སྨོན་ལམ་འགྲུབ་པ་གནང་ཤོག


 

གསེར་གྱི་གཞོང་བའི་ནང་ལ།།

རྫ་ཆུ་དྭངས་མོ་འཁྱིལ་ཡོད།།

ལྷད་མེད་བྱམས་པའི་བརྩེ་བ།།

དྭངས་མོ་ཆུ་ལས་གཙང་ཤོག།།

 

དཀར་ཡོལ་འབྲུག་མའི་ཁ་ལ།།

བཀྲ་ཤིས་རྟགས་བརྒྱད་བརྒྱན་ཡོད།།

ལོ་ལ་བསྙལ་བའི་ལོ་ཆང་།།

དཀར་ཡོལ་ནང་ལ་འཁྱིལ་ཤོག།

 

ཁང་པ་གྲུ་བཞིའི་ནང་ལ།།

གདན་དཀར་གྲུ་བཞི་བཏིངས་ཡོད།།

ང་དང་བྱམས་པ་གཉིས་ཀ།

ཁང་པ་གཅིག་ལ་འཛོམས་ཤོག།

 

ལྷ་དང་བླ་མ་དཀོན་མཆོག།

དད་པའི་ཕྱག་གསུམ་འཚལ་ཡོད།།

རླུང་རྟ་ཡར་འགྲོའི་དུས་ལ།།

སྨོན་ལམ་འགྲུབ་པ་གནང་ཤོག།