གུ་རུ་འོད་གསལ་གྱིས་བསྒྱུར།

གཅིག ལོ་རྒྱུས་ཀྱི་དཀྱོགས་མཚམས།

༡༩༩༤ལོའི་ཟླ༤བའི་ཚེས༡༠ཉིན་གྱི་ནངས་མོར་གནམ་གཤིས་ཧ་ཅང་དྭངས། འཛམ་གླིང་རྒྱལ་ཁབ་སོ་སོའི་མགོ་ཁྲིད་ཚང་མ་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ས་པུ་རེས་དོ་རེས་ཡ་གྲོང་ཁྱེར་ནས་འཛོམས་ཏེ། རྒྱལ་ཁབ་འདིའི་ལོ་རྒྱུས་སྟེང་གི་རིམ་པ་ཆེས་མཐོ་ཤོས་ཀྱི་རྒྱལ་སྤྱིའི་རྒྱས་འཛོམས་འདི་ལ་ཞུགས། ཡོ་གླིང་དང་ཡ་གླིང་ནས་ཐོན་པ། ཨ་ཧྥེ་རི་ཁ་གླིང་དང་ཨ་མེ་རི་ཁ་གླིང་ནས་ཐོན་པའི་མགྲོན་པོ་རྣམས་ནི་རང་རང་ས་ན་གསོན་ཤུགས་ཀྱིས་ཁེངས་འདུག་ལ། འཛུགས་སྐྲུན་ཁྱད་འཕགས་ཀྱི་དོ་ར་འདི་རུ་བརྗིད་ཉམས་ཀྱིས་ཁེངས་ཤིང་མི་དཀར་དང་མི་ནག་དཔུང་བ་མཉམ་གཤིབ་ཀྱིས་གཙོག་ཡོད་པའི་ཡུལ་དངོས་འདི་ནི་ལོ་ངོ་བཅུའི་སྔོན་དུ་མིའི་བློ་ཡུལ་ལ་དྲན་སྲིད་པ་ཞིག་མ་རེད། དེ་དུས་ཀྱི་ལྷོ་ཨ་ཧྥེ་རི་ཁ་ནི་ཉེན་ཁ་ལྡན་ཞིང་ཛ་དྲག་ཆེ་བའི་རིགས་རྒྱུད་མཐོང་ཆུང་གི་དུས་སྐབས་སུ་ལྷུང་ཡོད་མོད། དེ་ནི་སུས་ཀྱང་བརྗེད་ན་འདོད་པའི་ཕྱིར་དྲན་གྱི་བར་སྐབས་ཤིག་ཡིན། འཛམ་གླིང་རྒྱལ་ཁབ་སོ་སོའི་མགོ་ཁྲིད་མི་སྣ་པུ་རེས་དོ་རེས་ཡ་ གྲོང་ཁྱེར་ལ་འཛོམས་པ་ཡང་ལོ་རྒྱུས་ཀྱི་འགྱུར་ལྡོག་ལ་བདེན་དཔང་བྱེད་པའི་ཆེད་དུ་རེད།

འདི་འདྲའི་མགོ་ཁྲིད་མང་པོ་ཞིག་ཐོག་མར་འདི་ལ་འཛོམས་པ་ནི་མ་གཞི་ནས་བག་ཆགས་ཟབ་མོ་ཞིག་རེད་མོད། མི་འགྱང་བར་ཁོ་ཚོའི་མཐོང་ཡུལ་དུ་འགྱུར་བའི་ལོ་རྒྱུས་དོན་རྐྱེན་དང་ལྷན་དུ་གླེང་རིན་མེད་དེ། མི་འགྱང་བར་ཁོ་ཚོས་བདེན་དཔང་བྱེད་རྒྱུ་ནི་གསར་བ་གསར་རྐྱང་གི་རྒྱལ་ཁབ་ཅིག་དབུ་བརྙེས་པ་དེ་རེད།

ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་གསར་བ་ནེལ་སོན་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ནི་སེང་གེ་ཞིག་དང་འདྲ་བར། གོམ་པ་རེ་རེ་སྤོས་ནས་གར་སྟེགས་ཀྱི་ཕྱོགས་སུ་བསྐྱོད་དུས། ད་ལྟ་དགུང་ལོ༧༦ཡོལ་ནས་ཚེ་སྲོག་གི་མི་ལོ༣༠ལྷོ་ཨ་ཧྥེ་རི་ཁའི་བཙོན་ཁང་དུ་ཤོར་ཡང་གོམ་སྟབས་རེ་རེའི་གསེང་གི་གསོན་ཤུགས་ལ་མི་ཐམས་ཅད་གྲགས་མེད་འགུལ་མེད་ཀྱིས་ཧད་འདུག ཁོས་ལག་ཟུང་བརྐྱངས་ནས་ཉན་མཁན་རེ་རེ་བསུས་པ་འདིས་ཁོའི་མིང་ལ་ཇི་འདྲའི་འགུག་ཤུགས་ཤིག་ཡོད་པ་ཤེས་ཐུབ་ལ། ཁོའི་ངོ་གདོང་ནི་ཚེ་སྲོག་གི་མཚོན་བྱེད་ཡིན་ལ་ཁོའི་སྙིང་སྟོབས་ཀྱང་རང་དབང་གི་ངོ་བོར་གྱུར་འདུག ཁོས་འདིར་ཕེབས་ཀྱི་རྒྱལ་བོ་དང་རྒྱལ་མོ། སྲིད་འཛིན་དང་དབུ་བློན་ལ་མཚམས་འདྲི་བྱེད་དུས། ཁོ་ཚོ་རེ་རེ་རང་རང་གི་འདུག་གནས་སུ་ལུས་པོ་མདུན་དུ་སྒུར་བ་ཡིས་ཀྱང་ཁོས་བཤད་པའི་ཐ་སྙད་གང་རུང་ཞིག་བོར་ལོས་འགྲོ་འདོད་ནས་ཕངས་སེམས་སྐྱེ་བ་ཞིག་རེད།

༼དེ་རིང་། ང་ཚོ་ཚང་མ་འདི་ལ་འཛོམས་པའམ་རྒྱལ་ཁབ་འདིའི་ས་ཆ་གཞན་ཡང་ན་འཛམ་གླིང་གི་ས་ཆ་སོ་སོ་ནས་རྟེན་འབྲེལ་གྱི་བྱ་འགུལ་སྤེལ་བའི་སྐབས་དང་བསྟུན་ཏེ། གཟི་བརྗིད་དང་རེ་བ་ཐ་དག་ད་སོ་མ་བྱུང་བའི་རང་དབང་ལ་དབུལ་རྒྱུ་ཡིན།༽མན་དྷི་ལ་ཡི་སྐད་གདངས་ལས་དུས་རྒྱུན་དང་མི་མཚུངས་པའི་སྟོབས་ཤུགས་ཤིག་གིས་ཁེངས་ཡོད་ཅིང་རྣམ་རིག་མི་གསལ་བའི་མི་ཡིས་ཀྱང་འདི་ནི་སྤྱི་དོན་ལག་བསྟར་བྱེད་པའི་སྤྱིར་བཏང་གི་གཏམ་བཤད་དེ་དག་དང་ཡེ་ནས་མི་མཚུངས་པ་ཤེས་སྲིད། ཁོའི་སྐད་ཆ་ལས་ལྷོ་ཨ་ཧྥེ་རི་ཁ་ཡི་མི་དམངས་ཀྱིས་མི་རབས་འགར་བསྒྲགས་པའི་སེམས་ཁོང་གི་ང་རོ་ཚོར་ཐུབ་ལ། ཁོ་ཚོ་ལ་ལ་ཞིག་གསོན་ཡོད་ཅིང་ལ་ལ་ཞིག་འདས་ཟིན། ཡིན་ཡང་ཁོ་ཚོ་ཚང་མས་སྔོན་ཆད་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་མྱོང་ཡོད། ཁོའི་སྐད་སྒྲའི་ཁྲོད་དུ་སྐད་སྒྲ་མང་པོ་ཞིག་འདྲེས་ཡོད་དེ། ཞར་ཕུ་ཝེས་བོ་དང་སོ་ཝེས་ཐོ་དམར་གསོད་ཆེན་མོའི་སྐད་སྒྲ་འདྲེས་ཡོད་ལ། ཟི་ཐྲེ་ཧྥིན་བྷེས་ཁུ་ལྟ་བུ་བཙོན་ལ་ཚུད་པ་དང་གཅར་རྡུང་མྱང་བ། ཐ་ན་དམར་གསོད་ཀྱང་ཐེབས་པ་ཁྲི་སྟོང་མང་བོའི་སྐད་སྒྲ་འདྲེས་ཡོད། ད་དུང་རྒྱལ་ཁབ་འདིའི་འགྱུར་ལྡོག་གི་ཆེད་དུ་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་བྱས་པའི་མདུན་སྐྱོད་པ་དེ་དག་གི་སྐད་སྒྲ་ཡང་འདྲེས་ཡོད།

འདི་ལས་གཞན་ད་དུང་མན་དྷི་ལའི་སྐད་ཆའི་ཁྲོད་དུ་སྙིང་རྗེ་ཡིས་ཁེངས་ཡོད་ལ། འདི་ནི་དྲག་ཤུགས་དང་ཞེ་འཁོན་མང་པོ་བརྒྱུད་པའི་མིའི་སེམས་ཁོང་གི་སྙིང་རྗེ་ཞིག་སྟེ། ཁོས༼ང་ཚོས་རྒྱལ་ཁའི་ངང་རྒྱལ་ཁབ་འདིའི་མི་དམངས་ཁྲི་ཚོ་བརྒྱ་ཕྲག་མང་པོའི་སེམས་ཁུངས་ལ་རེ་བ་ཡིས་ཁེངས་སུ་བཅུག་སོང་།༽  ༼ང་ཚོས་སྤྱི་ཆིངས་བཟོས་ཤིང་ལྷོ་ཨ་ཧྥེ་རི་ཁ་པ་ཚང་མའི་སྤྱི་ཚོགས་ཤིག་འཛུགས་རྒྱུ་ཡིན། མི་དཀར་དང་མི་ནག་གང་ཡིན་ཡང་མགོ་བོ་ཡར་དགྱེས་ན་ད་ནི་འཇིགས་སྐྲག་ཡོད་མི་སྲིད་དེ། ཁོ་ཚོ་མི་ཞིག་ཡིན་པའི་ཆ་ནས་འཕྲོག་ཏུ་མི་རུང་བའི་ལ་རྒྱ་ལ་ཁག་ཐེག་ཐོབ་རྒྱུ་ཡིན་ཞིང་། རང་སྟེང་དང་འཛམ་གླིང་གང་ལ་མཚོན་ནས་བཤད་ཀྱང་འདི་ནི་ཞི་བདེ་ཡིས་ཁེངས་པའི་རེ་སྨོན་གྱི་རྒྱལ་ཁབ་ཅིག་ཡིན།༽ཞེས་ཟེར།

ཉན་མཁན་ཚང་མས་མགོ་བོ་ལྡེམ་ཞིང་བདེན་པའི་རྣམ་འགྱུར་སྟོན་ལ་ཐལ་མོ་རྡེབ་སྒྲའང་མཚམས་མི་ཆད། མན་དྷི་ལ་ཡི་རང་དཔེ་གཞན་སྟོན་འདིས་ལྷོ་ཨ་ཧྥེ་རི་ཁ་གཅིག་པུ་མ་ཡིན་པར་འཛམ་གླིང་ཡོངས་ལ་རེ་བ་ཁྱེར་ནས་ཐོན་བྱུང་། བཙན་གནོན་གྱི་མདུན་དུ་ཁོ་ཡར་ལ་ལངས་ནས་སྐད་ཆ་བཤད་ཐུབ་པར་མ་ཟད་བཙོན་ཁང་གི་ནང་དུ་དུས་རབས་ཤིག་གི་བཞི་ཆ་གཅིག་བཏང་ནའང་། ཁོ་དཔའ་མ་ཞུམ་པར་ཕྱིར་ཐོན་ནས་མུ་མཐུད་དུ་འཐབ་རྩོད་བྱས། མི་མང་པོ་ཞིག་གིས་ལས་འཁྱུར་ངལ་གསོ་བྱེད་པའི་ལོ་ཚོད་ཅིག་ལ། ནེལ་སོན་མན་དྷི་ལར་རྒྱལ་ཁབ་གསར་བ་ཞིག་གི་ཆེས་མཐོའི་མགོ་ཁྲིད་ཀྱི་དབང་ཆ་ཐོབ་སོང་། ཁོའི་མི་ཚེའི་འགྲུད་བཞུད་ཀྱང་འདི་ལྟའི་རིང་མོ་ཞིག་སྟེ་འཛམ་གླིང་སྟེང་གི་ས་ཆ་གྲགས་ཅན་མང་པོ་ཞིག་གི་ཁུགས་སོ་རུ་སླེབས་མྱོང་།

མུ་སྤེལ།