࿑ ད་ཆ་ང་ལ།

 

ད་ཆ་ང་ལ་དུས་ཚུད་ཉུང་ཟད་ཐོབ་པ་འདི་ནི།
ཁྱེད་ཀྱི་འགྲམ་དུ་སྡོད་པའི་གོ་སྐབས་དང་ཡེ་མི་མཚུངས།
འདི་ན་འཕྲུལ་འཁོར་རིགས་མང་པོར་རྒྱུ་ཞིང་།
མི་ཚོགས་འགྲོ་འདུག་གི་རྒྱུན་མི་ཆད་པས།
ཕྱི་ནང་མཐའ་དག་མི་ཁོམ་པར་འདུར་གྱིན་འདུག

ང་རང་ཕྱོགས་མང་པོར་འགྲོ་མི་འདོད།
ལྟད་མོ་འདྲ་མིན་དེ་ལས་ཀྱང་མཐོང་མི་འདོད།
ད་ཆ་ང་ནི་ཁ་ཁུ་སིམ་ཞིང་ལྷིང་འཇགས་པོ་རང་ལ་དགའ།
སེམས་དོན་མི་འདྲ་བ་སྣ་ཚོགས་ཤིག
ཁང་པའི་ངོས་སུ་འབྲི་རྒྱུར་དགའ།
དེ་འདྲར་དགའ་དོན་ཡང་ང་རང་གིས་འགྲེལ་མི་ཤེས།

ངས་གཞན་ལ་སློབ་སྦྱོང་ཡོད་མེད་ཟེར་བའི་སྐད་ཆས།
ཕོག་ཐུག་གཏོང་སྙིང་མི་བྲོ།
ལས་ཀ་ཡོད་མེད་དང་མདོག་ཡག་བཙོག་གིས་དེ་བས་ལྟ་ཅི།
ཁེར་རྐྱང་དང་སྣེ་མང་གི་བསམ་ཚུལ་རྐྱ་གཅིག་ཏུ་འདྲེས་པའི།
མི་ཚེ་དང་འཚོ་བ་ཟེར་བ་ཡང་དེ་ཙམ་མི་སེམས།
ད་ཆ་ང་རང་ཟུར་ཞིག་ཏུ་ལྷོད་ཀྱིས་གཉིད་དུ་ཡོར་འདོད།

ད་ཆ་ང་ལ་རྨི་ལམ་ཞེད་སྣང་ཚ་བོ་དེ་དག་རྒྱུན་པར་རྨིས་ཀྱི་འདུག
གཉིད་ལས་སད་ནའང་དྲན་པའི་ནང་དུ་ཅི་ཞིག་ཟང་ཟིང་དུ་བཏང་འདུག
ང་རང་འཇིག་རྟེན་ཟེར་བའི་བལྟས་ན་འཇམ་ཞིང་རེག་ན་རྩུབ་པའི་སྡོད་ཁང་འདིར།
མི་དཀྱུས་མ་ཞིག་གི་ངང་དུ་གནས་ཀྱང་མི་ཆོག་གམ།
ད་ཆ་ང་ལ་དྲི་བ་མོད་པོ་ཞིག་གིས་ཕོག་ཐུག་གཏོང་གི་འདུག འདྲི་རྩད་བྱེད་བཞིན་འདུག

གཅེར་བུ་པས་གླས་ཤག་ཅིག་ཏུ་གྲུབ་པར་བྱས།

 

࿑ དུས་ཚིགས་གསུམ་གྱི་ངོ་གདོང་།
ད་ནངས་སྒེའུ་ཁུང་ལས་ཉི་ཐིག་ཛར་འོང་ཞིང་།
ཕྱི་རོལ་དག་ཏུ་ཀུ་ཅོ་མེད་པར་འཇམ་ཐིང་ངེར་གནས་པས།ང་རང་ད་ཚོད་ལ་ལྷིང་འཇགས་ཡིན་པ་ཚོར།
ཆར་པ་སྐབས་རེ་འབབ་ན་ཡང་།།
རླུང་བུ་མཚམས་རེ་གཡུག་ན་ཡང་།།
མིང་ཟུང་ཧྲིག་ཧྲིག་འཁོར་བཅུག་པའི།།
མེ་ཏོག་དེ་ཚོ་གང་དུ་ཡོད།།
ཅེས་པའི་སྙན་ཚིག་ཅིག་གཙང་ཤོག་ངོས་སུ་བྲིས།

ཁར་རྩང་ཁངས་ཆར་འདྲེས་མར་བབས་པས།
མིག་རྒྱང་གང་ཙམ་ལ་ཁ་བ་དཀར་བོང་བོང་དུ་ཆགས་སོང་།
དེ་འཕྲོར་ལྷགས་པ་གྲང་མོ་རེ་ལྡང་ཞིང་།
ཕྱི་རོལ་ཏུ་འགྲུལ་བ་ཧ་ཅང་ཉུང་།
ཁངས་ཆར་འབབ་པའི་ནངས་མོ་དེར།།
ཁྱེད་རང་གྲང་ནས་བཞུགས་སམ་ཅི།།
ལས་འཕྲོ་ཕྱེད་ཙམ་སྨིན་པ་ཡི།།
བརྩེ་བ་ཁ་བའི་མདངས་ལ་བབས།།
ཅེས་པའི་ཤོ་ལོ་ཀ་གཅིག་ཤིང་ལོར་བྲིས་ནས་རླུང་ཁར་འཕངས།
དགོང་མོ་ཙམ་ལ་མུན་པ་ཨེན་ཙམ་ལུད་འོང་ཞིང་།
སྤྲིན་པ་དཀར་ནག་དུ་མ་ཞིག་ལྷོ་བྱང་སྣོལ་ནས་བྲེལ་སྟབས་ཀྱིས་རྒྱུ།
ད་ཚོད་ལ་བྱིའུ་དེ་ཚོ་ཡང་རིམ་བཞིན་ཚང་ལ་ལོག་འགྲོ་ཨང་སྙམ་བཞིན།
ཆུ་ངོགས་གཏམ་རྒྱུད་ཀྱི་ཁ་ཕྱེས་པས།
ཏོའུ་ཅོ་ཡི་ཆོས་པ་ཞིག་གིས་གཞས་སུ་བཏང་བའི་གཞས་ཚིག་འདི་དག་མཐོང་།

སྙིང་སྡུག་ཤར་ལ་སྡོད་དུས།།
ང་ནི་ནུབ་ལ་ལུས་སོང་།།
ཁྱོད་ལ་ཁྱོ་ག་མེད་ལ།།
ང་ཡང་མི་རྐྱང་ཧྲང་ཧྲང་།།
ང་ལ་བཟའ་ཟླ་མེད་ཀྱང་།།
ཡུལ་པོའི་སྣང་བ་མི་འདུག།
ཁྱོད་ལ་ཁྱོ་ག་མེད་པས།།
ཧྲང་ཧྲང་སྐྱོ་ཤས་ཆེ་བ།།
2015. 1. 16.