གཉིས། དབུ་ཁྲིད་འཁྲུངས་པ།

གུ་རུ་འོད་གསལ་གྱིས་བསྒྱུར།

རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ནི༡༩༡༨ལོའི་ཟླ༧པའི་ཚེས༡༨ཉིན་ལྷོ་ཨ་ཧྥེ་རི་ཁའི་མོ་ཝེ་ཙོ་ཡི་གྲོང་སྡེ་ཆུང་ཆུང་ཞིག་ནས་སྐྱེས་ཤིང་།གྲོང་སྡེ་འདིའི་ཕྱོགས་བཞི་མཚམས་བརྒྱད་རི་རྒྱུད་ཆུང་ཆུང་གིས་སྐོར་ཏེ་ས་བཅུད་འཛོམས་པའི་རི་སུལ་དང་བཞུར་རྒྱུན་ལྡན་པའི་ཆུ་ཕྲན་གྱིས་ཁེངས་ཡོད།གྲོང་སྡེ་འདི་ནི་ཁེ་ཕུ་ཁྲོམ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་སྤྱི་ལེ་༨༠༥དང་ཇོན་ནེ་སི་བྷོ་གྷི་གྲོང་ཁྱེར་ལྷོ་ཕྱོགས་སུ་སྤྱི་ལེ༨༨༥ཙམ་སོང་བའི་མཚམས་ཏེ་སྔོ་ལྟེམ་ལྟེམ་གྱི་ཧིན་དུ་རྒྱ་མཚོའི་འགྲམ་དུ་ཡོད།འདི་ལ་ཐུ་རེན་སི་ཁེ་ས་ཁུལ་ཟེར་ཞིང་ལྷོ་ཨ་ཧྥེ་རི་ཁའི་མི་རིགས་གཙོ་བོ་གྲས་ཀྱི་གཅིག་སྟེ། ཁོ་ས་པ་འཚོ་སྡོད་ཀྱི་གནས་ཡིན།

རོ་ལིས་ཧི་ལ་ཧི་ལ་ནི་ཐེམ་བྷོ་རུས་རྒྱུད་ནས་སྐྱེས་ཤིང་རུས་རྒྱུད་འདི་ནི་ཁོ་ས་ཚོ་ཁག་གི་ཡན་ལག་ཅིག་ཡིན།ཁོ་འཇིག་རྟེན་འདི་ལ་ཐོན་པ་ནས་བཟུང་རུས་རྒྱུད་དེའི་རིག་གནས་ཀྱི་སློབ་གསོ་ཐོབ་པས། མི་རྣམས་ལ་ཆ་རྒྱུས་མེད་པའི་མིང་ནེལ་སོན་ཞེས་པ་ཡང་ཁོ་ས་པའི་སྲོལ་རྒྱུན་གྱི་མིང་ཞིག་ཡིན། རོ་ལིས་ཧི་ལ་ཧི་ལ་ནི་སྲོལ་རྒྱུན་ལ་བསྟུན་ནས་བཏགས་པ་ཞིག་རེད། ཁོ་ས་པའི་མིང་ཚང་མར་ནང་དོན་གཞན་ཞིག་ཡོད་ཅིང་།དེ་ནི་ཕལ་ཆེར་ཁོ་ཚོས་རང་ཉིད་ཀྱི་ཁྱད་ཆོས་བརྗོད་པའམ་འབྱུང་འགྱུར་གྱི་རེ་བ་གང་རུང་ཞིག་བརྗོད་པ་ཡང་རེད།རོ་ལིས་ཧི་ལ་ཧི་ལ་ཞེས་པ་ནི༼སྡོང་བོའི་ཡལ་ཀ་འཐེན་པའི༽དོན་ཡིན་ལ།རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཞེས་པའི་མིང་འདི་ནི་ཁོའི་ཨ་ཕ་སྟེ།གྷེ་ར་ཧུན་རེས་མོ་བྷ་ཁ་ཉི་སི་ཝ་ཡིས་བཏགས་པ་ཞིག་རེད།

རོ་ལིས་ཧི་ལ་ཧི་ལ་ནི་ཁོ་ས་ཚོ་ཁག་གི་དཔོན་རྒྱུད་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་།ཨ་ཕ་གྷེ་ར་ཧུན་རེས་མོ་བྷ་ཁ་ཉི་སི་ཝ་ནི་མོ་ཝེ་ཙོ་སྡེ་བའི་སྡེ་དཔོན་ཡིན།ཁོས་སྡེ་བའི་ནང་གི་ཚོང་ཟོག་འཁོར་རྒྱུགས་དང་འགལ་བ་ཐག་གཅོད་ལ་ཁག་ཐེག་བྱེད་ཀྱིན་ཡོད་ལ་དེ་ནི་ད་ལྟའི་གྲོང་ཁྱེར་འགོ་བ་ཞིག་གི་དབང་ཆ་དང་འདྲ་མཚུངས་ཡིན།གལ་ཏེ་དགོས་མཁོ་བྱུང་ན་ཁོས་ད་དུང་ཁྲིམས་དཔོན་གྱི་འགན་ཁུར་ཏེ་ཚོ་ཁག་ནང་གི་ཁྲིམས་ལུགས་ལ་བསྟུན་ནས་བར་འབྱེད་བྱེད་དགོས་ལ།མཐར་ཐུག་ཁོ་ད་དུང་ཚོ་ཁག་གི་ཆེས་མཐོའི་དབང་ཆ་སྟེ།ཐྲན་བྷོ་དཔོན་པོའི་ཚབ་བྱེད་དགོས།དེ་ནི་ད་ལྟའི་དབུ་བློན་དང་ཆ་འདྲ་བ་ཞིག་ཡིན།

རོ་ལིས་ཧི་ལ་ཧི་ལ་རང་གི་ཨ་ཕ་ལ་ཧ་ཅང་དགའ་ཞིང་ཨ་ཕའི་མྱོང་རྒྱུད་དང་ཤེས་རབ།ད་དུང་སྡེ་དམངས་ཀྱིས་ཁོ་ལ་བཅངས་པའི་སྨོན་སེམས་ཚང་མར་ང་རྒྱལ་སྐྱེ་བཞིན་ཡོད།ཨ་ཕས་རོ་ལིས་ཧི་ལ་ཧི་ལ་ལ་མགོ་ཁྲིད་ཀྱི་ནུས་པ་དང་འབྲེལ་བའི་སློབ་ཁྲིད་དང་པོ་བྱས།༼ལོ་ངོ་མང་པོའི་རྗེས་སུ།ཨ་ཕ་ནི་སྡེ་དཔོན་གྱི་འགན་ཁུར་བ་རྐྱང་ཙམ་མ་ཡིན་པར་སྡེ་དཔོན་བཟོ་སྐྲུན་པ་ཡིན་པའི་མྱོང་རྟོགས་ཀྱང་ང་ལ་སྐྱེས་སོང་།༽ ཞེས་རྗེས་ཀྱི་ནེལ་སོན་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལའི་རང་རྣམ《རང་དབང་ལམ་བུ་ཡངས་མོ》ཞེས་པའི་ཁྲོད་བྲིས་འདུག དོན་འདི་ཁོས་འདི་ལྟར་འགྲེལ་བྱུང་སྟེ།དུས་རབས༢༠བའི་ལོ་རབས༢༠བར་ཁོ་ས་ཚོ་ཁག་གི་དཔོན་པོ་ཇོང་ཇུ་ལིས་ཚི་ཝ་གློ་བུར་དུ་རྐྱེན་ལམ་དུ་ཤོར།དཔོན་པོའི་རྒྱུད་འཛིན་ཐོག་མ་ལོ་ན་ཆུང་བས་ད་དུང་དཔོན་རྒྱུད་འཛིན་མི་ཐུབ།དེ་ལྟར་དཔོན་ས་སུས་འཛིན་རྒྱུའི་གནད་དོན་ཐད་ལ་འགལ་བ་བྱུང་ཞིང་རོ་ལིས་ཧི་ལ་ཧི་ལའི་ཨ་ཕ་ཡི་རྣམ་འགྱུར་ལ་ཚང་མས་རྩོད་གླེང་བྱས།ཁོས་མིང་ལ་རོང་ཞིན་ཐ་བྷ་ཟེར་བ་ཞིག་ལ་རྒྱབ་སྐྱོར་བྱས།སྐབས་དེ་དུས་རོང་ཞིན་ཐ་བྷ་ནི་ཚོ་ཁག་ནང་དུ་གོ་གནས་དམའ་ནའང་སློབ་གསོ་མྱོང་ཚད་ཆེས་མཐོ་བ་ཞིག་དེ་ཡིན།

མཐར་ཐུག་མོ་བྷ་ཁ་ཉི་སི་ཝ་ཡི་བསམ་ཚུལ་ལ་རྒྱལ་ཁ་ཐོབ་ཅིང་རོང་ཞིན་ཐ་བྷ་ནི་ཚབ་བྱེད་དཔོན་པོ་སྟེ་སྲིད་སྐྱོང་རྒྱལ་སྲས་སུ་གྱུར།ཡུན་རིང་མ་སོང་བར་ཚོ་ཁག་ནང་གི་རྒན་པ་ཚོས་ཀྱང་ཐག་གཅོད་འདི་ལ་དགའ་འབོད་བྱས།རོང་ཞིན་ཐ་བྷ་ཡིས་ཁོ་ས་པ་ལ་ཁྱེར་ནས་ཐོན་པའི་ཤེས་རབ་དང་བསོད་ནམས་ལ་དགའ་འབོད་བྱས།གཅོད་འདིས་མཇུག་མཐར་ཐག་ད་དུང་མན་དྷི་ལའི་ཁྱིམ་ཚང་ལ་ཤུགས་རྐྱེན་ཐེབས་མོད།དེ་ནི་ལོ་ངོ་གང་མང་ཞིག་གི་རྗེས་ཡིན།

འཐབ་རྩོད་རྒྱུད་འཛིན།

ན་གཞོན་སྐབས་སུ་རོ་ལིས་ཧི་ལ་ཧི་ལ་འཚོ་ས་ནི་འགྱུར་ལྡོག་འབྱུང་བཞིན་པའི་སྤྱི་ཚོགས་ཤིག་སྟེ།གནའ་བོའི་ཚོ་ཁག་གི་སྲོལ་རྒྱུན་མུ་མཐུད་དུ་བསམ་བློ་གསར་བས་ཁྱུར་མིད་གཏོང་བཞིན་མཆིས།ཐ་ན་ཆོས་ལུགས་དང་སྡོད་ཁང་།གྱོན་ཆས་དང་གཉེན་སྟོན་སོགས་ཀྱི་ཕྱོགས་སོ་སོར་ཡང་འགྱུར་ལྡོག་བྱུང་བཞིན་འདུག ཁྱིམ་མཚིས་མང་པོ་ཞིག་གིས་བསམ་བློ་རྙིང་བ་དོར་ནའང་མན་དྷི་ལ་ཡི་ཨ་ཕས་སྔར་བཞིན་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་སྲུང་འཛིན་བྱས་ཡོད།

སྲོལ་རྒྱུན་ལ་བསྟུན་ཏེ་མོ་བྷ་ཁ་ཉི་སི་ཝ་ལ་ཆུང་མ་བཞི་ཡོད་ཅིང་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་ཨ་མ་སྟེ།རོ་སེ་ཁེ་ཉི་ཧྥན་ཉི་ཆུང་མ་གསུམ་པ་ཡིན།ཆུང་མ་བཞི་ལ་བུ་བཞི་དང་བུ་མོ་དགུ་བཅས་བྱིས་པ་བཅུ་གསུམ་ཡོད་པ་ལས་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ནི་ཆེས་ཆུང་བ་དེ་ཡིན།

ཁྱིམ་མི་ཚང་མས་སྡོད་ཁང་གཅིག་གི་འོག་ནས་འཚོ་བ་རོལ་དགོས་པ་ཞིག་མ་ཡིན་པར།ཆུང་མ་རེ་རེར་རང་གི་གྲོང་གསེབ་ཀྱི་སྡེ་བའི་ཁང་བ་ཡོད་ཅིང་།ཞིང་ས་ཅུང་ཙམ་རེ།ཕྱུག་ར་ཆུང་ཆུང་རེ།རྩྭ་ཁང་རེ་གཉིས་ཤིག ཁྱིམ་ཚང་སོ་སོར་བར་ཁྱད་ཆེན་པོ་མེད་ནའང་ཕན་ཚུན་གྱི་བར་ཐག་ལ་སྤྱི་ལེ་རེ་འགའ་ཡོད།རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་ཨ་ཕ་ཁྱིམ་ཚང་སོ་སོ་ནས་འདུག་པའི་དུས་ཚོད་ཀྱི་རིང་ཐུང་ཕལ་ཆེར་འདྲ་མཚུངས་ཡིན།

མོ་བྷ་ཁ་ཉི་སི་ཝ་ནི་སྣང་བ་ཅུང་མཐོ་བའི་མི་ཞིག་ཡིན་ལ།ཁོ་ས་ཡི་ཚད་ཐིག་ནས་བརྗོད་ན་ཁོ་ལ་འབྱོར་བ་ཡོད་ཅིང་ས་འདིའི་མི་ཡིས་གུས་བཀུར་ཀྱང་བྱེད།ཁོའི་ཐོབ་ཐང་དང་ཚོ་ཁག་གི་གོ་སའང་ས་གནས་དཔོན་པོ་དང་ཆ་འདྲ་བ་ཡོད།འོན་ཏེ་འབྱོར་ཕྱུག་ལྡན་ཞིང་ས་གནས་མི་དམངས་ཀྱིས་གུས་བཀུར་བྱེད་པའི་ཁོ་ས་པ་ཞིག་ཡིན་ནའང་།ལྷོ་ཨ་ཧྥེ་རི་ཁ་ཡི་སྤྱི་ཚོགས་ཧྲིལ་བོའི་ཁྲོད་དུ་གོ་གནས་ལའང་ལབ་རྒྱུ་གཏམ་རྒྱུ་ཡོད་དགོས།

ལྷོ་ཨ་ཧྥེ་རི་ཁ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་སྟེ་མང་ཆེ་བ་ནི་མི་ནག་ཡིན།དེ་ལས་མི་རིགས་མི་འདྲ་བ་དཔེར་ན།ཁོ་ས་དང་ཙོའུ་རོ།ཨེན་དྷི་བྷེ་རུ་དང་སང་ཝིན་དྷ།སི་ཝེ་ཟུ་དང་ཕང་ཌོ།ད་དུང་ཧིན་དུ་ཤར་མ་བ་དང་མི་དཀར།རིགས་རྒྱུད་འདྲེས་མའི་རིགས་སོགས་ཡོད།ལྷོ་ཨ་ཧྥེ་རི་ཁའི་མི་དཀར་མང་ཆེ་བ་ནི་ས་དེ་གའི་མི་དཀར་ཏེ་མིང་ལ་བྷུར་མི་ཟེར།འདི་ནི་ཧོ་ལན་མི་སེར་སྤེལ་མཁན་གྱི་བུ་རབས་ཚ་རྒྱུད་དེ།ཧོ་ལན་པ་ནི༡༦༥༢ལོར་ལྷོ་ཨ་ཧྥེ་རི་ཁའི་ས་ཐོག་ཏུ་ཐེངས་དང་པོར་ཐོན་པ་རེད།

དུས་རབས་མང་པོའི་རིང་དུ་ཡོ་གླིང་གིས་གཅན་གཟན་གྱིས་རི་དྭགས་གསོད་པ་ལྟར་ཨ་ཧྥེ་རི་ཁ་གླིང་ལ་བཙན་བཟུང་བྱས་ཏེ་དབང་བསྒྱུར་བྱེད་པའི་བློ་ངན་བཅིངས།ལྷོ་ཨ་ཧྥེ་རི་ཁའི་ཧོ་ལན་པ་མཐར་ཐུག་དབྱིན་ཇི་བའི་ལག་ཏུ་ཕམ་ཞིང་།རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ལོ་ན་ཆུང་དུས་སུ་ལྷོ་ཨ་ཧྥེ་རི་ཁ་དབྱིན་ཇི་བས་དབང་བསྒྱུར་བྱས་ཡོད།

དབྱིན་ཇི་བས་ཁོ་ས་དང་ཙོའུ་རོ།ཡང་ན་ལྷོ་ཨ་ཧྥེ་རི་ཁ་ཡི་ཚོ་ཁག་གཞན་པའི་ས་གནས་སྲིད་གཞུང་ཁས་ལེན་ནའང་།དེ་ཁས་ལེན་པ་ཙམ་ཡིན།རུས་རྒྱུད་དཔོན་པོས་ཚོ་ཁག་གི་མགོ་བར་འགན་འཁུར་དགོས་པ་མ་ཟད།དབྱིན་ཇི་བས་མངགས་པའི་མི་དཀར་ས་གནས་སྤྱི་ཁྱབ་སྲིད་སྐྱོང་ལ་ཡང་འགན་འཁུར་དགོས།ས་གནས་སྤྱི་ཁྱབ་སྲིད་སྐྱོང་འདི་དག་ལ་ཚོ་ཁག་སྲིད་གཞུང་ལས་དབང་ཆ་ཆེན་པོ་ཡོད་ཅིང་ས་གནས་ལ་ཆེས་མཐོའི་ཐག་གཅོད་དབང་ཆ་ཡོད།

རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་སྐྱེས་ནས་ཡུན་རིང་མ་སོང་བར།ཨ་ཕས་མི་དཀར་སྤྱི་ཁྱབ་སྲིད་སྐྱོང་དང་ལྷན་དུ་མཉམ་འགྲོ་མཉམ་འདུག་བྱེད་ཆོག་པར་འདོད་པའི་བསམ་པ་ཡི་རྐྱེན་གྱིས་ནོར་འཕྱུག་བཟོས་ཤིང་།ཕོག་ཐུགས་ཐེབས་པའི་སྤྱི་ཁྱབ་སྲིད་སྐྱོང་གིས་ངོ་རྒོལ་བཀའ་ཡིག་བསྒྲགས་ཏེ་བརྟག་དཔྱད་ཀྱི་གོ་རིམ་དང་སྐྱོན་བརྗོད་ཀྱི་གོ་སྐབས་གང་ཡང་མ་བྱིན་པར་ཁོའི་དབང་ཆ་བླངས།གལ་ཏེ་མི་དཀར་ཞིག་ཡིན་པའི་དབང་དུ་བཏང་ན་བརྟག་དཔྱད་ཀྱི་གོ་རིམ་དང་སྐྱོན་བརྗོད་ཀྱི་གོ་སྐབས་ཡོད་ངེས་ཡིན།གཞུང་ཡིག་ཤོག་ལྷེ་གཅིག་གིས་སྤྱི་ཁྱབ་སྲིད་སྐྱོང་གིས་མོ་བྷ་ཁ་ཉི་སི་ཝ་ཡི་དབང་ཆ་དང་འཚོ་ཐབས་འཕྲོག

དེ་ན་ལྟ་ནའང་།སྤྱི་ཁྱབ་སྲིད་སྐྱོང་གིས་མོ་བྷ་ཁ་ཉི་སི་ཝ་ཡི་གཟི་བརྗིད་འཁྱེར་ཐབས་བྲལ་ཞིང་།ཁོའི་རང་རློམ་དང་ལ་རྒྱ་ཡང་འཕྲོག་ཐབས་མེད།ད་ལྟའི་ཁོ་ས་པ་ཐབས་ཅད་དང་འདྲ་བར།རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་ཨ་ཕས་དཀའ་སྡུག་ལ་གདོང་གཏོད་པའི་གནས་བབ་སྔར་ནས་རྟོགས་འདུག ནུས་པ་འདི་ལས་རེ་འགའ་ནི་ལོ་ངོ་མང་པོའི་སྔོན་གྱི་སྐྱོ་གར་ཞིག་གི་ཁྲོད་ནས་ཐོན་པ་ཡིན་ཏེ།སྐྱོ་གར་འདི་ལ་མོ་ཧྥུ་ཁ་ནེ་དོན་རྐྱེན་ཟེར།

མོ་ཧྥུ་ཁ་ནེ་དོན་རྐྱེན།

༡༨༥༧ལོར།ཁོ་ས་ཚོ་ཁག་གིས་ལྷོ་ཨ་ཧྥེ་རི་ཁའི་ཤར་ཕྱོགས་ས་ཁུལ་དུ་གོ་གནས་གཙོ་བོ་བཟུང་ཡོད།ཁོ་ཚོས་དབྱིན་ཇི་བའི་ལོ་ངོ་བཅུ་གྲངས་ཤིག་གི་ཚུར་རྒོལ་ལ་འགོག་རྒོལ་བྱ་ཐུབ་ཡོད་ནའང་།མོ་ཧྥུ་ཁ་ནེ་དོན་རྐྱེན་ནམ་ཁོ་ས་དུད་འགྲོ་དམར་གསོད་ཆེན་མོ་འབོད་པ་འདིས་ཁོ་ས་ཚོ་ཁག་གི་རང་བཙན་ལ་གཏོར་བཅོམ་བཏང་སོང་།

མོ་ཧྥུ་ཁ་ནེ་དོན་རྐྱེན་ནི་མིང་ལ་ནོང་ཇ་ཝོ་སི་ཟེར་བའི་ན་ཆུང་མ་ཞིག་ནས་བཤད་དགོས་ཏེ།དེ་དུས་ལོ་ཉི་ཤུ་ལ་སོན་ཡོད་མེད་ཙམ་གྱི་བུ་མོ་འདི་གཤིན་མོ་འདེབས་མཁན་ཞིག་ཏུ་གྱུར་འདུག་ལ།ནད་རིགས་འདྲ་མིན་དང་རང་གི་སུན་སྣང་སྣ་ཚོགས་ཀྱི་རྒྱུ་རྐྱེན་འཚོལ་བར་ཁོ་མོ་འཇོན་པོ་ཡོད།

ཉིན་ཞིག་ནོང་ཇ་ཝོ་སི་གཅེན་གཅུང་ཚོ་ནགས་ཚལ་དུ་འགྲོ་དུས།སྐད་སྒྲ་ཞིག་གིས་ཁོ་མོ་འབོད་ཀྱིན་པ་ཐོས་བྱུང་།ཁོ་མོ་ནགས་ཚལ་དུ་སོང་ནས་ཁྱད་མཚར་བའི་མི་གསུམ་གྱི་རྒྱབ་གཟུགས་མཐོང་སོང་།

ནོང་ཇ་ཝོ་སིས་༼ཁྱོད་ཚོ་སུ་ཡིན༽ཞེས་བོས།

༼ང་ཚོ་ནི་ཁྱོད་ཀྱི་མེས་པོ་ཡིན༽ཞེས་སྐད་སྒྲ་དེས་དེ་ལྟར་བཤད་པ་དང་མུ་མཐུད་དུ་བཤད་རྒྱུར།

གསལ་བོར་ཉོན།ང་ཚོས་ནི་ཤི་བའི་ཡུལ་ནས་སྐད་ཅིག་ཁྱེར་ཏེ་ཐོན་ཡོད།འདས་ཟིན་པའི་མི་རྣམས་ཀྱིས་ཁོ་ས་ཚོ་ཁག་ལ་གདུང་སེམས་སྐྱེས་ཤིང་།ཁོ་ས་མི་དམངས་སྐྱོབ་པའི་དུས་ཚོད་ཀྱང་རིང་བོ་མི་འདུག ཟླ་བ་རྗེས་མའི་ཉིན་བཅུ་བཞི་བར་ཆོ་འཕྲུལ་ས་གཞི་འདིའི་སྟེང་དུ་བྱུང་རྒྱུ་རེད།ཉིན་དེར་ཉི་མ་ཤར་ཕྱོགས་ནས་འཆར་ཞིང་འདས་ཟིན་པའི་དཔོན་པོ་ཚོའི་དུར་ས་གས་ནས་ལྷད་མེད་པའི་ན་གཞོན་ལ་སྤྲུལ་ཏེ་བསྐྱར་གསོན་བྱེད་རྒྱུ་རེད་ལ།ཁོ་ཚོས་སྔར་ལས་ཀྱང་ཤེས་རབ་ཀྱི་སྒོ་ནས་ཁོ་ས་ཚོ་ཁག་ལ་དབང་བསྒྱུར་བྱ་རྒྱུ་ཡིན་པར་མ་ཟད་ས་གཞིས་ཀྱང་བུ་སྣོད་བཞིན་དུ་སྒོ་མོ་ཕྱེས་ནས་དུད་འགྲོ་ཁྲི་སྟོང་མང་བོ་བསྐྱེད་རྒྱུ་རེད།དེ་ནས་བཟུང་ཁོ་ས་ཚོ་ཁག་ལ་དབུལ་ཕྱུག་གི་ཁྱད་པར་མི་འདུག་སྟེ།རྒྱུ་མཚན་ནི་མི་ཚང་མ་འབྱུར་ལྡན་པར་འགྱུར་རྒྱུ་ཡིན་པས་སོ།།སྐབས་དེར་བྱང་རླུང་འུར་འུར་དུ་ལྡིང་ནས་མི་དཀར་ཚང་མ་རྒྱ་མཚོའི་ནང་དུ་ཁུར་འགྲོ་ཞིང་ད་ནི་མི་དཀར་གྱིས་ཁོ་ས་ཚོ་ཁག་ལ་རྡུང་རྡེག་བྱེད་མི་ནུས།

ཡིན་ཡང་།ཆོ་འཕྲུལ་མ་བྱུང་བའི་ཡར་སྔོན་དུ་ཁོ་ས་ཚོ་ཁག་གིས་རང་སྟེང་དང་ས་གཞི་འདིར་གཙང་སེལ་བྱ་དགོས་ཤིང་།ཁོ་ཚོས་ངེས་པར་དུ་རང་ཉིད་ཀྱི་དད་སེམས་མཚོན་པའི་ཆེད་དུ་རི་གྲོང་གི་འབྲུ་རིགས་ཡོད་ཚད་བསྲེགས་ནས་སྡེ་གྲོང་གི་ནོར་ལུག་ཐམས་ཅད་གསོད་དགོས།ཁོ་ཚོས་ངེས་པར་དུ་ཉིན་གཅིག་ལ་ཟ་མ་ཐུན་གསུམ་ཟ་བ་བཀག་ནས་ཆོ་འཕྲུལ་ཉིན་མོ་མ་ཐོན་པའི་ཡར་སྔོན་དུ་སྟབས་བདེའི་ཟ་མ་གཅིག་མ་གཏོགས་ཟས་མི་ཆོག

ནོང་ཇ་ཝོ་སིའི་ཚོ་ཁག་ཐོན་དུས་རྒྱབ་གཟུགས་དེ་གསུམ་བུད་སོང་ཞིང་ནོང་ཇ་ཝོ་སི་སྔར་ནས་མིག་ཟུང་བགྲད་དེ་ཧད་འདུག ཚོ་ཁག་ནང་གི་མི་ཞིག་གིས་ཁོ་ས་ཚོ་ཁག་གི་དཔོན་པོ་ཚོས་མེས་པོའི་ལུང་བསྟན་བརྩི་བཀུར་བྱེད་པའི་རེ་ཞུ་བྱས།དོགས་པ་ཇི་འདྲ་ཡོད་ནའང་མི་འདིས་ཚོ་ཁག་དཔོན་པོ་ཚོར་དེ་མ་ཐག་ཁས་ལེན་དུ་བཅུག་ཅིང་།དུད་འགྲོ་དམར་གསོད་བྱེད་པའི་ལས་འགུལ་ཕལ་ཆེར་དེ་མ་ཐག་མགོ་བརྩམས་བྱུང་།

མི་རེ་འགའ་ཞིག་དུད་འགྲོ་དམར་གསོད་བྱེད་པའི་ལས་འགུལ་ལ་འཐད་པ་མ་བྱུང་ཞེས་བཤད་ཆོག་ནའང་།མི་མང་པོ་ཞིག་གིས་རང་གི་དུད་འགྲོ་དང་འབྲུ་རིགས་མེད་བརླག་ཏུ་བཏང་།ཁོ་ས་པ་རྣམས་ཀྱིས་རང་གི་དུད་འགྲོ་དམར་གསོད་བྱེད་པའི་གོ་རིམ་ཁྲོད་དུ་ཚོ་ཁག་ཐམས་ཅད་གདུག་རྩུབ་དང་སྨྱོ་ཧམ་གྱི་མཁའ་དབུགས་ཁྲོད་དུ་ལྷུང་འདུག

མོ་ཧྥུ་ཁ་ནེ་དོན་རྐྱེན་གྱི་རྒྱབ་རོལ་དུ་དོན་དངོས་ག་འདྲ་ཞིག་ཡོད་པ་སུས་ཀྱང་བདེན་དཔང་བྱེད་ཐབས་བྲལ་ནའང་།ལོ་རྒྱུས་སྨྲ་མཁན་རེ་འགས་ན་ཆུང་མ་དེར་མགོ་སྐོར་གཏོང་བའི་རྒྱབ་གཟུགས་དེ་ནི་མི་དཀར་མི་སེར་སྤེལ་མཁན་ནམ་དབྱིན་ཇི་སྲིད་གཞུང་གི་དཔོན་པོས་འཁྲབ་པ་ཞིག་ཡིན་པར་བཞེད།མོ་ཧྥུ་ཁ་ནེ་དོན་རྐྱེན་གྱིས་བསླངས་པའི་མཇུག་འབྲས་ནི་ཧ་ཅང་ཤེས་སླ་སྟེ།ཁོ་ས་པ་མང་པོ་ཞིག་ལྐོག་སྐོམ་དང་ནད་ཡམས་ཀྱི་ཁྲོད་ནས་ཤི་ནའང་།འདི་ནི་ཆེས་སྡུག་པོ་དེ་མ་ཡིན།

མི་ཡུལ་གྱི་སྐྱོ་གར་འདི་འདྲ་ཞིག་ལ་གདོང་གཏད་དེ་དབྱིན་ཇིའི་སྤྱི་ཁྱབ་སྲིད་སྐྱོང་ལྗོར་ཌི་གྷི་རེ་ནང་ལ་ཐོན་ནས།ཁོ་ས་ཚོ་ཁག་ལྐོག་སྐོམ་གྱི་རྐྱེན་གྱིས་ཉམས་ཉེན་ཐེབས་ཤིང་།ལྗོར་ཌི་གྷི་རེ་ཡིས་སྐབས་འདི་དང་བསྟུན་ནས་ཁོ་ས་པའི་ས་གཞི་འཕྲོག་ནས་མི་དཀར་ལ་བགོས།ད་དུང་བཙན་ཚུགས་ཀྱིས་ཁོ་ས་པ་ཁྲི་སྟོང་མང་པོ་མི་དཀར་གྱི་ཞིང་རའི་ནང་དུ་ལས་ཀ་བྱེད་དུ་བཅུག སྔོན་ཆད་ཁོ་ས་ཚོ་ཁག་གིས་རྒྱལ་ཁའི་ངང་དབྱིན་ཇི་བ་འགོག་རྒོལ་ཐུབ་ནའང་།མོ་ཧྥུ་ཁ་ནེ་དོན་རྐྱེན་གྱིས་ཁོ་ས་ཚོ་ཁག་གི་དབང་བསྒྱུར་རྩ་བ་ནས་ཕམ་དུ་བཅུག་སོང་།དོན་རྐྱེན་གྱི་ཤུགས་རྐྱེན་ནི་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ལོ་ན་ཆུང་དུས་སུ་ད་དུང་ཡང་མྱོང་རྒྱུ་དང་མཐོང་རྒྱུ་འདུག

ཞིང་གྲོང་གི་འཚོ་བ།

ཁོ་ས་ཚོ་ཁག་ཇི་བཞིན་རོ་ལིས་ཧི་ལ་ཧི་ལ་ཡི་ཨ་ཕ་དབྱིན་ཇིའི་དབང་བསྒྱུར་ལ་བྱེད་ཐབས་བྲལ་ཞིང་ད་ལྟ་རང་གི་དབང་ཆ་ཡང་ཤོར་སོང་།ཁྱིམ་ཚང་གི་དཔལ་འབྱོར་སྡུག་ཏུ་བྱིན་པ་དང་བསྟུན་ནས་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་ཨ་མ་གནས་སྤར་ནས་སྤྱི་ལེ་རེ་འགའི་ཕར་ནང་གི་ཁུ་ནོ་ཞེས་པའི་གྲོང་སྡེ་ཆུང་ཆུང་དེར་མི་འགྲོ་ཐབས་མེད་བྱུང་།མ་མཐའ་ཡང་དེ་ནས་ཨ་མ་ཚང་དང་ཐག་ཉེ་བས་རང་སེམས་ཅུང་ཙམ་བདེ་ལ་འབབ་ཐུབ།ཆ་མེད་རྒྱུས་མེད་ཀྱི་གྲོང་སྡེ་འདིར་མི་གྲངས་བརྒྱ་ཕྲག་འགའ་ཡོད་ཅིང་རོ་ལིས་ཧི་ལ་ཧི་ལ་ཡི་ཨ་མར་འདི་ན་རྩྭ་ཁང་གསུམ་ཡོད་ཅིང་།གཅིག་ཇ་ཁང་དང་གཅིག་ཉལ་ཁང་ད་དུང་གཞན་གཅིག་མཛོད་ཁང་བཅས་བྱས།

རྩྭ་ཁང་འདི་དག་གི་དབྱིབས་ཟླུམ་གོར་དང་གྱང་གི་རྒྱུ་བ་འདམ་ཡིན།ཡར་འདེགས་བྱེད་ཀྱི་གདུང་མ་ཞིག་གིས་རྩྭ་ཁང་གི་གྲུབ་སྟངས་ཇེ་ཡག་ཏུ་བཏང་ཡོད་ལ།རྩྭ་ཁང་གི་སྒོ་ཧ་ཅང་དོག་པས་མི་ནང་དུ་འཛུལ་དུས་མགོ་སྒུར་ནས་འགྲོ་དགོས།རྩྭ་ཁང་དང་ས་ཞིང་ལ་བར་ཐག་ཅུང་ཙམ་ཡོད་ཅིང་ཞིང་ནང་དུ་མ་རྨོས་ལོ་ཏོག་དང་ཁྲེ་རྒོད།རྒྱ་སྲན་དང་ལྷོ་ཀུབ་སོགས་འདེབས་ཀྱིན་ཡོད།དེ་ནི་ནང་འདྲེན་ཚོང་ཟོག་གི་རིན་གོང་ཧ་ཅང་མཐོ་བས་ཡིན།

ཡིན་ཡང་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཚང་ལ་ས་ཞིང་མེད་དེ།༡༩༡༣ལོར་བསྒྲགས་པའི《མི་ནག་ས་ཞིང་བཅའ་ཁྲིམས》ཏུ་ལྷོ་ཨ་ཧྥེ་རི་ཁ་ནས་མི་ནག་ལ་ས་ཞིང་ཡོད་པར་ཚོད་འཛིན་བྱས་འདུག རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཚང་འཚོ་བ་རོལ་སའི་ས་ཆ་ཚང་མ་སྲིད་གཞུང་ལ་དབང་ཞིང་།རྗེས་ཀྱི་ལོ་བཅུ་ཕྲག་འགའི་ནང་དུ《མི་ནག་ས་ཞིང་བཅའ་ཁྲིམས》སམ་ཁོ་ཚོས་འདོད་བཞིན་པའི་ཁྲིམས་ལུགས་ཀྱིས་ནི་ནག་རང་གི་ཕ་མེས་ཡང་མེས་ནས་འཚོ་སྡོད་བྱེད་སའི་གནས་འདི་དང་ཁ་འབྲལ་དུ་བཅུག་པ་མ་ཟད།ཁོ་ཚོའི་ཆེས་མ་མཐའི་ཁེ་དབང་ཡང་འཕྲོག

ད་ལྟ་དམིགས་བསལ་གྱི་ཁེ་དབང་ཟེར་བ་ཅི་ཡང་ལབ་རྒྱུ་མེད་ནའང་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་བྱིས་དུས་ལ་སྔར་བཞིན་སྤྲོ་སྣང་ལྡན།ཁོ་ནི་འབྲོག་ཕྲུག་ཅིག་སྟེ་ཁོ་ས་པ་ཚང་མ་དང་འདྲ་བར་ཕྱུག་ཟོག་ལ་ཧ་ཅང་དགའ།ཁོས་བལྟས་ན་རང་ཉིད་དང་སྲོག་ཆགས་འདི་རིགས་ཀྱི་བར་ན་ལྐོག་གྱུར་གྱི་འབྲེལ་བ་ཅི་ཞིག་ཡོད་པར་སྣང་ལ།སྣང་བ་འདི་འདྲ་ཁོ་རང་གི་མི་རིགས་ཀྱི་ནང་དུ་ཧ་ཅང་རྒྱུན་ལྡན་ཞིག་རེད།ཁོ་ས་པ་ལ་མཚོན་ནས་བརྗོད་ན་ཕྱུག་ཟོག་ནི་ཁོ་ཚོའི་ཁ་ཟས་དང་རྒྱུ་ནོར།ཡང་ན་དགའ་སྤྲོ་མཚོན་བྱེད་ཡིན་ལ།དེ་དང་ལྷན་ཅིག་ད་དུང་འཇིག་རྟེན་བྱེད་པ་པོས་གནང་བའི་ལེགས་སྐྱེས་ཀྱང་ཡིན།

རང་བྱུང་ཁམས་ཆེན་མོ་ནི་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་དགེ་རྒན་གལ་ཆེན་ཞིག་ཡིན་ལ་འདིའི་ཁྲོད་དུ་ཁོས་མང་པོ་ཞིག་རྟོགས་སོང་།སྦྲང་རྩི་ལེན་པ་དང་སྐྱེ་དངོས་ངོས་འཛིན།ཉ་འཛིན་པ་དང་བྱ་འཛིན་པ་སོགས་ཤེས་ཤིང་།ལོ་རྒྱུས་ཀྱི་སྲོལ་རྒྱུན་རྙིང་བ་ལྟར་དུ་འབྲོག་པ་རྒན་པ་ཚོས་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལར་ཁོ་ས་པའི་དྲག་རྩལ་ཏེ་དབྱུག་པའི་རྩལ་བསླབས།

ཞིང་གྲོང་གི་འཚོ་བས་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་ལུས་ཕུང་དང་འདུན་པ་ལ་སྦྱོང་བརྡར་ཐོབ་ཅིང་།ཐེམ་བྷོ་རུས་རྒྱུད་དང་ཁོ་ས་ཚོ་ཁག་གི་གནའ་སྒྲུང་གིས་ཁོའི་འཆར་སྣང་གི་བློ་སྒོ་ཕྱེས་ནས་དྲང་བདེན་དང་ནོར་འཕྱུག་གི་ཁྱད་པར་འབྱེད་པར་ཁ་ཕྱོགས་བསྟན།འབྲོག་པ་རྒན་པ་ཚོས་བཤད་པའི་ཡ་མཚར་བའི་ལྷ་སྒྲུང་དག་ལ་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡིས་ནན་ཏན་གྱིས་ཉན་ཞིང་།ད་དུང་ཡིད་སྨོན་དང་གུས་སེམས་ཀྱིས་དཔེ་ཆ་བ་ཡིས་བརྩམས་པའི་དཔའ་རྒོད་དང་བརྩེ་དུང་གི་གཏམ་རྒྱུད་དག་ལ་ལྟ།དེ་ལས་ཀྱང་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་ཡིད་སེམས་རབ་ཏུ་འཕྲོག་པ་ནི་གནའ་བོའི་དུས་སྐབས་སུ་སའི་གོ་ལ་ཡི་སྟེང་དུ་བྱུང་བའི་མིའི་རིགས་ཐོག་མ་ཡི་གཏམ་རྒྱུད་དེ་ཡིན།

ཁུ་ནོ་ནི་འགྲིག་མཐུན་ཡོད་པའི་སྡེ་གྲོང་ཞིག་ཡིན་ལ།འདི་རུ་མི་དཀར་ཧ་ཅང་ཉུང་མོད་ས་འདིའི་སྡོད་དམངས་རྣམས་ཕན་ཚུན་ཁྱིམ་མཚེས་ཟེར་བ་ལས་ཁྱིམ་ཚང་གཅིག་ཅེས་ལབ་ནའང་འགལ་བ་ཆེན་པོ་མི་འདུག ཡིན་ཡང་ས་གནས་སྲིད་གཞུང་གི་འཐུས་ཚབ་མི་དཀར་ཡིན་ལ་སྡེ་བ་དང་བར་ཐག་ཆེས་ཉེ་བའི་ཚོང་ཁང་ཚང་མ་ཡང་མི་དཀར་ལ་དབང་།སྐབས་ལན་རེར་མི་དཀར་ལྗོངས་རྒྱུ་བ་དང་མི་དཀར་ཉེན་རྟོག་པ་རེ་གཉིས་སྡེ་གྲོང་ཆུང་ཆུང་འདི་བརྒྱུད་ནས་འགྲོ་ནའང་ཡིད་སྨོན་ཙམ་སྐྱེས་ནས་འགྲོ་དགོས།

མྱོང་བརྒྱུད་གསར་བ།

ཁུ་ནོ་ཡི་སྡོད་དམངས་མང་ཆེ་བ་ནི་ཁོ་ས་མི་རིགས་ཡིན་མོད་གཞན་ད་དུང་མོ་ཧྥུན་གྷོ་མི་རིགས་ཀྱང་ཕྱོགས་རེ་ཡོད།མི་རིགས་འདི་ནི་དུས་རབས༡༩པའི་ནང་དུ་ཁོ་སའི་ས་ཐོག་ཏུ་སྤར་ནས་ཐོན་ཞིང་ལོ་ངོ་བརྒྱ་ལྷག་འདས་སོང་།ས་གཞི་འདིའི་སྟེང་དུ་མོ་ཧྥུན་གྷོ་མི་རིགས་རྣམས་སྔར་བཞིན་ཁོ་ས་པ་ལ་འགྲན་ཐབས་མེད་དེ།ཁོ་ཚོའི་ས་བདག་གིས་དུས་རྒྱུན་དུ་བརྙས་བཅོས་བྱེད་ལ།ཁོ་ཚོར་རང་ཉིད་ཀྱི་ས་ཞིང་མེད་པས་ཐོག་མ་ནས་བཟུང་གཞན་གྱིས་སྒྲུབ་མི་འདོད་པའི་ལས་ཀ་རེ་སྒྲུབ་དགོས་ཀྱི་འདུག

རིམ་བཞིན་དེ་ལྟར་དུ།མོ་ཧྥུན་གྷོ་མི་རིགས་ཀྱིས་ནུབ་ཕྱོགས་སློབ་གསོ་མྱོང་རྒྱུ་མགོ་བརྩམས་ཤིང་དབྱིན་ཡིག་ཀྱང་ཤེས་པར་གྱུར་ལ།ད་དུང་གྱོན་གོས་དང་སྡོད་ཁང་གི་ཕྱོགས་ནས་ཀྱང་ནུབ་ཕྱོགས་ཀྱི་ཆ་ལུགས་བཀོལ་སྤྱོད་བྱས།མཐར་ཐུག་ཁོ་ཚོ་ས་གནས་འདིའི་ཆོས་རྫི་དང་ཉེན་རྟོག་པ།དགེ་རྒན་དང་ལས་བྱེད་པ་སོགས་ལྟོས་བཅས་ཀྱིས་གླ་ཕོགས་ཅུང་མཐོ་བའི་མི་སྣ་རུ་གྱུར།ཁོ་ཚོའི་རྒྱལ་ཁ་ལ་ཁོ་ས་པ་རྣམས་ཀྱིས་ཁས་ལེན་མ་བྱས་ཤིང་མི་རིགས་གཉིས་བར་དུ་དགྲར་འཛིན་དང་ཞེ་སྡང་།ཕྱོགས་ཞེན་དང་འཁོན་སེམས་གནས་པར་གྱུར།

འོན་ཏེ།གནད་དོན་འདིའི་སྟེང་ནས་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་ཨ་ཕ་ནི་རང་གི་མི་རིགས་ཀྱི་མི་གཞན་པ་དང་མི་འདྲ་བར།ཁོས་ནི་ཁོ་ཚོའི་བྱ་སྤྱོད་ཚད་གཞིར་འཛིན་པ་ལས་རིགས་རྒྱུད་ཀྱི་དབྱེ་བ་དགར་རྒྱུ་མིན་པ་ཐག་གཅོད་བྱས།ཁོས་རང་གི་བུ་ཆུང་གིས་ཀྱང་འདི་ལྟར་སྒྲུབ་པའི་རེ་བ་བྱས་ཤིང་དེ་ནི་ཁ་བཤད་རྐྱང་རྐྱང་ཞིག་མ་ཡིན།རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡིས་རང་གི་ཨ་ཕས་རིགས་རྒྱུད་དང་དད་མོས་བརྒལ་ནས་གཞན་དང་གྲོགས་པོའི་འབྲེལ་བ་བཙུགས་པ་དངོས་སུ་མཐོང་།ཏག་ཏག་ཁོའི་ཨ་ཕ་མོ་ཧྥུན་གྷོ་མི་རིགས་ཤིག་དང་གྲོགས་པོ་སྒྲིག་པས་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལའི་འཚོ་བར་ཤུགས་རྐྱེན་ཟབ་མོ་ཐེབས།

དགེ་རྒན་པུམ་བྷེ་ཁི་ལ་ནིལས་འཁྱུར་ངལ་གསོ་བྱས་ཟིན་པའི་མོ་ཧྥུན་གྷོ་མི་རིགས་ཤིག་ཡིན་ལ།ཁོས་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་མཚར་སྣང་ཆེ་ཞིང་དང་བློ་རིག་རྒོད་པར་མཉམ་འཇོག་བྱས།ཁོས་རོ་ལིས་ཧི་ལ་ཧི་ལ་ཡི་ཕ་མ་ལ།གལ་ཏེ་ཁོ་ཚོས་རང་གི་བྱིས་པ་སྡེ་བ་དང་རྒྱང་ཐག་མི་རིང་བའི་གསར་དུ་བཙུགས་པའི་ཞིན་ཏོ་ཙོང་སློབ་གྲྭར་མངགས་ན་མ་འོངས་པར་རེ་བ་འདུག་ཅེས་བཤད།སྤྱིར་བཏང་ཁྱིམ་ཚང་འདི་ནས་སྔོན་ཆད་སློབ་གྲྭར་འགྲོ་མྱོང་མཁན་གཅིག་ཀྱང་མེད་ནའང་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ཡི་ཨ་ཕས་དེ་མ་ཐག་ཁས་ལེན་བགྱིས།དེ་ལྟར་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ལོ་བདུན་གྱི་སྟེང་ནས་ས་གནས་དེ་གའི་ཞིན་ཏོ་ཙོང་སློབ་གྲྭར་སོང་།

སློབ་གྲྭར་སོང་བ་ནི་འགྱུར་ལྡོག་ཆེན་པོ་ཞིག་སྟེ།རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་གསར་བ་གསར་རྐྱང་གི་འཇིག་རྟེན་ཞིག་ཐོན་བྱུང་།འདི་ནས་ཁོའི་སྐད་ཡིག་དང་གྱོན་པ་ལ་འགྱུར་བ་བཏང་།སྲོལ་རྒྱུན་གྱི་མི་རིགས་གྱོན་གོས་ཏེ་ལུས་པོ་བཏུམ་བྱེད་ཀྱི་རེས་རྐྱང་དེ་བཀོལ་སྤྱོད་མི་བྱེད་པར།དེའི་ཚབ་ཏུ་ཨ་ཕར་ཐུང་ཡོད་པའི་དོར་མ་ཞིག་གྱོན་ཞིང་དོར་ཆབ་སྐུད་པ་ཞིག་བྱས།དེའི་སྟེང་དུ་ནུབ་ལུགས་བསྟོད་ཐུང་ཞིག་གྱོན།འབྱོར་ལྡན་ཁྱིམ་ཚང་ནས་ཐོན་པའི་སློབ་མ་རྣམས་ཀྱིས་ཁོ་ཚོའི་སློབ་གྲོགས་གསར་བ་འདི་ལ་འཕྱ་སྨོད་བྱས་ནའང་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལར་ངོ་ཚ་ཅི་ཡང་མི་འདུག ཨ་ཕའི་དོར་མ་གྱོན་པ་ལ་ང་རྒྱལ་གྱིས་ཁེངས་འདུག

ཐ་ན་རོ་ལིས་ཧི་ལ་ཧི་ལ་མན་དྷི་ལ་ལ་མིང་གསར་བ་ཞིག་ཀྱང་ཡོད་པར་གྱུར།ཁོའི་དགེ་རྒན་ཏེ་སྲས་མོ་མོ་ཌེམ་ལྗ་ཉི་ཡིས་གུས་བཀུར་ལྡན་པའི་ངང་བཤད་རྒྱུར།ཁོའི་མིང་གསར་བ་ལ་ནེལ་སོན་ཞེས་ཟེར་ཞིང་རྗེས་ཕྱོགས་སློབ་གྲྭའི་ནང་དུ་ཁོ་ཡི་མིང་འདི་ལྟར་བོས་ཞེས་བཤད།དགེ་རྒན་གྱིས་ནེལ་སོན་ཞེས་པའི་མིང་འདི་འདེམ་དོན་སུས་ཀྱང་མི་ཤེས།ཡང་ན་ཁོ་མོས་དབྱིན་ཇིའི་མཚོ་དམག་དེད་དཔོན་ཧོ་རེས་ཁྲོ་ནེལ་སོན་ཧུ་ལྗེ་ཞེས་པ་ཡིད་ལ་ཤར་བ་ཡིན་ཡང་སྲིད།དོན་གྱིས་ཅི་ཞིག་ཡིན་པ་སུས་ཀྱང་ཤེས་ཐབས་བྲལ།ཨ་ཧྥེ་རི་ཁ་གླིང་གི་མིང་དང་མི་མཚུངས་ཤིང་དབྱིན་ཡིག་གི་མིང་ལ་དམིགས་གཏན་གྱི་ནང་དོན་དང་གཏམ་རྒྱུད་ཅི་ཡང་མེད།

དང་ཐོག་ནེལ་སོན་གྱིས་རང་ཉིད་ལ་མིང་གསར་བ་ཞིག་བཏགས་པ་ནི་ཡོ་གླིང་མི་ཡིས་ཧྥེ་གླིང་མིའི་མིང་བཤད་ན་མི་བདེ་པས་ཡིན་པར་བསམ།ཡིན་ཡང་རྗེས་སོར་ཁོས་རྒྱུ་རྐྱེན་གཞན་ཡོད་མེད་ཀྱང་ཤེས་པར་འདོད་ནས།ཁོས་རང་གི་སློབ་ཁྲིད་ཀྱི་ཁྲོད་ན་ཧྥེ་གླིང་ལོ་རྒྱུས་དང་འབྲེལ་བའི་ནང་དོན་མེད་པ་མ་ཟད་སློབ་མ་ཚོར་བསམ་བློ་ཞིག་རྒྱུད་སྒྲོག་བྱེད་ཀྱིན་པ་ཤེས་རྟོགས་བྱུང་ལ།ཧྥེ་གླིང་གི་དངོས་པོ་ཚང་མ་དུས་ཚོད་ཡོལ་བའི་དངོས་པོ་ཡིན་པར་བསམས།བསམ་བློ་འདི་དག་དང་རང་ཉིད་ཀྱི་མིང་གི་བར་ན་འབྲེལ་བ་ཞིག་ཡོད་མེད་ཀྱང་ཤེས་འདོད་སྐྱེས།

དུས་སྐབས་འདིར་སློབ་ཁྲིད་ལ་དཀའ་ཁག་སྣ་ཚོགས་ཀྱིས་ཁེངས་ཡོད།ནེལ་སོན་རང་ལོ༩ལ་སོན་དུས།ཉིན་ཞིག་ཨ་ཕ་གློ་བུར་དུ་ཨ་མའི་ཁྱིམ་དུ་ཐོན་བྱུང་།མོ་བྷ་ཁ་ཉི་ཝ་དུས་རྒྱུན་དུ་ཆུང་མ་བཞི་བོའི་ཁྱིམ་དུ་དུས་ཚོད་ཆ་མཉམ་པར་འདུག་ལ།དུས་ཚོད་བཀོད་སྒྲིག་ཀྱང་གཏན་འཁེལ་བྱས་ཡོད།དེ་བས་མོ་བྷ་ཁ་ཉི་ཝ་ཉིན་འགའི་སྔོན་ལ་ཐོན་དུས་མ་བུ་གཉིས་ཡ་མཚར་སྐྱེས་སོང་།ལྷག་པར་དུ་ཁོའི་ལུས་པོ་སྐམ་རིད་དུ་གྱུར་ཡོད་ཅིང་ནད་ལྗིད་མོ་ཞིག་བྱུང་བ་ལྟར་དུ་གློ་ལུ་རྒྱག་བཞིན་ཐོན་ནས།ཁོས་རང་ཉིད་ལ་གློ་ནད་བྱུང་འདུག་ཟེར།ཁོ་ས་པ་མང་ཆེ་བ་ལྟར་དུ་མོ་བྷ་ཁ་ཉི་ཝ་ཡང་ཐ་མག་མང་པོ་བཞེས་མཁན་ཞིག་ཡིན་ལ་ཁོའི་བདེ་ཐང་གི་གནད་དོན་ཡང་འདི་ལས་བསྐྱེད་པ་ཡིན་ངེས།

ནེལ་སོན་གྱི་ཨ་མ་དང་ཆུང་མ་གཞན་ཞིག་གིས་རང་ནུས་གང་ཡོད་ཀྱིས་མོ་བྷ་ཁ་ཉི་ཝ་ལ་གཉོར་སྐྱོང་བྱས་ནའང་ཁོའི་ཐ་མག་བཞེས་འདོད་ཀྱི་བསམ་པ་འདོར་ཐབས་མ་བྱུང་།མཐར་ཁོས་རང་གི་ཆུང་མ་ལ་ཐ་མག་ཁྱེར་ནས་ཡོང་དུ་བཅུག ཆུང་མ་གཉིས་ཀྱིས་ཁོས་མུ་མཐུད་དུ་ཐ་མག་བཞེས་ན་ནད་ཇེ་སྡུག་ཏུ་བུད་འགྲོ་བསམ་ནས་མ་བྱིན་མོད།མོ་བྷ་ཁ་ཉི་ཝ་ཡིས་ཨུ་ཚུགས་མཐར་སྐྱེལ་བྱས་པས་ཆུང་མས་ཀྱང་དེ་ལྟར་མི་སྒྲུབ་ཐབས་མེད་དུ་གྱུར།ཁོས་ཐ་མག་བླངས་ནས་རྔུབ་འཐེན་འགའ་བྱས་རྗེས་གློ་ལུ་མཚམས་ཀྱང་ཆད་ནས་དེ་མ་ཐག་ལྷིང་འཇགས་ཤིག་ཏུ་གྱུར།དེའི་རྗེས་ཀྱི་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་ཁོས་མུ་མཐུད་དུ་ཐ་མག་བཞེས་པ་དང་མཐར་ཐུག་ཐ་མག་སྔར་བཞིན་སྒྲོན་ཡོད་ཀྱང་ཁོ་བོ་ལྷིང་འཇགས་ངང་ཤི་སོང་།

རྒན་པ་ཚོས་བཤད་ན།མི་ཞིག་འདི་ལྟར་ལྷིང་འཇགས་ཀྱིས་ཤི་ཐུབ་པ་ནི་གནམ་རྒན་མས་མགོན་སྐྱབས་གནང་བ་རེད་ཟེར།ཡིན་ཡང་ལོ་ན་དགུ་ལ་སོན་པའི་ནེལ་སོན་ལ་མཚོན་ན་ཨ་ཕ་འདས་པའི་སྡུག་བསྔལ་ལས་ཚོར་བ་གང་ཡང་མི་འདུག ཨ་ཕས་ཁོ་ལ་རང་གི་ཐོབ་ཐང་ཤེས་སུ་བཅུག་ཅིང་རང་སྟེང་གི་དོན་སྙིང་ལ་འགྲེལ་བ་བྱས།ཨ་ཕ་འདས་སོང་ཞིང་ནེལ་སོན་གྱི་འཚོ་བར་ཡང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཅིག་བྱུང་སོང་།