སེམས་པ་རྨས་མ།

མིག་བུ།(ཉི་ཧོང་།)

སྟོན་རླུང་བསིལ་བསིལ་ལྡིང་ནས།།
གདོང་བར་བྱིལ་བྱིལ་གནང་བྱུང་།།
ལོ་མའི་སྟེང་གི་སེར་ཐིགས།།
གྱེས་དགོས་ཟེར་བའི་བརྡ་རེད།།

ཁྲུང་ཁྲུང་བསྟར་ཕྲེང་ཤིག་ཤིག།
རེ་སྨོན་ལྷོ་མོན་ཕྱོགས་རེད།།
ལོ་མ་གཅིག་ཐོར་གཉིས་ཐོར།།
ཁེར་རྐྱང་སྡུག་ཅིག་བསྣན་བྱུང་།།

འགྲོ་འགྲོ་བཤད་ན་དགའ་བྱུང་།།
འགྲོ་རོགས་མེད་པར་སྡུག་བྱུང་།།
ཕ་གིའི་ཁྭ་ཏ་ནག་རོག།
སྐད་དེ་རྣ་ལ་གཟན་པ།།

དང་པོ་ལམ་ལ་ཆས་དུས།།
ཅི་ཞིག་བརྗེད་པ་འདྲ་བྱུང་།།
ཕ་ཡུལ་སྙིང་ལ་རྗེ་བོ།།
ཞེ་ལ་ཐོགས་པའི་འཁྲི་ཤིང་།།

གོམ་པ་ཕར་ཕར་སྤོས་ཀྱང་།།
སེམས་པས་ཚུར་ཚུར་འཐེན་བྱུང་།།
ཞེན་ཆགས་བན་བུན་འདི་ཡིས།།
མདུན་ལྗོངས་རབ་རིབ་བཟོས་སོང་།།

དུས་ཀྱི་འབོད་པ་བཙན་པོས།།
སྡོད་དབང་བདག་ལ་མི་སྟེར།།
ཁས་ཁའི་འབྲོང་ཆུང་དར་མ།།
ང་ཡི་འགྲོ་རོགས་ཨེ་ཡོང་།།

རྒྱབ་ཀྱི་རྡོག་ཁྲུས་ལྕི་མོ།།
ལུས་ལ་རྔུལ་ནག་བསླངས་སོང་།།
ཡ་ཆུང་སྡུག་གི་ཁུར་བོ།།
སེམས་པར་རྨ་ཁ་གཏོད་བྱུང་།།

སེམས་གཏམ་སེམས་ལ་ཉར་ནས།།
བཤད་སའི་མི་ཞིག་མ་རྙེད།།
མི་གྲགས་གྲུབ་མ་ནག་རིལ།།
ཡོད་དང་མ་ཡོད་གཅིག་རེད།།

མི་ཁ་འཁོར་ན་འཁོར་ཞོག།
ཁྲེལ་དགོད་གནང་ན་གནང་ཞོག།
རྫ་ཁའི་གོང་མོ་གོང་ཡག།
གསུང་སྐད་ཡང་གཅིག་སྒྲོག་དང་།།

སྟོད་ཀྱི་ཇག་ལམ་འདྲ་ལ།།
སྨད་ཀྱི་ཚོང་ལམ་འདྲ་བའི།།
རྐང་འོག་རི་ལམ་ཕྲ་མོ།།
གནའ་བོའི་དབུས་ལམ་དྲན་བྱུང་།།

རི་རྩེ་རྡོག་པས་མནན་པ།།
རི་བོ་མཐོ་བས་མ་ཡིན།།
རང་ཡུལ་རྒྱབ་རིའི་དར་ལྕོག།
མིག་གིས་མཐོང་ན་བསམ་བྱུང་།།

ལམ་སྣེ་སྨུག་པ་ལང་ལོང་།།
སེམས་སྣེ་སྐྱོ་བ་ལང་ལོང་།།
ལང་ལོང་གཞས་ཞིག་ཤོར་བ།།
ཕ་རིའི་བྲག་ཅ་ལྷང་ལྷང་།།

ལོ་ཟླ་ཆུ་བོའི་ཟོལ་གྱིས།།
ལུང་པའི་ཕུ་མདའ་ཞག་སོང་།།
མི་རྟག་སྒྱུ་མ་འདི་ལ།།
སེམས་པ་ངུ་མིན་དགོད་མིན།།

དྲན་པའི་གཞས་ཞིག་ཤོར་བ།།
སེམས་སོང་མི་དེས་མ་ཐོས།།
ཐོས་པ་སྤྲིན་དཀར་བུ་མོ།།
མཆུ་མ་བསྙིལ་དོན་གང་ལགས།།

མཚོ་བྱ་མཚོ་ལ་འཁོར་ནས།།
སྐྱིད་ཀྱི་འཛོམས་པ་ཡག་འདུག།
ང་ཡི་ཨ་ཅག་མཚོ་མོ།།
མཇལ་བ་རྨི་ལམ་ནང་རེད།།

མར་བཞུར་ཆུ་བོའི་གཞུང་ལ།།
དྲན་པའི་གཡོར་གྲུ་བཏངས་ཡོད།།
རེ་བའི་བྱང་རླུང་བསིལ་མ།།
གཡུག་པའི་སྟབས་ཀ་འགྲིག་ཤོག

གསོལ་བ་གཅིག་ལ་བཏབས་ནས།།
རྡོག་པ་གཅིག་ལ་འཇོག་ཅེས།།
ཁ་སང་བཅོས་པའི་དམ་ཚིག།
རྟག་བརྟན་བྱུང་ན་དགའ་བ།།

ཉི་མ་རི་ལ་ནུབ་ནས།།
བྱ་བརྒྱ་ཚང་ལ་ལོག་བྱུང་།།
རི་སྤྱང་སྔོན་མོ་ངེད་གཉིས།།
ལ་ཁའི་སོ་བ་བྱས་ཡོད།།

སྒུག་ནས་ལོ་ཟླ་ཚར་སོང་།།
དྲན་ནས་མིག་ཆུ་སྐམ་སོང་།།
ལྕང་མ་གླང་མའི་ཚལ་གྱི།།
བྱིའུ་ཆུང་འཇོལ་མོར་སྙིང་རྗེ།།

ཡིད་ཀྱི་རེ་ཐག་ཆད་ཅིང་།།
སེམས་ནས་ཁོ་ཐག་ཆོད་སོང་།།
ད་ནི་ལུས་ཀྱི་ཐོ་ཡོར།།
དར་ལྕོག་ཟད་པོ་འདྲ་བྱུང་།།

བྲག་སྟོད་ཐང་དཀར་རྒོད་པོ།།
ད་ནི་སྒུག་པ་མ་གནང་།།
རྒྱང་བཞུད་ཨ་ཇོའི་ལོག་ཕེབས།།
ད་ལོ་མིན་པ་ཐག་ཆོད།།

༢༠༡༤.༡༡—༡༢བར་གྲུབ་པར་བྱས།