སྐད་སྐུར་དང་དྲི་བ།

གནམ་ལྷུན།

____ཤེས་རབ་ཡོད་ཀྱང་ཐམས་ལམ་མེད་པའི་མི་དག་ནི་ནམ་རྒྱུན་ཀློས་རྟགས་སྟོན་མཁན་གྱི་སྐྱེས་བུ་ཁོ་ནའོ།།

༡ ཉིན་འདི་འགའི་རིང་ལ་ཆབ་སྲིད་བཙོན་མ་ཡིན་པའི་རིག་གནས་པ་འགའ་ཞིག་དང་ཁ་བརྡ་བྱས་ཤིང་། ཁོང་ཚོས་གལ་ཏེ་ནམ་ཞིག་གི་དུས་སུ་བོད་ཀྱི་སྐྱེས་བུ་སྒེར་རེ་རེས་སློབ་ཆེན་གཙོས་པའི་སློབ་གྲྭ་སོ་སོའི་ལག་རྟགས་རྩིས་མེད་དུ་བཏང་ན། འུ་ཚོ་ལེགས་ལམ་དུ་སོང་བའི་ཉིན་མོ་རེད་ཟེར།

འདི་ནི་ལེགས་ལམ་ཞིག་རེད་དམ? གལ་ཏེ་དེ་འདྲ་ཞིག་བྱུང་བའི་དབང་དུ་བཏང་ན་བོད་ཀྱི་ས་གནས་སུ་གཞི་སྡོད་བྱས་པའི་སློབ་གྲྭ་དང་བརྙན་འཕྲིན་ཁང་། སྦྲགས་སྲིད་ཁང་། སྨན་ཁང་། གཞུང་ལས་ཁང་། དངུལ་ཁང་སོགས་ཀྱི་ལས་གཉེར་བ་ཡོད་ཚད་རྒྱ་མིའམ་ཡང་ན་རྒྱ་མ་བོད་ཀྱི་མི་ཤ་སྟག་གིས་གང་སྲིད། འདི་འདྲའི་དུས་སུ་སླེབས་ཡག་བྱས་ཚེ་མི་སུ་ཞིག་གིས་འཚོ་སྡོད་ཀྱི་དགོས་མཁོ་བསྒྲུབ་མི་ཐུབ་པའི་བོད་ཡིག་འདི་དགའ་བཞིན་སྤྲོ་བཞིན་དང་ལེན་བྱེད་སྲིད་དམ? གོང་ས་རིན་པོ་ཆེ་མཆོག་གིས་གླེང་བའི་ཆེས་མཐོའི་ས་གནས་རང་སྐྱོང་ལམ་ལུགས་དེ་ཇི་ལྟར་བྱས་ནས་ལག་ལེན་དུ་བསྟར་རམ?

____རང་སེམས་ཀྱི་སྒེར་གཅོད་གཙང་བཀྲུ་བྱེད་པ་ནི་དམངས་གཙོ་ནང་འདྲེན་གྱི་སྔོན་འགྲོའི་ཆ་རྐྱེན་གཅིག་པུ་དེའོ།།

༢ ཉིན་འདི་འགའི་རིང་ལ་་བཙོན་གྲོལ་ཐོབ་པའི་ཤེས་ལྡན་པ་དེ་དག་ལ་ཁ་བརྡ་བྱས་པར། ཁོང་ཚོས་དམངས་གཙོ་དང་རང་དབང་གླེང་ཡང་གོང་ས་མཆོག་དང་ཆོས་ལུགས་ལ་དགག་གཞག་གི་རྣམ་འགྱུར་ཅུང་ཙམ་བསྟན་ཀྱང་། ངོ་གདོང་དམར་ནག་གིས་འགྱུར་ཏེ་འཚིག་པ་རབ་དང་རིམ་་ཟ་ཡི་འདུག འདི་ལྟ་བུའི་གཤིས་ག་ཅན་དག་ལ་ཆབ་སྲིད་ཀྱི་དབང་ཆ་ངེས་ཅན་ཞིག་ཐོབ་ན་དེའི་མཇུག་འབྲས་ཇི་ལྟ་བུ་ཞིག་ཡིན་ནམ? སྐབས་དེའི་ལམ་ལུགས་ནི་དམངས་གཙོའི་ལམ་ལུགས་ཤིག་རེད་དམ?

གལ་ཏེ་མི་རིགས་གང་ཞིག་ལ་དམངས་གཙོ་དང་རང་དབང་ཞིག་དར་དགོས་ན། ཐོག་མའི་ཆ་རྐྱེན་ཉག་གཅིག་ནི་སྐྱེས་བུ་སྒེར་རེ་རེས་རང་སེམས་གྱི་སྒེར་གཅོད་གཙང་བཀྲུ་བྱེད་རྒྱུ་དེ་ཡིན། འོ་ན་འུ་ཚོའི་མཁན་མདོག་སྟོན་མཁན་དག་ཚད་འདིར་སླེབས་ཡོད་དམ? འུ་ཚོར་དམངས་གཙོའི་ལམ་ལུགས་དང་རང་དབང་གི་བསམ་བློ་ཞིག་འཛུགས་པར་ད་རུང་དུས་ཡུན་ག་ཙམ་དགོས་སམ? ……

2014.7.10ཉིན་རྔ་པ་ནས་བྲིས།

(གསལ་བཤད།) འདིར་དགོས་དབང་གིས་དངོས་མིང་གང་ཡང་བཀོལ་མེད།