བདག་གི་ཕ་དམ་པ་རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེའི་མི་ཚེ་མདོར་གླེང་།

བྱང་ངོས་པ་རྡོ་རྗེ་དངོས་གྲུབ།

ངའི་ཕ་དམ་པ་རིག་འཛིན་རྡོ་རྗེ་སྐུ་གཤེགས་ནས་ད་བར་མི་ལོ་བཞི་བཅུ་ཙམ་སོང་མོད། འོན་ཀྱང་ཁོང་གིས་གཟབ་ནན་དང་། རྒྱུན་བསྲིངས་རྩོལ་བ་ཆེན་པོས་སློབ་སྦྱོང་གནང་བའི་སྙིང་སྟོབས་ནི་དུས་ད་ལྟའང་འདས་མ་ཐག་པའི་སྣང་ཚུལ་ལྟར་འཆར་བཞིན་འདུག ཕ་དམ་པ་དེས་བོད་གངས་ཅན་ལྗོངས་སུ་གློག་གི་སྒྲོན་མེ་དང་པོ་སྦར་བའི་མཛད་རྗེས་བཞག་ཡོད་པ་རེད།

ཕ་དམ་པ་ནི་1900ལོར་བོད་ས་གནས་སྲིད་གཞུང་གི་ཞབས་འབྲིང་ནང་རྣམ་པའི་གྲས་སྒེར་རིན་སྒང་པའི་ཁྱིམ་ཚང་དུ་སྐུ་འཁྲུངས་ཤིང་། མེས་པོ་ནི་ས་གནས་སྲིད་གཞུང་གི་རྩིས་པ་ཡིན་པ་དང་། རྨོ་བོ་ནི་སྒེར་ཧོར་ཁང་པའི་བུ་མོ་རེད། ཁོང་གཉིས་ལ་བུ་དང་བུ་མོ་བསྡོམས་པས་བརྒྱད་བྱུང་བ་ལས་ངའི་ཕ་དམ་པ་ནི་ཨང་གསུམ་པ་ཡིན་པ་དང་། དང་ཐོག་མཚན་ལ་རིན་སྒང་རིག་འཛིན་རྡོ་རྗེ་ཟེར་ཞིང་། རྗེས་སུ་སྒེར་བྱང་ངོས་པའི་ཁྱིམ་ཚང་དུ་མག་པར་ཕེབས་རྗེས། བྱང་ངོས་པ་རིག་འཛིན་རྡོ་རྗེ་ཞེས་མཚན་བསྒྱུར།

རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ།

རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ།

ཕ་དམ་པ་རིག་འཛིན་རྡོ་རྗེ་བྱིས་པའི་དུས་ནས་སློབ་སྦྱོང་ལ་སྦྱང་བརྩོན་ཆེ་བར་མ་ཟད། སྤོ་བོ་དང་རྨོ་བོ་གཉིས་ནས་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་གང་ཐད་དུ་དམ་འཛིན་ཆེན་པོ་གནང་ཡོད་འདུག

1912ལོར་༸གོང་ས་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་བོད་ཀྱི་ཚན་རིག་རིག་གནས་ཀྱི་བྱ་གཞག་གོང་འཕེལ་མཛད་ཆེད། སྐུ་དྲག་གི་བུ་ཕྲུག་ཁག་གཅིག་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་སློབ་སྦྱོང་བྱེད་པར་མངག་རྒྱུ་དང་། དེ་ཡང་དང་ཐོག་སྐུ་དྲག་ཆེ་ཁག་གི་བུ་ཕྲུག་ཁོངས་ནས་མངག་རྩིས་མཛད་ཀྱང་། དབྱིན་ཇི་ས་ཐག་རིང་ཞིང་། མཚོ་ཐོག་འགྲུལ་བཞུད་ཡུན་རིང་བྱེད་དགོས་པ་སོགས་ལམ་བགྲོད་དཀའ་བས་ཕྱིར་ལོག་ཀྱང་ཨེ་ཡོང་སྙམ་པའི་དོགས་འཆར་དང་འཇིགས་སྣང་ཅི་རིགས་ཤིག་ཡོད་པས། སྐུ་དྲག་ཆེ་ཁག་གིས་བུ་ཕྲུག་འགྲོ་མི་དགོས་པའི་ཐབས་ཤེས་བཏང་སྟབས། མཐར་སྐུ་དྲག་ཆུང་ཁག་གི་བུ་ཕྲུག་ཁོངས་ནས་མངག་རྒྱུ་མཛད་དེ། ངའི་ཕ་རིན་སྒང་རིག་འཛིན་རྡོ་རྗེ་དང་སྨོན་གྲོང་མཁྱེན་རབ་ཀུན་བཟང་། སྐྱིད་སྦུག་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་བྱིས་པ་བཞི་པོ་མངག་རྒྱུ་བྱས།

སློབ་ཕྲུག་བཞི་དབྱིན་ཇིར་མ་ཕྱིན་པའི་སྔོན།

སློབ་ཕྲུག་བཞི་དབྱིན་ཇིར་མ་ཕྱིན་པའི་སྔོན། ལྷ་སའི་ལུང་ཤར་ཤག་ནས་བླངས་པའི་པར་རིས།

1913ལོའི་ལོ་མགོར་སློབ་སྐྱེལ་མགོ་གཙོ་རིམ་བཞི་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་གྱིས་སྣེ་ཁྲིད་འོག་རྒྱ་གར་བརྒྱུད་ནས་མཚོ་གྲུར་བསྡད་དེ་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་ཕེབས། ཁོང་ཚོ་ལུན་ཏོན་དུ་འབྱོར་ནས་སློབ་གྲྭར་དངོས་སུ་མ་ཞུགས་གོང་ཐོག་མར་དགེ་རྒན་ཟུར་བསྟེན་བྱས་ནས་དབྱིན་ཇིའི་སྐད་དང་ཡི་གེ་སྦྱངས། དེ་རྗེས་རག་པིའི་(Rugbyschool)སློབ་གྲྭར་ཞུགས། རག་པིའི་ནི་དབྱིན་ཇིའི་གྲགས་ཆེ་བའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པ་དང་། གྲོང་ཁྱེར་གྱི་མིང་དེ་སློབ་གྲྭར་ཐོགས་པ་ཞིག་ཡིན་འདུག སློབ་གྲྭ་དེ་ནི་ཉིའུ་ཅིན་(Oxforduniversity) དང་ཅན་ཆའོ་ཞེས་པའི་སློབ་གྲྭར་ཐོགས་པ་ཞིག་ཡིན་འདུག སློབ་གྲྭ་དེ་ནི་ཉིའུ་ཅིན་(Oxforduniversity) ཅན་ཆའོ་ཞེས་པའི་སློབ་གྲྭ་ཆེན་མོ་དང་འདྲ་བར་སློབ་ཁྲིད་སྤུས་ཚད་ལེགས་ཤིང་འཚོ་བའི་ཆ་རྐྱེན་ཕུན་སུམ་ཚོགས་པས། ལོ་རིམ་མཐོ་པོར་སླེབས་དུས། སློབ་ཕྲུག་རེར་ཉལ་ཁང་ཁེ་གཙང་རེ་ཡོད་ཐོག སྒེའུ་ཁུང་མདུན་དུ་མེ་ཏོག་ལྡུམ་ར་ཆུང་ཆུང་དང་། ཉལ་ཁང་ནང་ཨི་སི་པི་རིང་གི་ཉལ་ཁྲི་སོགས་སྒྲིག་ཆས་སྤུས་དག་གཤོམ་སྒྲིག་བྱས་ཡོད་འདུག སློབ་ཡོན་མཐོ་བས་སློབ་གྲྭ་དེར་སློབ་སྦྱོང་བྱེད་མཁན་མང་ཆེ་བ་རྒྱལ་ཕྲན་ཁག་གི་རྒྱལ་སྲས་དང་། སྐུ་དྲག་འབྱོར་ལྡན་གྱི་བུ་ཕྲུག་ཡིན་འདུག

རག་བྷི་གཙུག་ལག་སློབ་གྲྭ

རག་བྷི་གཙུག་ལག་སློབ་གྲྭ

བོད་ནས་མངགས་པའི་ཁོང་ཚོ་གཞོན་ནུ་བཞི་པོ་ལས་ལོ་འགར་དབྱིན་ཡིག་དང་རིག་ཚན་སྦྱངས་ནས་ལེགས་པོར་ཤེས་རྗེས། ཆེད་ལས་སློབ་སྦྱོང་བྱེད་མགོ་བརྩམས་མགོ་བརྩམས་ཤིང་། ཕ་རིག་འཛིན་རྡོ་རྗེས་གློག་འཕྲུལ་གྱི་ལག་རྩལ་དང་། སྨོན་གྲོང་མཁྱེན་རབ་ཀུན་བཟང་གིས་ས་གཏེར་འཚོལ་འདོན། སྐྱིད་སྦུག་དབང་འདུས་ནོར་བུས་གློག་འཕྲིན་དང་ས་ཚད་ཐིག་ལེན་གྱི་ལག་རྩལ། སྒོག་མཁར་བསོད་ནམས་མགོན་པོས་དམག་དོན་བཅས་སློབ་སྦྱོང་བྱས། ཕ་རིག་འཛིན་རྡོ་རྗེ་དབྱིན་ཇིར་སློབ་སྦྱོང་ལོ་བཅུ་ཙམ་གནང་རིང་རང་ཡུལ་དུ་འཁོར་ཞག་ལ་ཐེངས་གཅིག་ཕེབས་པ་ཕུད། དེ་བྱིངས་དུས་ཚོད་རིང་པོར་མ་ལོན་པར་མི་ཡུལ་ས་མཐར་ངལ་བ་ཁྱད་དུ་བསད་ཅིང་། དཀའ་བ་དང་དུ་བླངས་པ་དང་། བརྩོན་པ་ལྷུར་ལེན་མཛད་པས་དབྱིན་ཇིའི་སྐད་ཡིག་དང་། གློག་ལས་ལག་རྩལ་སློབ་སྦྱོང་བྱས་པ་དང་། སློབ་གྲྭས་དངོས་སུ་སྦྱངས་འབྲས་ལེགས་སོན་གྱི་སློབ་ཐོན་ལག་འཁྱེར་སྤྲད་ཡོད།

ལུན་ཏོན་དུ་སློབ་སྦྱོང་གནང་སྐབས་ཕ་དམ་པས་རང་གི་ཆེད་ལས་ལག་རྩལ་ལ་བརྩོན་ཞིབ་ཆེན་པོ་གནང་བར་མ་ཟད། ད་དུང་ལྐོག་ཏུ་རྫས་མདེལ་བཟོ་སྟངས་ཀྱང་སློབ་སྦྱོང་གནང་འདུག དེ་ནི་ཕ་དམ་པ་རང་ཡུལ་དུ་འཁོར་ཞག་ལ་ཐེངས་གཅིག་ཕེབས་དུས་སྤུན་མཆེད་དང་། གྲོགས་པོ་འགའ་ཞིག་ནས་ཁྱེད་ཀྱིས་གློག་ལས་བསླབས་པ་དེ་དགོས་མཁོ་ཆེན་པོ་ཡོད་པ་ཞིག་ཡིན་མོད། འོན་ཀྱང་རྫས་མདེལ་བཟོ་སྟངས་བསླབས་ན་རང་རེ་བོད་ལ་དེ་བས་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་ལུགས་བཤད་མཁན་བྱུང་བ་དང་། དེས་མི་ཚད་ཁོང་ཆུང་དུས་མེས་པོ་དང་རྒན་རབས་ཚོའི་ངག་རྒྱུན་ལས། 1904ལོའི་དབྱིན་འགོག་དམག་འཁྲུག་སྐབས། རང་རེར་རྫས་མདེལ་དཀོན་པོའི་དཀའ་ངལ་བྱུང་བ་དང་། ཆུ་མིག་ཤིང་འགོར་ཞི་ཆིངས་གྲོས་མོལ་བྱེད་སྐབས། རང་རེ་བོད་དམག་ཚོས་བཟུང་བའི་མཚོན་ཆ་ནི་བོད་མདའ་ཡིན་པ་དང་། དབྱིན་དམག་ཚོས་མེ་མདའ་འཕྲུལ་མདའ་བཟུང་ཡོད་པ་རེད། ཞི་མོལ་དངོས་སུ་བྱ་ཉེ་བའི་སྐབས་སུ་དབྱིན་ཇི་བཙན་འཛུལ་པས་ཞི་གྲོས་ལེགས་འགྲིག་ཡོང་ཆེད་ཚང་མས་དྲག་ཆས་འབེབས་དགོས་ཚུལ་བཤད་དེ། ཁོ་པ་ཚོའི་དམག་མིས་མེ་མདའ་པོར་ཏོག་དཀྲུགས་ཏེ་མདེའུ་རེ་བཏོན། བོད་དམག་ཚོས་བོད་མདའི་སྦུ་ཏིའི་མེ་བསད་རྗེས། ཞི་མོལ་སྐབས་སྐད་ཆའི་ཚིག་ཁ་མཐོ་དམན་ལ་བསྙད་ནས་མེ་མདའ་དགུ་ཤོག་རྒྱག་པ་སོགས་འཁྲུག་རྐྱེན་བསླངས་ཏེ། བོད་དམག་གི་བཀོད་འདོམས་མདའ་དཔོན་ལྷ་སྡིང་པ་དང་རྣམ་གླིང་པ་སོགས་དགྲར་ཤོར་ཕམ་ཉེས་བྱུང་བའི་བསླབ་བྱ་རྣམས་གསན་ཐོས་བྱུང་རྐྱེན་དྲག་ཆས་ཡར་རྒྱས་གཏོང་ཆེད་རྫས་མདེལ་བཟོ་སྟངས་སློབ་རྒྱུར་བློ་ཐག་བཅད། སྤྱིར་དབྱིན་ཇི་རུ་མི་སྒེར་གྱི་རྫས་མདེལ་བཟོ་སྟངས་བསླབས་ན་ཁྲིམས་དང་འགལ་བ་ཞིག་ཡིན་རུང་། ཕ་དམ་པས་རང་གི་ཕ་ཡུལ་སྲུང་སྐྱོབ་ཀྱི་དགོས་མཁོའི་དོན་དུ་རང་ཉིད་ཁྲིམས་ཀྱི་འཇིགས་པར་ཅི་མི་སྙམ་པས་རྫས་མདེལ་བཟོ་སྟངས་ཁྲིད་མཁན་གྱི་དགེ་རྒན་ལ་གླ་རྔན་མི་ཉུང་བ་བྱིན་ནས་གསང་ཐབས་ཀྱིས་རྫས་མདེལ་བཟོ་སྟངས་བསླབས།

སློབ་སྤྱི་ལུང་ཤར་ཚེ་རྒྱལ་དང་སློབ་ཕྲུག་བཞི་པོ་རྒྱལ་ས་ལོན་ཊོན་དུ་ཕེབས་ཐོན་མཛད་པ། ཕྱོ་ལོ་༡༩༡༣ལོར། དབྱིན་ཇིའི་རྒྱལ་ས་ལོན་ཊོན།

སློབ་སྤྱི་ལུང་ཤར་ཚེ་རྒྱལ་དང་སློབ་ཕྲུག་བཞི་པོ་རྒྱལ་ས་ལོན་ཊོན་དུ་ཕེབས་ཐོན་མཛད་པ། ཕྱོ་ལོ་༡༩༡༣ལོར། དབྱིན་ཇིའི་རྒྱལ་ས་ལོན་ཊོན།

སློབ་གྲྭ་ལས་མཐར་ཕྱིན་རྗེས། ལོན་ཏུན་གྱི་བཟོ་གྲྭ་ཞིག་ལ་དངོས་སྦྱོང་གནང་སྐབས། ཁོང་གི་གློག་ལས་ལག་རྩལ་ཡག་པོ་ཡོད་པ་མཐོང་བས་བཟོ་གྲྭའི་མགོ་ཁྲིད་ནས་ཁྱེད་རང་ཚོའི་བཟོ་གྲྭར་ལོ་ཤས་མུ་མཐུད་ལས་ཀ་བྱས་ན་ཕོགས་ཐོབ་ཆེན་པོ་སྤྲོད་རྒྱུ་ཡིན་ལུགས་བཤད་འདུག འོན་ཀྱང་ཕ་དམ་པས་ང་ཚོ་རང་གི་ཕ་ཡུལ་དུ་ཅི་ཙམ་མགྱོགས་པོར་ལོག་ཐུབ་ན། དེ་ཙམ་གྱིས་ཕན་ནུས་ཐོན་རྒྱུར་དགོངས་ཏེ། བཟོ་གྲྭ་དེར་མུ་མཐུད་དུ་ཕྱག་ལས་གནང་རྒྱུའི་ཁས་ལེན་མ་གནང་བར་བོད་ལྗོངས་སུ་གང་མགྱོགས་སྒོས་ལོག་རྒྱུར་གཏན་འཁེལ་ཐོག ལུན་ཏོན་ནས་དངོས་སུ་མ་ཐོན་གོང་ལྷ་སར་གློག་ཁང་ཞིག་འཛུགས་རྒྱུར་འཚམ་པའི་ཆུ་ཤུགས་གློག་འདོན་འཕྲུལ་ཆས་མ་ལག་ཆ་ཚང་གཅིག་ཐབས་སྣ་ཚོགས་ཀྱིས་ཉོ་སྒྲུབ་མཛད།

1923ལོར་ཙམ་ལ་ཕ་དམ་པ་བོད་དུ་ཕྱིར་ལོག་གནང་། ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ནི་སྔོན་ཆད་རྒྱ་ནག་དང་། སོག་ཡུལ། རྒྱ་གར་སོགས་ཡུལ་གྲུ་ཁག་ལ་ཕེབས་བཞུད་གནང་བ་ལས་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་གང་མང་ཐེབས་པའི་སྟབས་ཀྱིས་བོད་ཀྱི་ལུགས་རྙིང་ལ་གསར་བཅོས་འོས་འཚམ་དང་། བོད་ཀྱི་ཚན་རིག་རིག་གནས་འཕེལ་རྒྱས་གཏོང་བའི་ཐུགས་འདུན་ཡོད་པས། ཁོང་ཚོ་སློབ་ཕྲུག་བཞི་པོས་རང་རང་གི་ཆེད་ལས་ལེགས་པོར་སྦྱངས་ནས་སློབ་མཐར་ཕྱིན་ནས་ལྷ་སར་ཕྱིར་སླེབས་པར་དགྱེས་མཉེས་ཆེན་པོ་གནང་བ་དང་། དེ་དུས་ཁོང་ཚོ་གཞུང་ཞབས་ཞུས་མེད་པས་ཏྰ་ལའི་བླ་མའི་མཇལ་ཁ་སོགས་མཛད་སྒོ་ཁག་ལ་ཕྱི་རྒྱལ་གྱི་ཆས་གོས་ཀོར་དང་། སྤ་ཐི་ལི་གྱོན་ཞིང་། ཀྲ་ཡེ་བརྒྱབ་ནས་བཅར་ཆོག་པ་དང་། ཡང་སྒོས་ངའི་ཕ་དམ་པ་ནི་ཁོང་ཚོ་བཞི་པོའི་ནང་ནས་ལོ་ན་ཆུང་ཤོས་དང་། ལུན་ཏོན་ལ་སློབ་སྦྱོང་གནང་ཡུན་རིང་ཤོས་ཡིན་པས། སྦྱངས་འབྲས་ལེགས་ལ་བསླབ་པའི་ཆེད་ལས་དེ་རང་ཡུལ་དུ་དངོས་སུ་བེད་སྦྱོད་ཐུབ་པ་བཅས་བྱུང་བར་བརྟེན་གཟིགས་སྐྱོང་དེ་བས་ཆེན་པོ་གནང་བཞིན་ཡོད། དཔེར་ན། སྤྱིར་མི་སུ་འདྲ་ཞིག་ཡིན་རུང་བཀའ་ཤག་གིས་མཚོན་ལས་ཁུངས་ཁག་ལ་འགྲོ་བསྐྱོད་བྱེད་སྐབས་མིག་ཤེལ་རྒྱག་མི་ཆོག་པ་ཞིག་ཡིན་མོད། འོན་ཀྱང་ཕ་དམ་པ་ལུན་ཏོན་དུ་སློབ་སྦྱོང་གནང་བའི་སྐབས་སུ་རྒྱང་མིག་གི་ཤེད་ཤུགས་ཤོར་ནས་མིག་ཤེལ་རྒྱག་དགོས་ཀྱི་ཡོད་པ་དེ་བོད་ལ་ཕྱིར་ལོག་གི་ལམ་བར་ཕག་རིར་ཕེབས་སྐབས། ཕག་རི་བལ་ཤོ་མཁན་ཆུང་ངག་དབང་བསྟན་འཛིན་གྱིས་གནས་ཚུལ་དེ་ཤེས་ཏེ་ཏྰ་ལའི་བླ་མར་སྙན་ཞུ་ཕུལ་བས། ཕ་དམ་པ་ལྷ་སར་ཕྱི་ར་ལོག་རྗེས། གཞུང་གི་མཛད་ཆེན་ཁག་ཕུད་དེ་མིན་བཀའ་ཤག་དང་ལས་ཁུངས་ཁག་ལ་མིག་ཤེལ་བརྒྱབ་ནས་ཕེབས་བཞུགས་ཆོག་པའི་བཀའ་འཁྲོལ་བ། དྲུང་འཁོར་ཞབས་གསར་བ་རྣམས་སྔར་སྲོལ་དྲག་རྩལ་རྒྱུགས་འབུལ་ཐེངས་རེ་ཞུ་དགོས་པ་བཞིན་ཕ་དམ་པ་ཁོང་ཚོའི་གྲས་ཞབས་གསར་བ་ཁག་གཅིག་རྩལ་རྒྱུགས་འབུལ་ཞུ་རེས་ཁེལ་བའི་སྐབས་དེར་ཏྰ་ལའི་བླ་མའི་བཀའ་སམ་སྐྱེལ་མི་ཆིབས་གཡོག་ང་ཚོའི་ཁྱིམ་ལ་ཡོང་དུས། ཕ་དམ་པ་ཁོང་རྩལ་རྒྱུགས་སྦྱོང་བར་ཕེབས་ནས་བཞུགས་མེད་པ་ཐེངས་ཁ་ཤས་བྱུང་བས། ཏྰ་ལའི་བླ་མས་བྱང་ངོས་པ་རིག་འཛིན་རྡོ་རྗེ་ནི་ཆུང་དུས་རག་པིའི་སློབ་གྲྭར་སྡོད་རིང་རིག་གནས་དང་ཆེད་ལས་བསླབས་པས་མི་ཚད། ལུས་རྩལ་གྱི་རྣམ་གྲངས་ལའང་སྦྱངས་པ་བྱས་ཡོད་ན། དྲུང་འཁོར་རྩལ་རྒྱུགས་རྒྱུགས་འབུལ་ཞུ་བའི་དགོས་པ་དེ་ཙམ་ཨེ་ཡོད་ཅེས་བཀའ་ཕེབས་པ་བཞིན། རྩིས་ཁང་ལས་ཁུངས་ནས་འཆར་ཕུལ་ཕྱག་རྟགས་དགོངས་དོན་ཕ་དམ་པ་ཁོང་གིས་རྩ་རྒྱུགས་རྒྱུགས་འབུལ་གནང་མི་དགོས་པ་བྱུང་འདུག ཏྰ་ལའི་བླ་མའི་གཟིགས་བསྐྱངས་ཀྱིས་ཕ་དམ་པ་ཞབས་སྡོད་ཞུས་ནས་ལོ་གཉིས་གསུམ་སོང་རྗེས། ལྷ་ས་གཉེར་ཚང་པ་བསྐོ་གཞག་དང་། དེ་རྗེས་རྩེ་ཕྱག་ཀྱང་ཕ་དམ་པས་བྱེད་མི་དགོས་པའི་དགོངས་ཞུ་གནང་བ་མ་གཏོགས་བསྐོ་རྩིས་གནང་འདུག

༸གོང་ས་བཅུ་གསུམ་པ་ཆེན་མོ་མཆོག་དང་འབྲས་སྤྱི་བྷེའར།

༸གོང་ས་བཅུ་གསུམ་པ་ཆེན་མོ་མཆོག་དང་འབྲས་སྤྱི་བྷེའར།

ཕ་དམ་པ་རིག་འཛིན་རྡོ་རྗེ་ལུན་ཏོན་ནས་ཕྱིར་སླེབས་ནས་རིང་པོར་མ་སོང་བར་ཏྰ་ལའི་བླ་མས་ཆུ་ཤུགས་གློག་འདོན་ཁང་དེ་མྱུར་དུ་གསར་འཛུགས་བྱེད་དགོས་པའི་བཀའ་ཕབ་པ་བཞིན་ལྷ་སའི་ཉེ་འདབས་ཀྱི་ས་ཆ་འགའ་ཞིག་ལ་གློག་ཁང་རྒྱག་ཡུལ་ཅི་འོས་བསྐོར་ཞིབ་གནང་བར་དོག་སྡེའི་ཕུ་ནི་རང་བྱུང་ཆུ་རྩ་བཟང་ཞིང་། ཆུ་འདྲེན་གཏོང་གི་ལས་གྲྭ་ཆེན་པོ་བྱེད་མི་དགོས་པ་སོགས་སྐབས་དེའི་ཆ་རྐྱེན་ལ་གཞིགས་ན། དོག་སྡེར་གློག་ཁང་རྒྱག་རྒྱུ་གཏན་ཁེལ་བྱས་ནས་ལས་གྲྭ་དངོས་སུ་མགོ་ཚུགས། དེའི་རིང་ཐོག་མའི་ཇུས་འགོད་དང་། ཐིག་ལེན། འཕྲུལ་འཁོར་ལྷུ་སྒྲིག་སོགས་གང་སར་ཕ་ལགས་རང་ཉིད་དངོས་སུ་ཕེབས་ནས་བཀོད་པ་གཏོང་དགོས་ཀྱི་འདུག གང་ལགས་ཤེ་ན། དེ་དུས་ཁོང་གི་ལས་རོགས་སུ་འཆར་འགོད་བྱེད་མི་དང་། ལས་གྲྭའི་དབུ་ཆེན་ལག་རྩལ་པ་ལྟ་ཅི། ཐ་ན་གློག་ལས་ཕྲན་བུ་ཤེས་པའི་གློག་ལས་བཟོ་པ་ཙམ་ཡང་མེད་པ་རེད། ལས་གྲྭ་དེ་མགྱོགས་པོར་ལེགས་འགྲུབ་བྱུང་ནས་གློག་མྱུར་དུ་འདོན་ཐུབ་པའི་ཆེད་དུ་ཁོང་ལས་སར་རྟག་བཞུགས་བྱས་ཏེ་ཞིབ་ཆའི་ལས་ཀ་མང་པོ་ཞིག་ལ་བཀོད་འདོམས་གནང་དགོས་པས། གསོལ་ཆས་དུས་ཐོག་ཏུ་མེད་པ་དང་ངལ་གསོ་གནང་ཁོམ་མེད་པའང་ཡང་ཡང་བྱུང་འདུག མཐར1928ལོར་དོག་སྡེར་ཆུ་ཤུགས་གློག་འདོན་ཁང་ལེགས་འགྲུབ་བྱུང་ཟིན་པ་དང་། གློག་འདོན་གྱི་ལས་ཀ་དེ་སྐྱོན་མེད་རྒྱུན་ལྡན་ཡོང་ཆེད་ཁོང་དུས་སྐབས་ཤིག་རིང་དོག་སྡེའི་གློག་ཁང་དུ་སྤོས་ནས་གཏན་བཞུགས་གནང་འདུག

རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ།

རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ།

ཆུ་ཤུགས་གློག་འདོན་ཁང་ཆུང་གྲས་ཤིག་བརྒྱབ་པར་དེང་གི་ཆ་ནས་བལྟས་ན་ཧ་ལས་དགོས་པ་ཅི་ཡང་མེད། ཡིན་ནའང་སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་རིག་གནས་ཧ་ཅང་རྗེས་ལུས་ཡིན་པ་དང་། གློག་གི་ལས་ཀ་ཕར་ཞོག གློག་མཐོང་མྱོང་བ་དང་། ཐ་ན་གློག་གི་ཐ་སྙད་ཙམ་ཡང་ཐོས་མྱོང་མེད་མཁན་ཇི་སྙེད་ཡོད་པར་མ་ཟད། གློག་ལས་སྤེལ་ན་མེ་སྐྱོན་དང་། ལྷ་ཀླུར་ཕོག་ཐུག་ཡོང་ཚུལ་ཤོད་པ་སོགས་འགོག་རྐྱེན་སྣ་ཚོགས་པ་ཞིག་ཡོད་པ་རེད། དེ་ལྟའི་གནས་བབ་ཀྱི་ཁྲོད་དུ་བོད་རིགས་རང་ཉིད་ནས་རང་གི་ཕ་ཡུལ་དུ་གློག་གི་སྒྲོན་མེ་དང་པོ་སྦར་བར་དོན་སྙིང་ཟབ་མོ་ལྡན་པར་མ་ཟད། ད་ལྟའི་ངོས་ནས་བཤད་ན་ཆུ་ཤུགས་གློག་འདོན་ཁང་དང་པོ་དེ་ཡུན་ནན་དུ་བཙུགས་པ་དེ་ཡིན་པ་དང་། གཉིས་པ་ནི་བོད་ལྗོངས་སུ་བཙུགས་པ་དེ་ཡིན་ཚོད་འདུག

དེ་སྔ་བོད་ཀྱི་དངུལ་ལོར་པར་འདེབས་སོགས་ལག་ཤུགས་ཀྱིས་བྱེད་དགོས་པ་དེ་དག་དོག་སྡེ་ཆུ་ཤུགས་གློག་འདོན་ཁང་ལེགས་འགྲུབ་བྱུང་རྗེས། གྲྭ་བཞི་གློག་འཕྲུལ་ཁང་གསར་རྒྱག་དང་འབྲེལ་དོག་སྡེ་ནས་གྲ་བཞིར་གློག་བཏང་སྟེ་དངུལ་ལོར་པར་འདེབས་པ་དང་། དེ་མིན་གྲྭ་བཞིར་གཅུས་གཟེར་སོགས་ལེ་ལག་ཙག་ཙིག་བཟོ་བ་དང་། ལྕགས་རིགས་གཏུབ་གཞོག་དང་གཅོང་བརྡར་སོགས་བྱེད་རྒྱུར་གློག་ཤུགས་སྤྱོད་ཀྱིན་ཡོད་ཅིང་། ད་དུང་ཁོང་གིས་གྲྭ་བཞིར་རྫས་མདེལ་བཟོ་བའི་ཚོད་ལྟའང་གནང་འདུག རྫས་ནི་ཚད་ལྡན་བཟོ་ཐུབ་ཡོད་རུང་། མདེའུའི་ཀ་ཏོར་བཟོ་བའི་རྒྱུ་ཆ་དང་སྒྲིག་ཆས་ཇི་བཞིན་མེད་སྟབས། མདེའུའི་སྤུས་ཚད་ཐད་ཚད་ལོང་མ་ཐུབ་པར་སྐབས་རེ་ཡག་པོ་འབར་མ་ཐུབ་པ་དང་། འབར་རུང་ཚ་ཁ་ཟིན་པོ་མེད་པ་བྱུང་ཞིང་། དེ་རྗེས་ཕྱི་རྒྱལ་ནས་དྲངས་པའི་མདེའུའི་ཀ་ཏོག་རྙིང་པ་བེད་སྤྱད་ནས་མེ་རྫས་མེ་རྫས་བླུགས་ཏེ་ཚོད་ལྟ་བྱེད་སྐབས་འབར་གས་དང་ཚ་ཁ་ཟིན་ཚད་གང་ཐད་ཕྱི་རྒྱལ་གྱི་མདེའུ་དང་ཁྱད་མེད་པ་བྱུང་འདུག

ཡང་ལོ་རབས་ཉི་ཤུ་པའི་ལོ་སྟོད་དུ་ནོར་གླིང་སྤྱན་གསལ་ཕོ་བྲང་གསར་བཞེངས་ལེགས་འགྲུབ་བྱུང་རྗེས། ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྤྱན་གསལ་ཕོ་བྲང་ལས་ཤག་གི་ལྕགས་རིའི་ཕྱིའི་ཤར་ངོས་སུ་ཆུ་ཤུགས་གློག་འདོན་ཁང་ཆུང་གྲས་ཤིག་གསར་འཛུགས་དང་འབྲེལ་སྤྱན་གསལ་ཕོ་བྲང་ནང་གློག་འདྲེན་འཛུགས་མཛད།

གོང་སྨོས་དོག་སྡེ་གློག་ཁང་གསར་འཛུགས་བྱས་ནས་གློག་འདོན་བྱ་མུས་ཐོག གྲྭ་བཞིའི་གློག་འཕྲུལ་ཁང་དུ་དངུལ་ལོར་པར་འདེབས་ལས་གྲྭ་ཁག་ལ་དོག་སྡེ་གློག་ཁང་ནས་གློག་བཏང་སྟེ་ལས་ཀ་བྱེད་པ་དང་། སྤྱན་བསལ་ཕོ་བྲང་གི་གཟིམ་ཆུང་ཁག་དང་བཅས་པར་གློག་འདྲེན་འཛུགས་བྱས་རྗེས། ཕལ་ཆེར་1931ཙམ་ལ་སྐབས་དེའི་གྲྭ་བཞི་གློག་འཕྲུལ་ལས་ཁུངས་ཀྱི་མགོ་འཛིན་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་གྱིས་ཏྰ་ལའི་བླ་མའི་བཀའ་དགོངས་ཡིན་ཞེས་ཕ་ལགས་ལ་ལྷ་སའི་གྲོང་ཁྱེར་ནང་དུ་གློག་བཞུ་འཁྲིད་འཛུགས་བྱ་དགོས་ཞེས་གསུངས་པས། ཏྰ་ལའི་བླ་མ་སྐུ་མ་གཤེགས་གོང་། 1932ལོ་ཙམ་ལ་བཀའ་ཤག་གིས་འཆར་ཕུལ་ཕྱག་རྟགས་དགོངས་དོན་ཕ་ལགས་ལྷ་སར་རྟག་བཞུགས་ཀྱི་འགྲོ་གྲོན་ཆེ་བས་ཐབ་རྟེན་དུ་སྤུ་ཧྲེང་རྫོང་སྡོད་ངོ་ཚབ་བཏང་འཐུས་སུ་ལོ་དྲུག་རིང་བསྐོ་གཞག་བསྩལ།

གྲྭ་བཞིའི་གློག་འཕྲུལ་ལས་ཁུངས་ཀྱི་དབུ་འཛིན་ཆེན་མོ་ཐུབ་བསྟན་ཀུན་འཕེལ་ལགས།

གྲྭ་བཞིའི་གློག་འཕྲུལ་ལས་ཁུངས་ཀྱི་དབུ་འཛིན་ཆེན་མོ་ཐུབ་བསྟན་ཀུན་འཕེལ་ལགས།

དེ་རྗེས་ལྷ་སའི་གྲོང་ཁྱེར་ནང་དུ་གློག་བཞུ་འདྲེན་འཛུགས་བྱེད་ཆེད་ལྷ་ས་རྗེ་འབུམ་སྒང་དུ་གློག་ཤུགས་མཁོ་འདོན་ཁང་ཐོག་སོ་ཉིས་ཐོག་ཅིག་གསར་རྒྱག་དང་། གློག་ཤུགས་མཁོ་འདོན་ཁང་དེར་བསྒྲིག་རྒྱུའི་གློག་འདོན་འཕྲུལ་ཆས་ཆུང་བ་དང་། དེ་མིན་གློག་འདྲེན་འཛུགས་ལ་མཁོ་བའི་གློག་སྐུད་དང་ཤེལ་ཏོག་སོགས་གློག་ཆས་ཉོ་སྒྲུབ་བྱེད་མི་རྒྱ་གར་དུ་ཆེད་གཏོང་སོགས་གྲ་སྒྲིག་གི་ལས་ཀ་རྣམས་བསྒྲུབས། དུས་དེ་ནི་རྭ་སྒྲེང་རིན་པོ་ཆེ་རྒྱལ་ཚབ་གནང་བའི་སྐབས་ཡིན། དེ་དུས་གློག་ལས་ཀྱི་བཟོ་པའང་བཅུ་ལྷག་ཙམ་འདུག་པ་དེ་ཚོ་ནི་དོག་སྡེའི་གློག་ཁང་གསར་འཛུགས་བྱས་ཚུན་ཕ་དམ་པས་གསོ་སྐྱོང་གནང་ནས་འཚར་ལོངས་བྱུང་བ་དང་། ཁོ་ཚོའི་ནང་ནས་ལག་རྩལ་པ་བཟང་པོ་རླུའུ་ཡས་ཀྱིས་ལྷ་ས་གློག་ཤུགས་མཁོན་འདོན་ཁང་དང་། བློ་བཟང་གིས་དོག་སྡེ་གློག་འདོན་ཁང་དུ་ལས་ཀ་གཙོ་བོར་བྱེད་པ་དང་། དེ་མིན་དགེ་འདུན་དང་ཁྲ་གས་སོགས་ནི་གློག་ཤིང་འཛུགས་པ་དང་། གློག་སྐུད་ཁྲིད་པ་སོགས་ཕྱིར་བསྐྱོད་བྱེད་ཀྱིན་འདུག གློག་ཐོག་མ་དེ་གཙུག་ལག་ཁང་གི་ཇོ་བོ་དབུ་སྐྲ་དང་ར་མོ་ཆེ་གཙུག་ལག་ཁང་གི་རྡོ་གཅལ་དུ་བཙུགས་ནས་ཇོ་ཤག་རྣམ་གཉིས་ལ་གློག་གི་སྣང་གསལ་ཕུལ་ཞིང་། དེ་རྗེས་རྒྱལ་ཚབ་རིན་པོ་ཆེའི་བཞུགས་གནས་རྭ་སྒྲེང་བླ་བྲང་དང་སྲིད་བློན་གླང་མདུན་དང་ཞབས་པད་རྣམ་པའི་གཟིམ་ཤག་ཏུ་གློག་འཐེན། དེ་ནས་རིམ་པས་སྐུ་དྲག་ཁག་དང་བླ་བྲང་བྲང་ཁག ཚོང་རིགས། ལག་ཤེས་བཟོ་པ་འགའ་ཞིག་བཅས་ཀྱི་སྡོད་ཁང་དུ་གློག་འཐེན། དེའི་ཚེ་གློག་བཞུ་སྦར་མཁན་དུད་ཚང་མང་པོ་མེད་པས་གློག་ཤུགས་འདང་ངེས་ཡོད་གཤིས། ཚང་མས་གློག་བཞུ་ནི་ས་བཞུ་ལྟར་སྣུམ་དང་དབུགས་ཡང་ཡང་རྫོགས་པ་སོགས་རྙོག་དྲ་མེད་པ་དང་སྤྲང་མ་རྣམས་འོད་ལ་ལྕེབས་པས་ཤི་བ་སོགས་མི་དགོས་པའི་དགེ་མཚན་ཆེ་ལ། བཞུ་འོད་ཀྱང་ཧ་ཅང་གསལ་པོ་འདུག་ཅེས་ཟེར་བ་དང་། དེ་བཞིན་དོང་བཟོ་བ་སོགས་ལག་ཤེས་བཟོ་པ་འགའ་ཞིག་གིས་གློག་བཞུའི་འོག་ཏུ་མཚན་ལས་བྱེད་ཀྱི་ཡོད་འདུག་པས། ཁོ་ཚོས་ཉིན་མོ་ལས་ཀ་བྱས་པ་ལྟར་འདུག་ཅེས་དགའ་སྤྲོའི་ངང་གློག་བཞུར་བསྟོད་པ་བྱས།

ལྷ་སའི་གྲོང་དུ་གློག་བཞུ་འཐེན་པའི་ལས་དོན་ལེགས་འགྲུབ་བྱུང་རྗེས། 1937ལོར་བཀའ་ཤག་ནས་རྒྱལ་ཚབ་རིན་པོ་ཆེའི་འཆར་ཕུལ་ཕྱག་རྟགས་དགོངས་དོན་ཕ་དམ་པ་ལྷ་ས་གཉེར་ཚང་པ་རང་འཇགས་ཐོག་རིམ་བཞི་བསྐོ་བཞག་དང་། དེ་རྗེས་སྟོད་སྤུ་ཧྲེང་རྫོང་སྡོད་ངོ་ཚབ་བཏང་འཐུས་སུ་དེ་སྔོན་ལོ་དྲུག་བསྐོ་གཞག་བསྩལ་བ་ལོ་དུས་རྫོགས་མཚམས་ནས་སླར་ཡང་ལོ་གཉིས་རང་འཇགས་བསྐོ་བཞག་བསྩལ། དེ་དུས་གློག་བཞུ་འཛུགས་མཁན་དུད་ཚང་སོ་སོར་གློག་གི་ཆུ་ཚོད་དགར་མེད་པས་ཤེལ་ཏོག་ཆེ་ཆུང་ལ་གཞིགས་ནས་གློག་རིན་བསྡུ་བཞིན་ཡོད་ཅིང་། ཤེལ་ཏོག་ཨང་གྲངས་ཆུང་ཤོས་ཨང་15བྱས་པར་ཉིན་རེ་གློག་རིན་སྐར་ཕྱེད་བརྒྱད་རེ་བསྡུ་བ་དང་། རྣམ་ཀུན་ཁྱིམ་ཚང་སོ་སོར་སྦར་མི་དགོས་པའི་ཤེལ་ཏོག་ལ་དམ་ཆས་ཞུས་ནས་གློག་བཞུ་ནས་གློག་རིན་གཅོག་པ་དང་། དུས་ཆེན་སོགས་དགོས་མཚམས་སུ་དམ་ཆས་བཀྲོལ་ནས་གློག་བཞུ་ཉིན་ག་ཚོད་སྦར་བ་དེ་རྩིས་ནས་གློག་རིན་བསྡུ་བ་རེད།

དེ་ནས་ལོ་ཟླ་རིམ་སོང་གིས་གློག་བཞུ་སྤར་མཁན་མང་དུ་སོང་བ་དང་། རྩ་བའི་གློག་འདོན་འཕྲུལ་འཁོར་གྱི་ཤུགས་ཚད་ཧ་ཅང་ཆུང་བས་གློག་ཤུགས་མི་འདང་བའི་རྐྱེན་གྱིས་ཁྱིམ་ཚང་སོ་སོའི་གློག་བཞུ་མི་གསལ་བར་གྱུར་པ་དང་། དགུན་ཁར་ཡུར་བར་དར་ཆགས་པ་དང་། དཔྱིད་ཀ་ཞིང་འདེབས་སྐབས་ཆུ་ཉུང་བ་ངུ་ལས་མི་ཐོབ་པ་བཅས་ལ་བརྟེན་གློག་མཁོ་འདོན་ཡག་པོ་བྱེད་མ་ཐུབ་པའི་གནས་ཚུལ་དེ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། དེ་མཚམས་ཕ་དམ་པས་གནད་དོན་དེ་དེ་སེལ་ཆེད་བཀའ་ཤག་ཏུ་སྙན་ཞུས་བཀའ་འཁྲོལ་བཞིན་རྒྱ་གར་ནས་མེ་ཤུགས་གློག་འདོན་འཕྲུལ་འཁོར་ཆུང་གྲས་ཤིག་སྒྲུབ་འདོན་གྱིས་ལྷ་ས་གློག་ཁང་དུ་སྒྲིག་གཤོམ་དང་འབྲེལ་འཕྲུལ་འཁོར་དེ་བཏང་བས། སྐབས་ཤིག་རིང་གློག་ཤུགས་ཁ་སྣོན་བྱེད་པའི་ཕན་ནུས་ཐོན། ཡིན་ནའང་སྣུམ་མཁོ་འདོན་མུ་འཐུད་དུ་མ་འདང་བ་སོགས་ཀྱི་རྐྱེན་པས། མེ་ཤུགས་གློག་འདོན་འཕྲུལ་འཁོར་དེའང་རིང་པོར་མ་ཐོགས་པར་བེད་སྤྱོད་མེད་པ་ལྟ་བུར་གྱུར་ཏེ་གློག་གི་འགྲོ་གྲོན་དང་གློག་ཤུགས་འབྱུང་རྩའི་བར་གྱི་འགལ་བ་དེ་སྔར་བཞིན་གནས་འདུག དེ་རྗེས་ཕ་ལགས་ནས་གློག་ལས་དེ་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་ཐུབ་པ་ཞིག་དགོས་ཚེ། གློག་འདོན་འཕྲུལ་འཁོར་གྱི་རྟ་ཤུགས་ཆེ་ཙམ་བྱས་པ་ཁ་ཤས་དང་། གློག་གི་ཆུ་ཚོད་སོགས་སྒྲིག་ཆས་འདང་ངེས་ཤིག་ཉོ་སྒྲུབ་དང་། ཆུ་རྩ་ལེགས་བཅོས་སོགས་མི་བྱེད་ཐབས་མེད་ཡིན་ལུགས་བཀའ་ཤག་ལ་སྙན་སེང་རིམ་པ་ཞུས་རུང་། བདག་སྤྲོད་མ་བྱས་སྟབས་གློག་གི་འོད་ཤུགས་ཇེ་ཞན་དང་ཇེ་སྡུག་ཏུ་སོང་ནས་གློག་བཞུ་དེ་སྐབས་འགར་གསལ་པོ་རྩ་བ་ནས་མེད་པ་དང་། དུས་རྒྱུན་དང་ལྷག་པར་དགུན་དཔྱིད་གཉིས་སུ་གློག་མེད་པའི་གནས་ཚུལ་ཡང་ཡང་འབྱུང་བཞིན་ཡོད་པ་རེད། དེར་བརྟེན་མི་མི་ཉུང་བ་ཞིག་གིས་སྐབས་དེའི་གློག་ལའང་འཁང་ར་དང་བཀའ་བཀྱོན་གནང་བ་ནི་ཁག་མེད་པ་ཞིག་རེད།

བོད་རང་གི་གློག་འདོན་ཁང་དང་པོ་དོག་སྡེ་གློག་ཁང་ནི་བོད་རིགས་རང་གིས་གསར་རྒྱག་དང་། གློག་འདོན་བྱས་པ་ཞིག་ཡིན་བཞིན་དུ་དེ་སྔོན་རྩོམ་ཡིག་འགའ་ཞིག་དང་། མི་ལ་ལས་བཅིངས་འགྲོལ་མ་བྱས་གོང་ལ་བོད་དུ་དོག་སྡེར་གློག་ཁང་ཆུང་ངུ་ཞིག་ལས་མེད་པ་དང་། དེའང་དབྱིན་ཇིའི་མིས་བཟོས་པ་རེད་ཅེས་བྱུང་བརྒྱལ་དུ་སྨྲ་བ་ནི་སྐབས་དེའི་ལོ་རྒྱུས་ཀྱི་ཤེས་བྱས་ཕོངས་པ་ཞིག་ཡིན་ན་ཁག་མེད། དེ་མིན་ལས་ལ་བརྩོན་ཞིང་ཤེས་རིག་བཀྲ་བའི་བོད་རིགས་མི་དམངས་ལ་མཐོང་ཆུང་གི་སྤྱོད་ཚུལ་བཟུང་བ་ནི་ཅི་ལ་སྲིད། སྤྱིར་ཕྱིའི་རྒྱལ་ཁབ་དེ་ཚོ་ནི་རང་རེ་ལས་དར་རྒྱས་སུ་འགྲོ་སྔ་བས་ཚན་རིག་ལག་རྩལ་སོགས་མང་པོ་ཞིག་གི་ཐད་ལ་ཁོང་ཚོའི་ས་ནས་སློབ་སྦྱོང་བྱེད་དགོས་པ་མི་ཉུང་བ་ཡོད་མོད། འོན་ཀྱང་ཕྱི་རྒྱལ་བ་ཡོད་ཚད་ང་ཚོ་ལས་མཁས་པ་དང་། ཕྱི་རྒྱལ་བར་ང་ཚོས་སྐྱབས་འཇུག་ཞུ་དགོས་པ་ཁོ་ན་ལས་ཁོ་པ་ཚོས་ང་ཚོར་རེ་མི་དགོས་པ་ག་ལ་ཡིན། ངས་དཔེ་མཚོན་ཙམ་སྨོས་ན། དེ་སྔ་ལྷ་སར་དབྱིན་ཇིའི་དོན་གཅོད་མི་སྣ་སྡོད་ཡུལ་བདེ་སྐྱིད་གླིང་གར་ཁོ་ཚོའི་བཞུ་མར་དང་གློག་འཕྲིན་གཏོང་བྱེད་མེ་ཤུགས་གློག་འདོན་འཕྲུལ་འཁོར་ཆུང་གྲས་ཤིག་ཡོད་པ་དེ་དག་ཐེངས་གཅིག་སྐྱོན་ཤོར་ནས་ཉིན་ཤས་རིང་གློག་བཞུ་མེད་ལ་གློག་འཕྲིན་ཡང་གཏོང་མ་ཐུབ་པར་ལུས། གློག་འཕྲིན་དང་འཕྲུལ་འཁོར་གཏོང་མཁན་དབྱིན་ཇི་བ་ཕོག་སེ་ཁོ་པས་ཇི་ལྟར་བཟོས་རུང་འཕྲུལ་འཁོར་གཏོང་མ་ཐུབ་པར་ལུས་པ་དེར་དོན་གཅོད་མགོ་གཙོ་རི་ཅར་སན་གྱིས་ཁ་བརྡུང་གཟེད་དགོས་པ་སོགས་བྱུང་། ཕོག་སེ་ཁོ་པ་ཅི་བྱ་གཏོལ་བྲལ་དུ་གྱུར་ཏེ་ཕ་དམ་པ་གདན་དྲངས་ཏེ་འཕྲུལ་འཁོར་བཟོ་བཅོས་བྱ་རྒྱུའི་སྐྱབས་འཇུག་ཞུས་པས། ཕ་དམ་པས་མགྱོགས་མྱུར་དུ་བཟོ་བཅོས་མཛད། སྐབས་དེར་ཕོག་སེའི་སར་རླུང་འཕྲིན་གཏོང་ལེན་དང་བཤིག་སྒྲིག་ལག་རྩལ་སློབ་པར་ས་གནས་སྲིད་གཞུང་ནས་བཏང་བའི་རོང་བདུད་འདུལ་རྣམ་རྒྱལ་དང་། འཕྲེང་རིང་སྲས་རིག་འཛིན་རྣམ་རྒྱལ། ཀ་ཤོད་སྲས་ཆོས་རྒྱལ་དོན་གྲུབ། ལས་ཚན་ཐང་སྨད་པ་བདུད་འདུལ་ཚེ་རིང་བཅས་ཡོད་པ་ཁོང་ཚོས་ཀྱང་མཁྱེན་གསལ་ལྟར་རེད།

ཕ་དམ་པ་རག་པིའི་སློབ་གྲྭར་བཞུགས་རིང་དབྱིན་ཇིའི་སྐད་ཡིག་དང་གློག་འཕྲུལ་ཆེད་ལས་གཉིས་ཀར་སྦྱངས་འབྲས་ལེགས་ཐོབ་དང་། རང་ཡུལ་དུ་ཕྱིར་ལོག་གནང་རྗེས་རང་ཉིད་ཀྱི་ཆེད་ལས་དེ་བེད་སྤྱོད་ཇི་ལྟར་གཏོང་གནང་དང་། དེར་གྲུབ་འབྲས་ཅི་བྱུང་བཅས་གོང་དུ་རགས་ཙམ་གླེང་བ་ལྟར་ཡིན་རུང་། ལག་རྩལ་གྱི་གོ་མིང་ནི་བོད་རང་ལ་གྲོས་འདེམས་བྱེད་ཐབས་མིན་པས། ལ་རྩལ་གྱི་གོ་མིང་དངོས་སུ་མེད། འོན་ཀྱང་ཕྱི་རྒྱལ་གྱི་སློབ་གྲྭ་དང་། བཟོ་གྲྭ་ཁག མི་སྒེར་བཅསནས་ཕ་དམ་པར་འཕྲིན་ཡིག་འབུལ་སྐབས། གློག་ལས་ལས་གྲྭའི་དབུ་ཆེན་ནམ། ཡང་ན་སྤྱི་ཁྱབ་གློག་ལས་ལས་གྲྭའི་དབུ་ཆེན་(Chite Electrical EnGineer) ཞེས་འབྲི་བཞིན་འདུག གཞན་ཡང་ཕ་ལགས་ཀྱིས་ཏྰ་ལའི་བླ་མ་དང་རྒྱལ་ཚབ། བཀའ་ཤག 1943ལོར་གསར་དུ་བཙུགས་པའི་ཕྱི་རྒྱལ་ལས་ཁུངས་བཅས་ཀྱི་དབྱིན་ཇིའི་སྐད་བསྒྱུར་དང་ཡིག་བསྒྱུར་གནང་གི་ཡོད་པ་དང་། དོག་སྡེ་གློག་ཁང་དུ་བཞུགས་རིང་ཏྰ་ལའི་བླ་མའི་བཀའ་འབྲེལ་ཟུར་ཁང་སྲས་ལྷ་དབང་སྟོབས་རྒྱལ་དང་། ཤོད་དྲུང་ལྕོག་བཀྲས་པ། ཤོད་དྲུང་འབྱོར་རྒྱས་པ་སོགས་དྲུང་འཁོར་ན་གཞོན་བཅུ་ཙམ་ལ་དབྱིན་ཇིའི་སྐད་ཡིག་སློབ་གནང་མཛད་འདུག

རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ་དང་ལྷ་སྡོད་དབྱིན་ཇིའི་དོན་གཅོད་པ་རི་ཅར་སན།

རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ་དང་ལྷ་སྡོད་དབྱིན་ཇིའི་དོན་གཅོད་པ་རི་ཅར་སན།

ཕ་ལགས་རང་ཉིད་སློབ་སྦྱོང་ལ་བརྩོན་ཞིབ་ཆེ་བ་མ་ཟད། ང་ཚོ་དང་ཕྲུ་གུ་ཚོའི་སློབ་སྦྱོང་ལའང་ཐུགས་ཁུར་དང་། དམ་འཛིན་ཆེན་པོ་གནང་བཞིན་ཡོད། ཕ་དམ་པ་ལུན་ཏོན་ལ་མ་ཕེབས་གོང་སྒེར་བཙུགས་སློབ་གྲྭའི་ནང་བོད་ཡིག་སློབ་སྦྱོང་གནང་བ་དེ་དག་ལུན་ཏོན་དུ་བཞུགས་ཡུན་རིང་བས་ཧ་ལམ་བརྗེད་འདུག་རུང་། ལྷ་སར་ཕྱིར་ལོག་གནང་འཕྲལ་སྙིང་རུས་ཆེན་པོས་རང་སྦྱོང་གནང་མཐར་བོད་ཡིག་ནི་ས་གནས་སྲིད་གཞུང་གི་ནང་དུ་ལས་དོན་འཕེར་ངེས་ཞིག་ཆགས་དང་། དབྱིན་ཡིག་དང་ཆེད་ལས་གོང་མཐོར་གཏོང་ཆེད་གློག་ལས་ཀྱི་སྐོར་གྱི་དེབ་དང་། ལོ་རྒྱུས། སྒྲུང་གཏམ། དུས་དེབ་སོགས་ལ་གཟིགས་ནས་དགོང་མོ་ཕྱི་པོ་བར་བཞུགས་པ་དང་། དེ་བཞིན་ང་རང་ལོ་དྲུག་ཙམ་ལ་སླེབས་དུས་ཕ་དམ་པས་ང་ལ་དབྱིན་ཇིའི་དབྱངས་གསལ་གྱི་ཡི་གེ་སློབ་མགོ་འཛུགས་གནང་དང་། དེ་ནས་རིམ་པས་སྐད་ཡིག ལོ་བཅུ་གཅིག་ཙམ་ནས་རྩིས་རིག་བཅས་སློབ་གནང་མཛད། དེ་ཡང་1934ལོ་ཙམ་ནས་ཕ་དམ་པ་མ་གཤེགས་བར་ལོ་བཅུ་ཙམ་རིང་མཛད་གསེང་ནམ་བྱུང་དང་བསྟུན་ནས་སློབ་ཁྲིད་བྱེད་བཞིན་ཡོད་པར་མ་ཟད། ད་དུང་1939ལོ་ཙམ་ལ་ང་བདེ་སྐྱིད་གླིང་གར་བཅའ་སྡོད་དབྱིན་ཇི་བ་རི་ཅར་སན་དང་། 1943ལོ་ཙམ་ལ་དབྱིན་ཇི་བ་མེ་ཇེར་ཤེ་རབ་ཀྱི་བཟའ་ཟླ་མི་སི་སི་ཤེ་རབ་ཀྱི་སར་སྔ་རྗེས་སུ་དབྱིན་ཇིའི་སྐད་ཡིག་སློབ་པར་གཏོང་གནང་མཛད་བྱུང་། 1940ལོ་ཙམ་ནས་ངས་ཚ་སྤྲུལ་རིན་པོ་ཆེ་དང་། རྒྱ་མཚོ་གླིང་རིན་པོ་ཆེ། དགེ་བཤེས་ཆོས་གྲགས་བཅས་སོ་སོའི་སར་བོད་ཀྱི་སུམ་རྟགས་དག་གསུམ་སོགས་རིག་གནས་སློབ་ཁྲིད་ཞུ་སྐབས་ཕ་ལགས་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། ཞིབ་བཤེར། དམ་འཛིན་ཆེན་པོ་གནང་གི་ཡོད་པ་རེད། 1939ཙམ་ནས་ང་ཚོའི་སྒོ་རའི་ནང་སྡོད་མཁན་རྒྱ་རིགས་ལེའུ་ཏེ་ཁྲེང་དང་། སྐྱིད་སྟོད་སློབ་གྲྭའི་དགེ་རྒན་བྱམས་པ་འོད་ཟེར་གྱི་མདུན་ནས་ངས་རྒྱའི་སྐད་ཡིག་སློབ་སྐབས་ཕ་དམ་པ་ནས་ཐུགས་མོས་རྒྱབ་བསྐྱོར་གནང་བར་མ་ཟད། ༸གོང་ས་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་འཁྲུངས་ཡུལ་ཀྱང་བོད་མདོ་སྨད་ཡིན་པས། སླད་རྒྱ་བོད་བར་འབྲེལ་གཏུགས་མང་དུ་འགྲོ་རྒྱུར་རྒྱ་ཡིག་སློབ་རྒྱུར་དགོས་པ་དེ་བས་ཆེ་ལུགས་གསུངས་མྱོང་བ་བཅས་སློབ་སྦྱོང་ཐོག་དམ་འཛིན་དེ་འདྲ་གནང་བའི་ཁར། ང་ཚོ་ཆུང་དུས་ནས་དྲང་བདེན་དང་བག་ཡོད་ཚུལ་ལྡན་གྱི་སྤྱོད་ཚུལ་ལོབས་དགོས་པའི་སློབ་གསོ་དང་། དོ་དམ་ནན་པོ་གནང་གི་ཡོད།

ཕ་དམ་པ་ཆུང་དུས་ཕྱི་རྒྱལ་གྱི་སློབ་གྲྭར་སློབ་གྲྭར་ཕེབས་པའི་ཤུགས་རྐྱེན་གྱིས་རྣམ་ཀུན་བྱ་སྒྲོའི་སྤོ་ལོ་དང་། དྲ་བཅད་སྤོ་ལོ་རྩེད་པ་། རྟ་འགྲོས་མ་གཅོག་པ། དབྱར་ཁ་ཆུ་རྐྱལ་དང་། དགུན་ཁ་འཁྱགས་ཤུར་གློད་པ་བཅས་ལུས་རྩལ་བྱེད་སྒོར་མཉེས་པོ་ཡོད་པར་མཟད། ཆུ་རྐྱལ་ནི་ཧ་ཅང་མཁས་པོ་ཡོད་པས། དེས་དུས་དབྱར་ཁ་ཆུ་བརྒལ་བར་ཕེབས་སྐབས། མི་གཞན་ཆུས་ཁུར་བ་ཕ་ལགས་ཀྱིས་སྲོག་སྐྱོབ་གནང་བའང་ཁ་ཤས་བྱུང་འདུག ཐེངས་གཅིག་དབྱར་ཁ་ཕ་ལགས་དང་ཨ་མ་ལགས་སོགས་གཙང་པོར་ཆུ་བརྒལ་བར་ཕེབས་སྐབས། མི་གཞན་ཆུས་ཁུར་བ་ཕ་ལགས་ཀྱིས་སྲོག་སྐྱོབ་གནང་བའང་ཁ་ཤས་བྱུང་འདུག ཐེངས་གཅིག་དབྱར་ཁ་ཕ་ལགས་དང་ཨ་མ་ལགས་སོགས་གཙང་པོར་ཆུ་བརྒལ་གྲུབ་སྟེ། ཆུ་ཁའི་གྲམ་སྟེང་དུ་ང་ཚོ་མཉམ་དུ་གསོལ་ཇ་བཞེས་བཞིན་པའི་སྐབས་དེར། གློ་བུར་དུ་གཙང་ཁང་ཀྱི་མི་རྣམས་ཟིང་ཆ་ལངས་ཐོག་མི་ཆུས་ཁུར་སོང་ཟེར་བའི་དངངས་འཚབ་ཆེ་བའི་སྐད་སྒྲ་ཞིག་ཐོས། དེ་ནི་ང་ཚོའི་ཟླ་གྲས་ཆོས་ལྡན་ཆུ་བརྒལ་སྐབས་གཟབ་གཟབ་མ་བྱས་པར་ཆུས་ཁུར་བ་ཡིན་འདུག གནས་ཚུལ་དེ་ཕ་ལགས་ཀྱིས་ཐོས་མ་ཐག་ཚམ་ཚོམ་མེད་པར་གཙང་པོར་མཆོངས་ནས་ཆོས་ལྡན་སྐྱོབ་པར་ཕེབས། ཆོས་ལྡན་གྱིས་དངངས་སྐྲག་ཆེན་པོས་ལག་པ་གཉིས་ཀས་ཕ་ལ་འཐམ་པས་རྐྱལ་ཡང་བསྐྱོན་མི་བདེ་བ་བྱུང་སྟེ། ལམ་སང་ཆུ་ཁར་འཐེན་མ་ཐུབ་པར་ཁོང་དཔོན་གཡོག་གཉིས་པོ་གཙང་པོའི་དཀྱིལ་དུ་ཅུང་ཟད་ལུས། སྐབས་དེར་གཙང་འགྲམ་གྱི་མི་ཚོས་སུས་སུ་སྐྱོབ་ཀྱི་ཡོད་མེད་མ་ཤེས་པར་གཡོག་པོ་དྲིན་ཅན་དེ་མེད་ན་སྐུ་ངོ་སྡོད་མ་ཚུགས་དེར་ཚར་སོང་ཞེས་གླེང་མཁན་ཡང་བྱུང་བ་རེད། ཆོས་ལྡན་ནི་དེང་སྐབས་ཁོ་པའི་བཟའ་ཟླ་བུ་ཕྲུག་དང་མཉམ་དུ་གཞིས་རྩེ་བཀྲ་ཤིས་སྐྱིད་ཚལ་དུ་བསྡད་ཡོད།

གཞན་ཡང་ཕ་ལགས་ནི་སློབ་སྦྱོང་ལ་བརྩོན་ཞིབ་ཆེ་བ་དང་། དྲང་ཤུགས་ཆེ་ཞིང་། གྱ་གྱུ་མེད་པ། སྤྲེལ་ལད་ལ་མི་མཉེས་པ་དང་། རང་གིས་ཀྱང་སྤྲེལ་ལད་འཁྲབ་མི་ཤེས་མཁན་ཞིག་ཡིན་ཞིང་། རྣམ་ཀུན་འཚོ་བའི་ཐད་སྔོན་ཆད་དབྱིན་ཇི་རུ་ལོ་མང་བཞུགས་རུང་། ང་ཚོའི་ཁྱིམ་ནང་ལ་བོད་ཀྱི་སྐུ་དྲག་སྤྱིར་བཏང་བའི་སྒྲིག་གཤོམ་ཙམ་ལས། དམིགས་གསལ་ཕྱི་ལུགས་ཀྱི་ཁྱད་ཆོས་མཚོན་པ་གང་ཡང་མེད། རྣམ་ཀུན་གསོལ་ཆས་དང་ན་བཟའ་སྐོར་བཅས་ནི་ཨ་མ་ལགས་ནས་གང་ཕུལ་བ་དེས་འགྲིག་པ་མཛད་དེ་རྒྱས་སྤྲོས་དང་དང་དོད་རྩ་བ་ནས་ཡོད་པ་མ་རེད། སློབ་སྦྱོང་དང་། རང་གི་ལས་ཀར་ཧུར་ཐག་དྲང་པོ་དྲང་བཞག་བྱས་ནས་རང་ཡུལ་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུ་དང་། རང་གི་ཕ་ཡུལ་ལ་གཅེས་པ། རང་གི་མི་རིགས་ལ་དགའ་ཞེན་བཅས་བྱེད་རྒྱུ་གལ་ཆེན་ཡིན་པ་དེ་ཕ་དམ་པའི་དགོངས་པ་བཞེས་ཕྱོགས་གཙོ་བོ་ཡིན་པ་དང་། ཆབ་སྲིད་ཐད་ཕྱོགས་གཏོགས་ཁག་ཏུ་ཞུགས་པ་སོགས་ཡ་ཡུད་ཆེ་བའི་བྱ་བ་མི་མཛད་པར་བརྟན་ཆ་ཆེ་ཙམ་གནང་མཁན་ཞིག་རེད། ོན་ཀྱང་འགག་རྩའི་སྐབས་འཛེམ་ཟོལ་ཡང་གནང་གི་མ་རེད། ཕ་དམ་པས་ཕལ་ཆེར་ལོ་ཉི་ཤུ་ཙམ་ལ་ལྷ་ས་གཉེར་ཚང་པའི་ཕྱག་ལས་གནང་འདུག ལས་ཁུངས་དེའི་ལས་ཀ་གཙོ་བོ་ནི་པང་ལེབ་དང་རྫ་ཀོ་སོགས་ཡོང་འབབ་ཙག་ཙིག་ཚུར་བསྡུ་བ་དང་། ཕར་གཏོང་བ། ལྷ་ས་གཙུག་ལག་ཁང་གི་བདག་གཉེར། གྲོང་ཁྱེར་འཛུགས་སྐྲུན་གྱི་དོ་དམ་བཅས་བྱེད་དགོས་པའི་ཐོག ལྷ་སར་གཏན་སྡོད་ལ་དྭགས་ཁ་ཆེ་བ་རྣམས་ཁྲལ་རྒྱུགས་ཁྲིམས་འཁུར་བྱེད་དུ་འཇུག་རྒྱུའི་མགོ་འདོམས་ཀྱང་བྱེད་དགོས་ཀྱི་ཡོད་པ་རེད། ཕ་དམ་པས་ལྷ་ས་གཉེར་ཚང་པའི་ཕྱག་ལས་གནང་རིང་ཐེངས་ཤིག་(ཕལ་ཆེར་1940)ལ་དྭགས་ཁ་ཆེ་དེ་ཚོའི་ཁོངས་ཚེམ་བུའི་འཁོར་ལོ་རྒྱག་མཁན་ཁག་གཅིག་ཡོད་པ་དེའི་ནང་ནས་ཉུང་ཤས་ཤིག་གིས་ཁོ་ཚོ་ལ་དྭགས་ཁ་ཆེ་ནི་དབྱིན་ཇིའི་ཁོངས་ཡིན་ལུགས་བཤད་ནས་ས་གནས་སྲིད་གཞུང་གི་ལག་ཁྲལ་འཇལ་དུ་མ་ཡོང་པ་རེད། གཉེར་ཚང་ལས་ཁུངས་ནས་སླར་ཡང་གད་པ་བཏང་ནས་སྔར་སྲོལ་ཁྲལ་འཇལ་ཁྲིམས་འཁུར་ཞུ་དགོས་ལུགས་བཤད་རུང་ཉན་ཤེས་མེད་པའི་ཐོག བདེ་སྐྱིད་གླིང་གར་དབྱིན་གཞུང་མི་སྣ་རི་ཅར་སན་སར་སྐྱབས་བཅོལ་ཞུ་བར་ཕྱིན་པ་རེད། དེ་ནི་རང་རེ་བོད་ཀྱི་བདག་དབང་ལ་རྩིས་མེད་བྱེད་པའི་འགལ་འཛོལ་ཚབས་ཆེན་ཞིག་ཡིན་པས། ཕ་ལགས་ཐུགས་དགོངས་ཁྲོས་ནས་སྐབས་དེའི་བྱེད་གཏེ་འཛིན་བཟུང་དང་འབྲེལ་ཉེས་ཆད་བཅད་པ་རེད། དེའི་སྐོར་རི་ཅར་སན་གྱིས་ཤེས་ནས་ཚིག་ཟ་ཆེན་པོ་བྱས་རུང་བྱེད་ཐབས་ཅི་ཡང་མ་བྱུང་བ་དང་། ཁྲིམས་མི་འཁུར་རྣམས་ཀྱིས་ཕྱིས་སུ་ཚུལ་མཐུན་བཀའ་བརྩི་ཞུ་དགོས་པ་བྱུང་འདུག

ཕ་དམ་པ་ལྷ་གཉེར་རིམ་བཞི་རིག་འཛིན་རྡོ་རྗེ་དེ་ཉིད་ཤིང་བྱ་བོད་ཟླ་2པའི་ཚེས་10ཉིན་(1945ལོའི་ཟླ་3པའི་ནང་)ཉིན་ཚད་རིམས་བསྙུན་མནར་གྱིས་སྐུ་གཤེགས་པ་དང་། སྐབས་དེར་དགུང་ལོ་བཞི་བཅུ་ཞེ་ལྔར་སླེབས་ཡོད།