ད་ལོའི་མདོ་སྨད་ཀྱི་འཇང་དགུན་ཆོས་ནི་རེབ་གོང་རོང་བོ་བདེ་ཆེན་ཆོས་འཁོར་གླིང་ནས་ཚོགས་འདུག འདི་ལ་མདོ་ཁམས་ཕྱོགས་སོ་སོ་ནས་དགོན་པ༣༦ལྷག་གི་རིགས་པ་སྨྲ་བ་སྟོང་ཕྲག་གཉིས་ཡས་མས་གདན་འཛོམས་ཡོད་ལ། ཉིན་བཅུའི་རིང་ལ་དགོན་པ་གཉིས་རེ་བྱས་ནས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ཚན་པ་རེ་རེ་ལ་བགྲོ་གླེང་ཚ་བོ་གནང་ཡོད་པ་རེད།

འཇང་དགུན་ཆོས་ཀྱི་གོ་དོན་ནི་སྔར་གདན་ས་སེ་འབྲས་དགེ་གསུམ་དང་བཅས་པ་འཇང་ཡུལ་གྱི་ར་སྟོད་གྲྭ་ཚང་དུ་གདན་འཛོམས་ནས་བགྲོ་གླེང་གནང་སྲོལ་ཡོད་ལ། བོད་ཟླ་བཅུ་གཅིག་པའི་ནང་དུ་འཚོག་དགོས་པས་དགུན་ཆོས་ཞེས་བྱའོ། །ཕྱིས་མདོ་སྨད་ཁག་ལ་དེའི་སྲོལ་བཟང་དར་དུས་ནམ་ཟླ་དང་ཕྱོགས་མང་པོ་ཞིག་གི་དགོས་མཁོའི་དབང་གིས་བོད་ཟླ་བརྒྱད་པ་དང་དགུ་བའི་ནང་འཚོག་དགོས་བྱུང་ལ། ཕྱག་སྲོལ་འདིའི་ཆེ་བའི་དབང་གིས་སྔར་གྱི་མིང་འཇང་དགུན་ཆོས་སོར་བཞག་བྱས་ཡོད།72833480

འཇང་དགུན་ཆོས་ཀྱི་རྩོད་གཞུང་ནི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ཡིན་ལ། ལེའུ་གཉིས་པའི་བདེན་བཞིའི་སྐོར་དེ་ཕར་ཕྱིན་ལ་འབྲེལ་ཞིང་། ལེའུ་གསུམ་པའི་མངོན་རྗེས་ཀྱི་སྐོར་དབུ་མར་འབྲེལ་བ། ཕུང་ཁམས་སྐྱེ་མཆེད་ཀྱི་སྐོར་དེ་མཛོད་ལ་འབྲེལ་བ། གཞལ་བྱ་ཤིན་ལྐོག་གི་སྐོར་དེ་འདུལ་བ་ལ་འབྲེལ་བ། གཞན་སེལ་སོགས་དྲང་ངེས་ལ་འབྲེལ་བས། རིགས་པའི་བརྡར་ཤ་དཔྱིས་ཕྱིན་པར་གཅོད་པ་ལ་གཞུང་ཆེན་བཀའ་པོད་ལྔ་བོ་ལ་ངེས་པར་དུ་བྱང་ཆ་ཆེ་བ་ཞིག་ཡིན་དགོས། འདི་ནི་རྒྱལ་ཕམ་དང་མཚན་སྙན་གྲགས་ཀྱི་དབྱེ་བ་ཞིག་གི་ཆེད་མ་ཡིན་པར། རིགས་སྨྲ་སོ་སོའི་རིགས་པའི་གསང་ཚིག་དང་། རྣམ་དཔྱོད་ཀྱི་རྣོ་མྱུར། གཞུང་ལུགས་ཀྱི་གོ་བས་ཕན་ཚུན་ལ་བློ་བསྐྱེད་དང་། གཞུང་ལུགས་ལ་ཞུན་ཐར་གཅོད་པ་གཙོ་བོ་ཡིན་ལ།  ཡིག་ཆ་ཡང་གྲྭ་ས་སོ་སོ་རང་གི་ཡིག་ཆ་ལས་བརྒལ་ནས་འཇམ་མགོན་ཡབ་སྲས་ཀྱི་གསུང་ཚད་མར་འཛིན་པ་ཡིན་ལ། ཐད་ཀར་རྒྱལ་བའི་གསུང་དང་རྒྱ་གར་པན་གྲུབ་ཀྱི་ཕྱི་མོའི་གཞུང་ལ་འཇུག་པར་བྱེད་པ་ཡིན།1736467780

སྔ་མའི་བོད་ཀྱི་དགེ་བཤེས་ཆེ་ཁག་དག་ནི་འཇང་དགུན་ཆོས་ཀྱི་ཆོས་རའི་ནང་ནས་རིམ་གྱིས་འཚར་ཏེ་ཆེན་པོའི་གོ་སར་སྙེག་པ་ཡིན་ལ། ཤོག་ལྷེ་ཞིག་གི་སྟེང་དུ་ཐེལ་ཐམ་ཀ་ཞིག་མནན་ནས་མིང་རྫིག་པོ་འཁུར་བ་དག་དང་མི་འདྲ་བར། མཁས་པ་མཁས་པའི་དྲུང་དང་། ཆེན་པོ་ཆེན་པོའི་དྲུང་ནས་ཁས་ལེན་དང་ལེགས་སོ་ཐོབ་པ་ཡིན་པས། མི་རབས་དང་མི་རབས་སུ་འཇིགས་མེད་སེང་གེའི་ང་རོ་ཉམས་མེད་དུ་གནས་པ་འདི་བཞིན་ལགས་སོ།།

རེབ་གོང་རྨུ་ཐག་ཚང་གི་སྐད་འཕྲིན་སྟེགས་བུ་ལས་བཏུས། སྐད་འཕྲིན་ཨང་གྲངས། Rebgongdream

1864827677