ་ཁྲོམ་དུ་སྔ་རྗེས་བྱ་ནས་འགྲོ་དུས་མི་ཁ་ཤས་ཀྱིས་ངའི་རྗེས་སུ་ཡོད་པ་དེ། ངའི་ཨ་མ་ཡིན་པ་མ་ཤེས་ནས་ངའི་རྒྱབ་ནས་ང་ལ་སྐད་ཆ་འདྲ་མིན་བཤད་ནས་སྐད་ཆ་དེ་དག་ཨ་མས་ཐོས་སྐབས་ཨ་མ་དང་མི་དག་བར་ཁ་རྩོད་ཤོར་ནས་སེམས་ཁག་པོ་ཡོང་བ་དང་། ལན་རེར་ཨ་མ་ནང་དུ་བསྡད་དུས་སྤྱི་ཚོགས་སྟེང་གི་མི་དག་གིས་ང་ལ་མཐོང་ཆུང་གི་སྐད་ཆ་འདྲ་མིན་བཤད་པ་དེ་ཚོ་ཨ་མ་མོ་རང་གི་སེམས་ནང་དྲན་སྐབས་མིག་ཆུ་མང་པོ་གཏོང་ནས་སེམས་ཁག་པོ་བྱེད་པ་སོགས་བྱེད་ཀྱིན་འདུག པཱ་ལགས་ཡིན་ན་མི་ཡིས་འདྲ་མིན་བཤད་པ་དག་སྣང་བ་དེ་ཙམ་མི་གཏོང་མཁན་དེ་འདྲ་རེད། ཡིན་ན་ཡང་། ཨ་མ་སེམས་པ་ཅུང་ཙམ་ཆུང་ཆུང་ཡིན་པས་མི་ཡིས་འདྲ་མིན་བཤད་པ་གོ་དུས་སེམས་ལ་ཕོག་ཐུག་ཤོར་འགྲོ་མཁན་དེ་འདྲ་རེད།

དྲི་བ། ནམ་རྒྱུན་ཁྱེད་རང་མི་ཚེའི་ནང་བྱ་བ་ཅི་ཞིག་ལ་དགའ་སྣང་ཡོད། མ་འོངས་པར་དམིགས་ཡུལ་དང་བྱ་གཞག་གང་འདྲ་ཞིག་གནང་བའི་འདོད་པ་ཡོད་དམ།

ལན། མ་རི་ཀོ། ནམ་རྒྱུན་ང་རང་མཛེས་བཟོ་བྱ་རྒྱུ་དང་དཔེ་གསར་གྱོན་ཆས་ཁྱབ་བསྒྲགས་བཟོ་མཁན་སོགས་ལ་དགའ་མོས་ཡོད། མ་འོངས་བྱ་གཞག་སྐོར་ལ་འཆར་གཞི་རྒྱ་ཆེ་ཙམ་ཞིག་ཡོད། དཔེར་ན་( Fashion Artist )དཔེ་གསར་གྱོན་ཆས་མཆར་འགོད་པ་དང་(Make-up Artist )བྱད་བཞིན་མཛེས་བཟོ་པ་བྱེད་པའི་འཆར་གཞི་དེ་འདྲ་ཞིག་ཡོད།

དྲི་བ། ངས་གོང་ནས་ཞུས་པ་བཞིན་ང་ཚོའི་སྤྱི་ཚོགས་ནང་དུ་ཁྱེད་རང་ནང་བཞིན་མང་པོ་ཡོད་རེད། ཡིན་ན་ཡང་སྤྱི་ཚོགས་ཀྱི་གནོན་ཤུགས་མང་པོ་ཞིག་ལ་ཞེད་ནས་ལྷག་ཡོད་པ་དག་ལ་ཁྱེད་རང་ངོས་ནས་བཀའ་མོལ་ཅི་ཞིག་གསུང་རྒྱུ་ཡོད་དམ།

ལན། མ་རི་ཀོ། དང་པོ་སྤྱི་ཚོགས་ཐོག་ཡོང་དུས་སུ་ལ་ཡིན་ན་ཡང་དཀའ་ངལ་མེད་མཁན་ཞིག་ཡོད་རྒྱུ་མ་རེད། གལ་སྲིད་སྤྱི་ཚོགས་སྟེང་ཡོང་མ་ནུས་པ་ཞེད་ནས་བསྡད་མཁན་དེ་འདྲ་ཡོད་པ་ཡིན་ན་སོ་སོའི་མི་ཚེ་རང་དབང་གི་ཐོག་ནས་སྐྱེལ་ན་ཡག་ཤོས་རེད་དྲན་གྱིན་འདུག མི་ཡི་ཁ་ལ་བལྟས་ནས་མི་ཚེ་མཐའ་འཁྱོལ་ན་འགྲིག་གི་མ་རེད། དེ་ནི་ཁག་པོ་ཡིན་རྒྱུ་རེད། དེ་ལས་རང་དབང་ངང་ནས་མི་ཚེ་སྐྱེལ་ནས་གཙོ་བོ་མི་གཞན་ལ་གནོད་མ་སྐྱེལ་ན་འགྲིག་གི་ཡོད་རེད་དྲན་གྱིན་འདུག

དྲི་བ། ཁྱེད་རང་གིས་དཀལ་ངལ་མང་པོ་ཞིག་དང་དུ་བླངས་ནས་ད་སྐབས་རང་ཉིད་ཀྱི་འདོད་པ་ལྟར་བྱེད་ནས་བསྡད་ཡོད་རེད། ད་ལྟའི་ཆར་ཁྱེད་རང་གི་སེམས་ནང་ཚོར་བ་གང་འདྲ་ཞིག་འདུག་པ་མ་ཟད་ཕ་མས་ངོས་ལེན་གནང་ཕྱོགས་གང་འདྲ་ཡོད་པ་གསུང་རོགས།

ལན། མ་རི་ཀོ། ད་ལྟའི་གནས་སྐབས་ཡིན་ན་ང་ལ་དགའ་མཁན་མང་པོ་ཡོད་པ་དང་མི་དགའ་མཁན་ཡང་ཁ་ཤས་ཡོད་པ་ཡང་ཧ་གོ་གི་འདུག ཡིན་ན་ཡང་། མི་དགའ་མཁན་དེ་དག་ལ་གང་ཡང་ཞུ་ཡ་མེད། ང་རང་གིས་བྱ་དགོས་རྒྱུ་དེ་ཚོ་བྱེད་ནས་མདུན་དུ་འགྲོ་རྒྱུ་ཡིན། དགའ་མཁན་དག་ལ་ང་རང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཡ་ཡིན། ང་རང་གི་ཚོར་བ་ནི་རང་ཉིད་ཀྱི་བྱ་འདོད་ཡོད་པ་དག་བྱེད་དུས་སྐབས་ལ་དེ་ལས་སྐྱིད་པ་ཞིག་མི་འདུག་བསམ་པ་ཞིག་འདུག ཕ་མ་གཉིས་ནང་ནས་ཨ་མ་ང་ལ་མོས་མཐུན་ཡོད་རེད། གང་ཡིན་ཞེ་ན་ང་དང་ངའི་ངོ་ཤེས་དག་དང་མཉམ་དུ་མང་པོ་འགྲོ་གི་ཡོད་པས་རྒྱུ་མཚན་མང་པོ་ཤེས་ནས་སེམས་མར་ལྷོད་ལ་བབ་ཡོད་རེད། པཱ་ལགས་ཡིན་ན་དང་ཐོག་ང་ལ་རྒྱབ་སྐྱོར་དེ་ཙམ་མེད་པ་མ་ཟད་ནམ་རྒྱུན་རྟག་པར་ང་གཉིས་ཁ་རྩོད་མང་པོ་ཤོར་གི་ཡོད། ཡིན་ན་ཡང་དེང་སང་སྔར་ལས་ཡག་པ་གྱུར་ཡོད་རེད།

དྲི་བ། དེ་རིང་གོ་སྐབས་འདི་བརྒྱུད་ཁྱེད་རང་ངོས་ནས་ཕ་མ་གཉིས་ལ་དམིགས་བསལ་བཀའ་མོལ་འདྲ་གསུང་རྒྱུ་ཡོད་དམ།

ལན། མ་རི་ཀོ། བརྩེ་བའི་ཡབ་ཡུམ་གཉིས། གལ་སྲིད་ཁྱེད་རང་གཉིས་མེད་ན་ང་འདི་ལ་ཡོད་མི་སྲིད་པས་ང་ལ་རྒྱབ་སྐྱོར་དང་བརྩེ་བ་གནང་བ་སོགས་ལ་ཐུགས་རྗེ་ཆེ། ད་རུང་ཡིན་ན་མ་འོངས་པར་ང་ལ་རྒྱབ་སྐྱོར་གནང་རོགས་གནང་ཞུ་རྒྱུ་ཡིན།

དྲི་བ། ཁྱེད་དང་ཁྱེད་ལྟ་བུ་གནང་མཁན་དག་ལ་སྤྱི་ཚོགས་ཀྱི་ངོས་ནས་དམིགས་གསལ་ལྟ་སྟངས་འདི་འདྲ་ཞིག་དགོས་གྱིན་འདུག་བསམ་པ་འདྲ་འདུག་གམ།

ལན། མ་རི་ཀོ། བོད་ཀྱི་སྤྱི་ཚོགས་ནང་དུ་ང་ལྟ་བུ་ཧ་ཅང་ཉུང་ཉུང་རེད། ད་སྔོན་ཡིན་ན་སྤྱི་ཚོགས་ཐོག་དོན་ཐུབ་མཁན་ང་རང་མ་གཏོགས་མཐོང་མ་བྱུང། ཡིན་ན་ཡང་། བུ་མོ་བུ་འདྲ་བོ་བཟོ་ནས་འགྲོ་མཁན་མང་པོ་འདུག དེ་དག་ལ་སྤྱི་ཚོགས་ཀྱི་གནོན་ཤུགས་དེ་ཙམ་ཆེན་པོ་མི་འདུག ཡིན་ཡང་བུ་ཞིག་གིས་བུ་མོ་བྱས་པ་རེད་ཟེར་དུས་གནོན་ཤུགས་མང་པོ་ཞིག་ཡོང་གི་འདུག དེ་བོད་པའི་ལྟ་བ་ཁྱེར་ཕྱོགས་ཤིག་ཡིན་ས་རེད། ད་སྐབས་ཡིན་ན་བོད་ཀྱི་སྤྱི་ཚོགས་ནང་ང་གཅིག་པོ་ཡིན་ས་རེད། ཕྱི་རྒྱལ་གྱི་ཡུལ་ལུང་དག་ལ་ཧ་ཅང་མང་པོ་རེད། མི་ཁ་ཤས་ལ་འཛམ་གླིང་ཕྱི་ལོགས་ཀྱི་གནས་ཚུལ་མང་པོ་ཞིག་མཐོང་མྱོང་མེད་པས་ང་མཐོང་དུས་ཧང་སང་གིན་འདུག གལ་སྲིད་འཛམ་གླིང་སྤྱི་ཡི་གནས་སྟངས་ཤེས་མཁན་ཞིག་ཡིན་ན་ཧང་སང་དགོས་མ་རེད། ང་ཚོ་བོད་ཀྱི་སྤྱི་ཚོགས་འདི་མ་འོངས་པར་འཛམ་གླིང་སྤྱི་ཡི་འགྲོ་སྟངས་ལྟ་བུ་ཡོངས་ཐུབ་ན་ཡག་པོ་འདུག རྗེས་སུ་ང་ལྟ་བུ་སྤྱི་ཚོགས་ཐོག་ཡོང་བ་ཡིན་ན་དེ་དག་ལ་གནོན་ཤུགས་དང་ཁག་པོ་མ་བཟོ་བར་རང་དབང་གི་ངང་ནས་མི་ཚེ་ཡག་པོ་ཞིག་སྐྱེལ་བཅུག་རོགས་གནང་ཟེར་ནས་ཞུ་ཡ་ཡིན།