རྒྱལ་པོའི་སྡེ་གྲོང་ནང་ན།

མོ་བྷ་ཁ་ཉི་སི་ཝ་ཡི་འདས་མཆོད་བསྒྲུབས་ནས་ཡུན་རིང་མ་སོང་བར་ཨ་མས་ནེལ་སོན་ལ་ཁུ་ནོ་སྡེ་བ་ནས་འགྲོ་དགོས་པར་བཤད།སྐད་ཆ་འདིར་ཅུང་མཚར་སྣང་སྐྱེ་ནའང་ཧྥེ་གླིང་གི་བྱིས་པས་རྒན་པ་ཚོར་དོགས་སློང་བྱེད་མི་རུང་བས།ནེལ་སོན་གྱིས་གང་ལ་འགྲོ་དགོས་པ་དང་ཅིའི་ཕྱིར་འགྲོ་དགོས་པ་སོགས་གང་ཡང་མ་དྲིས་པར་སྟབས་བདེའི་དངོས་པོ་འགར་བསྡུ་གསོག་རྒྱབ་ནས་ལམ་ལ་ཆས་པར་གྲ་སྒྲིག་བྱས།

ཨ་མ་དང་ཁོང་གཉིས་ནམ་ལངས་མ་ཐག་ལམ་ལ་ཆས།ནངས་མོའི་ཉི་འོད་འཇམ་པོའི་འོག་གི་སྡེ་བ་འདི་ཧ་ཅང་གསལ་ལ།རི་བོ་ཆུང་ཆུང་ཞིག་གི་སྟེང་ནས་ནེལ་སོན་གྱི་མཐར་ཐུག་གི་མིག་མདའ་ཁུ་ནོའི་ཁང་བ་དང་ས་ཞིང་།ཉེ་འཁོར་གྱི་ནགས་ཚལ་ལ་འཕངས།ཁོས་ཡུལ་ལྗོངས་དེ་ཡིད་སེམས་ཀྱི་ཕྱིར་དྲན་ངོས་སུ་ཉར་ཞིང་།ཕྱུག་ཟོག་འཚོ་སྐྱོང་བྱེད་མཁན་དང་དབྱུག་པའི་དྲག་རྩལ་འགྲན་མཁན་གྱི་གྲོགས་པོ་ཚོའང་ཡིད་ལ་འཁོར་ཞིང་།ཁོས་ད་ལྟ་ནས་ཁོ་ཚོ་དྲན་མགོ་བརྩམས།

ནེལ་སོན་དང་ཨ་མ་གཉིས་ཉིན་ཧྲེལ་བོར་ལམ་ལ་ཆས་ཤིང་ཕན་ཚུན་ལ་ཁ་བརྡ་ཙམ་ཡང་མ་བཤད།ཉི་མ་ཡང་ནུབ་ལ་ཉེ་བའི་སྐབས་དེར་ལུང་གཤོངས་ཤིག་ལ་ཐོན་པ་དང་།ལུང་གཤོངས་དེ་ན་སྡེ་བ་ཞིག་འདུག སྡེ་བའི་དཀྱིལ་ན་ཁྱད་ཆོས་ཡོངས་འདུས་ཀྱི་འཛུགས་སྐྲུན་ཞིག་ཡོད་ཅིང་དེ་ནི་ནེལ་སོན་གྱིས་མཐོང་མྱོང་བའི་བག་ཆགས་ཆེས་ཟབ་པའི་འཛུགས་སྐྲུན་ཞིག་ཡིན།སྒྲིག་གཞིའི་སྟེང་ནས་བལྟས་ན་སྡེ་བའི་ནང་གི་ཨ་མའི་ཁང་བར་ཅུང་ཙམ་འདྲ་ནའང་།འཛུགས་སྐྲུན་གྱི་ཞིབ་ཚགས་ཆ་ནས་རྩྭ་ཁང་ལས་ཆེ་ཞིང་ཉི་འོད་ཀྱིི་འོག་ན་འོད་ཆེམ་ཆེམ་བྱེད།འཛུགས་སྐྲུན་གྱི་སྟེང་ན་མངོན་པའི་མཛེས་ཉམས་ཀྱིས་ནེལ་སོན་ལ་ཆ་མེད་རྒྱུད་མེད་ཀྱི་སྣང་བ་ཞིག་སྟེར།ད་དུང་ཁང་བའི་འགྲམ་ན་གྲལ་དག་པའི་ལྡུམ་ར་དང་ས་གཤིན་པའི་ཞིང་ར།འབྲས་བུ་སྨིན་པའི་སིལ་སྡོང་དང་རང་དགར་རྒྱུ་བའི་ནོར་ལུག་སོགས་འདུག

རྒྱས་སྤྲོས་རླངས་འཁོར་འགའ་སྡེ་བ་འདིར་ཐོན་ཞིང་ནང་དུ་གསར་བ་འགའ་བབས་བྱུང་།སྐབས་འདིར་ནེལ་སོན་ཡ་མཚར་ནས་མིག་ཟུང་བགྲད་དེ་བལྟས་འདུག དེའི་ནང་ནས་གཟུགས་པོ་ཐུང་ལ་ཤ་མདོག་ནག་པའི་གསར་བ་ཞིག་མ་བུ་གཉིས་གཟས་ནས་ཐོན་བྱུང་།མི་འདི་ནི་ཁོ་ས་ཚོ་ཁག་གི་ཐེམ་བྷོ་རུས་རྒྱུད་ཀྱི་སྲིད་སྐྱོང་མཁན་རོང་ཞིན་ཐ་བྷ་རེད།

རོང་ཞིན་ཐ་བྷ་ཞེས་པ་ནི༼རི་རྩེ་ལ་རྒྱང་ལྟ་མཁན༽གྱི་དོན་ཡིན་ཞིང་།འདི་ནི་ལོ་མང་པོའི་སྔོན་དུ་ནེལ་སོན་གྱི་ཨ་ཕས་འོས་སྦྱོར་བྱས་པའི་མི་དེ་རེད།ད་ལྟ་ནི་ཁོས་དྲིན་ཤེས་དྲིན་དུ་འཇལ་བྱུང་།མ་བུ་གཉིས་ལ་དགའ་བསུ་ཆེན་པོ་བྱས་ཤིང་ནེལ་སོན་ས་ཆ་འདིའི་འཚོ་བར་ལོབ་རག་བར་དུ་དགའ་རྩེད་བྱས།འདི་ནི་ཁོའི་ཁྱིམ་གསར་བ་ཞིག་ཡིན།

ཐོག་མར་ཨ་མ་དང་ཁ་བྲལ་དུས་ནེལ་སོན་གྱིས་ཨ་མ་དྲན་མོད་མྱུར་མོར་ཁོར་ཡུག་གསར་བ་ལ་ལོབ་སོང་།རོང་ཞིན་ཐ་བྷ་བཟའ་ཟླ་གཉིས་ཀྱིས་ནེལ་སོན་ལ་རང་གི་བྱིས་པ་ལྟར་གཅེས་ཤིང་ཁོས་ཀྱང་སྲིད་སྐྱོང་གི་བྱིས་པ་གཉིས་སྤུན་ཟླ་བཞིན་དུ་བརྩི།ལྷག་པར་དུ་སྲིད་སྐྱོང་གི་བུ་ལྗ་སི་ཐྲེན་སི་དང་མཐུན་པོ་ཡོད།ཁྱིམ་མི་ཚང་མས་ཟ་མ་མཉམ་དུ་ཟ་ཞིང་ཁོ་ཚོའི་ཁང་བའི་ནང་དུ་ངལ་གསོ།དེ་བཞིན་མགྲོན་པོ་ཚོས་ཀྱང་གུས་བཀུར་བྱེད།

ནེལ་སོན་གྱི་ཁྱིམ་གསར་བ་ནི་ཐེམ་བྷོ་རུས་རྒྱུད་སྲིད་གཞུང་གི་ལྟེ་བར་གནས་ཤིང་དགོས་མཁོ་བྱུང་དུས་སྲིད་སྐྱོང་གིས་གནས་འདི་ནས་ཚོགས་འདུ་བསྡུ་བཞིན་ཡོད།ཚོགས་པའི་བརྗོད་དོན་ནི་ཐན་སྐམ་དང་ཕྱུག་ཟོག་བཅོལ་བ།ཁྲིམས་ལུགས་གཏན་འབེབས་སམ་སྲིད་ཇུས་གསར་བཟོ་སོགས་ཀྱི་གནད་དོན་སྟེང་ན་ཡོད།ཚོ་ཁག་ཚང་མའི་ཚོགས་མི་ཚོགས་པར་ཞུགས་ཆོག་ཅིང་ཐོབ་ཐང་ཅི་ཡིན་ཡང་གཏམ་བརྗོད་ཀྱི་གོ་སྐབས་ཡོད།གཅིག་མཐུན་གྱི་ལྟ་བ་མ་བྱུང་བར་དུ་ཚང་མས་རང་རང་གི་བསམ་ཚུལ་བརྗོད་ནས་ཕན་ཚུན་ལ་རྩོད་པ་བྱེད་པ་ཡིན།

ནེལ་སོན་ཡང་ཚོགས་འདུ་འདི་དག་ལ་ཞུགས་ནས་ཉན་རྒྱུར་དགའ་ཞིང་མཇུག་མཐའི་གཅིག་མཐུན་ལྟ་བར་བྱུང་བའི་རྩོད་གླེང་ཚོགས་འདུ་ལ་ཞེ་དྲག་དགའ།འདི་ནི་སྐབས་དེ་དུས་ལག་བསྟར་བྱེད་བཞིན་པའི་ཧྥེ་གླིང་གི་དམངས་གཙོ་ཡིན།༼དམངས་གཙོའི་གོ་དོན་ནི་མི་རེ་རེའི་གཏམ་བརྗོད་ལ་ཉན་ཞིང་དེའི་ཁྲོད་དུ་མི་ཚང་མས་ཁས་ལེན་བྱེད་པའི་ཐག་གཅོད་ཡིན།༽རྗེས་སུ་ནེལ་སོན་གྱིས་རང་རྣམ་ཁྲོད་དུ་འདི་ལྟར་བྲིས་ཡོད།༼མང་ཁ་ཉུང་ལེན་བྱེད་པའི་རྩ་དོན་ནི་ཕྱི་ཡོང་གི་གོ་དོན་ཞིག་སྟེ།མི་གྲངས་ཉུང་བའི་ཕྱོགས་མི་གྲངས་མང་པོའི་བྲན་གཡོག་ཏུ་གྱུར་ན་མི་འོས།༽

དུས་ཚོད་ཇི་ལྟར་འདས་ནའང་།རྒྱལ་པོའི་སྡེ་གྲོང་ནས་བྱུང་བའི་དོན་དག་རྣམས་སྔར་བཞིན་ནེལ་སོན་གྱི་ཕྱིར་དྲན་ཁྲོད་ན་གནས་ཤིང་།འདི་ཚང་མས་རྗེས་ཕྱོགས་ཁོ་དཔོན་པོར་འདུག་པའི་གཤིས་ཀ་ལ་ཤུགས་རྐྱེན་ཐེབས།ལམ་ལུགས་འདིར་སྐྱོན་ཆ་ཡོད་ནའང་རིན་ཐང་ངེས་ཅན་ཞིག་ལྡན་ཏེ།ལམ་ལུགས་འདིའི་བཀོལ་སྤྱོད་ལ་བལྟས་པས་ཀྱང་ནེལ་སོན་ལོ་རྒྱུས་ལ་སྤྲོ་བ་སྐྱེས་ཤིང་ཇི་ལྟར་བྱས་ནས་མི་རྣམས་གྲོས་མཐུན་ཡོང་བའི་ཕྱོགས་ལ་འདང་རྒྱག་བྱེད་པར་སྐུལ་འདེད་བྱས།

ཚོགས་འདུར་ཡོང་བའི་སྡེ་དཔོན་ཚང་མས་ནེལ་སོན་གྱི་ཡིད་སེམས་རབ་ཏུ་འཕྲོག སྡེ་དཔོན་མང་ཆེ་བར་ཤེས་རབ་ལྡན་ཞིང་ཁ་ལྕེ་བདེ་ལ།དགོས་སུ་མིང་ལ་ཚི་ཝེ་རེས་བྷན་ལྗུ་རེ་ཀྲོ་ཡོ་ཟེར་བའི་སྡེ་དཔོན་རྒན་པ་ཞིག་གིས་ནེལ་སོན་ལ་བག་ཆགས་ཟབ་མོ་བཞག སྡེ་དཔོན་འདི་དཔའ་བོའི་ལོ་རྒྱུས་གཏམ་རྒྱུད་དུ་བཅོས་ནས་འཆད་རྒྱུར་ཧ་ཅང་དགའ།ཁོའི་གདོང་ལ་རྒས་གཉེར་གྱིས་ཁེངས་ཡོད་ནའང་།ཁོ་ས་ཚོ་ཁག་གི་དཔའ་རྒོད་ཚོས་དུས་རབས༡༩པའི་ནང་དུ་སྟོབས་ལྡན་དབྱིན་ཇིའི་དམག་མི་ཇི་ལྟར་འགོག་རྒོལ་བྱས་པའི་སྐོར་བཤད་དུས།ཁོའི་ལུས་པོར་ན་གཞོན་གྱི་གསོན་ཤུགས་ཀྱིས་ཁྱབ་ཡོད།སྡེ་དཔོན་འདི་ད་དུང་ཧྥེ་གླིང་ཤར་རྒྱུད་ཀྱི་མཚོ་ཁུལ་ནས་གནའ་བོའི་ཁོ་ས་པས་འཚོ་བ་རོལ་བ་བཤད་རྒྱུར་དགའ་ཞིང་ནེལ་སོན་གྱིས་ཉན་རྒྱུར་ཤིན་དུ་དགའ།

ནར་སོན་གྱི་ཐེམ་སྐས།

རང་གིས་ཨ་ཕའི་ཁ་ཆེམས་དང་དུ་བླངས་ནས་སྡེ་དཔོན་བྱེད་དགོས་པ་དང་དེའི་ཆེད་དུ་སྦྱོང་བརྡར་བྱེད་བཞིན་པ་ནེལ་སོན་གྱི་ཡིད་ལའང་མ་ཤར།ལོ༡༦ལ་ཐོན་ནེལ་སོན་ནི་གཞན་གྱིས་མཐོང་ཆུང་བྱེད་མི་ཐུབ་པའི་ན་གཞོན་ཞིག་ཡིན་མོད་ཀྱང་སྲོལ་རྒྱུན་ནམ་ཚོ་ཁག་གི་གོམས་གཤིས་ངོས་ནསབརྗོད་ན།ཁོ་ད་དུང་དར་མ་མིན་ཏེ།དཀྲེ་ལྤགས་འབྲེག་གཅོད་ཀྱི་བྱེད་སྒོ་བརྒྱུད་ཟིན་ན་མི་རིགས་དེའི་མི་རྣམས་ཀྱིས་ད་གཟོད་ན་གཞོན་ངོ་མ་ཞིག་ཏུ་གྱུར་བ་རེད།

དཀྲེ་ལྤགས་འབྲེག་གཅོད་ནི་གཞོན་ནུ་ཕོ་ཡི་ཕོ་མཚན་གྱི་སྐྱི་པགས་འབྲེག་གཅོད་བྱེད་པའི་གཤག་བཅོས་ཆུང་ཆུང་ཞིག་ཡིན།འོན་ཏེ་བྱེ་བྲག་བྱེད་སྒོ་གལ་ཆེ་བ་ནི་ཁོ་ས་པའི་རིན་ཐང་ལྟ་བ་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་རྒྱུད་འཛིན་ཞིག་ཡིན།གཤག་བཅོས་མ་བྱས་པའི་ཡར་སྔོན་ནམ་སངས་དྲག་ཏུ་འགྲོ་བའི་གོ་རིམ་ཁྲོད་དུ་གཞོན་ཕོ་དེས་སློབ་གསོ་མྱོང་དགོས་ཤིང་།ཁོ་ཚོར་ན་གཞོན་ཁོ་ས་པ་ཞིག་གི་གོ་དོན་ཤེས་སུ་འཇུག་ལ་བུ་མོ་ཚོར་ཡང་འདིར་མཚུངས་ཀྱི་བྱེད་སྒོ་ཞིག་ཡོད།ཡིན་ཡང་གཤག་བཅོས་མེད།

དཀྲེ་ལྤགས་འབྲེག་གཅོད་བྱས་རྗེས།ནེལ་སོན་དང་ལྷན་དུ་བྱེད་སྒོར་ཞུགས་པའི་ན་གཞོན་ཚོས་བར་ཐག་མི་རིང་བའི་རྩྭ་ཁང་རེའི་ནང་ནས་རྨ་ཁ་སོས་རག་བར་དུ་ངལ་གསོ་བྱས།དེའི་རྗེས་སུ་རྩྭ་ཁང་ནང་གི་དངོས་པོ་ཚང་མ་མཉམ་དུ་བསྲེགས་ནས་ཕོ་གཞོན་འདི་ཚོའི་བྱིས་དུས་དང་འབྲེལ་བ་ཐམས་ཅད་མེད་བརླག་ཏུ་བཏང་འགྲོ ད་ནི་ཁོ་ཚོར་ན་གཞོན་གྱི་ཚད་དུ་བཟུང་ནས་ལྟ་དགོས།སྲོལ་རྒྱུན་གཞིར་བཟུང་ན་ནེལ་སོན་ལ་དཀྲེ་ལྤགས་འབྲེག་གཅོད་ཀྱི་མིང་ཡང་ཡོད་དེ།མིང་ལ་ཏ་ལིས་བྷིན་ཇ་ཟེར་ཞིང་ནང་དོན་ཕལ་ཆེར༼ཐུ་རེན་སི་ཁེ་དབང་བསྒྱུར་མཁན་གྱི་གསར་གཏོད་མཁན༽ཟེར་བ་ཡིན།

མཇུག་མཐར།རོལ་དབྱངས་དྭངས་མོ་ཞིག་གི་ཀློང་ནས་ནེལ་སོན་དང་ན་གཞོན་གཞན་པ་ཚོ་སླར་ཡང་སྡེ་བའི་ནང་དུ་ངོ་སྤྲོད་ཐེངས་ཤིག་བྱེད་ལ།བྱེད་སྒོ་འདི་མཐོ་འབྲིང་མཐར་ཕྱིན་དགོང་ཚོགས་དང་བྲོ་ཚོགས་ཆེན་མོ།སྐྱེས་སྐར་སོགས་ཀྱི་རྟེན་འབྲེལ་མཛད་སྒོ་ལ་འདྲ་ས་ཨེན་ཙམ་ཡོད།སྡེ་དམངས་ཚོས་ཐུན་མོང་ངང་ན་གཞོན་ཚོ་ངོ་སྤྲོད་བྱས་ནས་སྡེ་བའི་ནང་དུ་ཡོང་བར་བདེན་དཔང་བྱས་ཤིང་ཕ་མ་ཚོས་རང་གི་བྱིས་པ་ལ་ལེགས་སྐྱེས་ཇ་ནོམ་པ་གྲ་སྒྲིག་བྱས་འདུག ནེལ་སོན་ཀྱང་མི་རིགས་འདིའི་མི་བུ་སོ་སོ་བ་དང་འདྲ་བར་རང་ཉིད་ཚོ་ཁག་འདིའི་ནང་གི་ན་གཞོན་ཞིག་ཏུ་གྱུར་བར་ང་རྒྱལ་འགོག་མེད་དུ་སྐྱེ་བཞིན་ཡོད།

ཉིན་དེའི་བྱེད་སྒོའི་སྟེང་དུ་མི་མང་པོས་གཏམ་བཤད་བྱས་ཤིང་དེ་ལས་མིང་ལ་མེ་རིས་ཇེ་ལི་ཟེར་བའི་སྡེ་དཔོན་ཞིག་ཡར་ལངས་ནས་མི་ཚོགས་ལ་ལྟ་ཙམ་བྱས་ཤིང་དེ་ནས་ན་གཞོན་ཚོར་བལྟས་ནས་བཤད་རྒྱུར།༼འདིར་བཞུགས་རྣམས་ནི་ང་ཚོའི་བྱིས་པ་སྟེ་ལོ་ན་གཞོན་ཞིང་བདེ་ཐང་ཡིན་ལ།ལུས་སྟོབས་ཆེ་ཞིང་གསར་ཡག་ཡོད།ད་དུང་ཁོ་ས་ཡི་མེ་ཏོག་དང་ཚོ་ཁག་གི་ང་རྒྱལ་ཡིན།ང་ཚོས་ད་སོ་མ་ཁོ་ཚོར་དཀྲེ་ལྤགས་འབྲེག་གཅོད་བྱས་ཤིང་ཁོ་ཚོའི་ན་གཞོན་གྱི་ཐོབ་ཐང་ལ་ཁས་ལེན་བྱས།ཡིན་ཡང་ངས་ཁྱོད་ཚོར་བཤད་འདོད་པ་ནི་ཁས་ལེན་འདི་འདྲ་ནི་སྟོང་གཏམ་དང་རྫུན་བཟོ་ཡིན་པས་ནམ་ཡང་མངོན་འགྱུར་བྱུང་ཐབས་བྲལ།རྒྱུ་མཚན་ནི་ང་ཚོ་ཁོ་ས་པ་དང་ལྷོ་ཨ་ཧྥེ་རི་ཁའི་མི་ནག་ཚང་མ་མེས་རྒྱལ་ཤོར་བའི་བྲན་གཡོག་ཡིན།༽

གླུ་བུར་དུ་མཁའ་དབུགས་འགྱུར་སོང་།དགའ་སྤྲོ་རྐྱང་རྐྱང་གི་མཁའ་དབུགས་དེ་སྐྱོ་སྡུག་གིས་ཚབ་བྱས་ཤིང་ཕ་མ་དང་བྱིས་པ་ཚོའི་གདོང་གི་མཛུམ་མདངས་ཀྱང་མེད་པར་གྱུར།ཁོ་ཚོས་སྐད་ཆ་འདི་འདྲ་ཞིག་གོ་མི་འདོད་པ་ཧ་ཅང་གསལ་བོ་རེད།ཡིན་ཡང་རྒན་པོ་དེས་མུ་མཐུད་དུ་བཤད་རྒྱུར།༼ང་ཚོ་རང་གི་རྒྱལ་ཁབ་ནས་བྲན་གཡོག་ཏུ་གྱུར་ཞིང་རང་གི་ས་ཐོག་ཏུ་གླ་མཁན་ལ་གྱུར།ང་ཚོ་མཚར་ལོངས་བྱུང་སའི་ས་ཐོག་ཏུ་ང་ཚོར་སྟོབས་ཤུགས་དང་ཁེ་དབང་མེད་ལ་རང་གི་ལས་དབང་ལ་གདམ་གསེས་བྱེད་ཐབས་བྲལ།ན་གཞོན་འདི་ཚོ་གྲོང་ཁྱེར་དུ་སོང་ནས་འདུག་གནས་བབ་ཆགས་ཡིན་ལ་འཐུང་རྒྱུའི་ཆང་ཡང་རིན་གོང་དམའ་མོ་ཅན་ཡིན།རྒྱུ་མཚན་ནི་ང་ཚོས་ཁོ་ཚོར་ས་གཞི་སྟེར་བའི་དབང་ཆ་མེད་པས་ཡིན།ཁོ་ཚོ་རང་ཉིད་འཕེལ་རྒྱས་བྱུང་སྟེ་མི་རྒྱུད་སྤེལ་ན་ཆོག ཁོ་ཚོས་མི་དཀར་ལ་ཡོད་པའི་གཏེར་ཁུངས་ཟབ་མོའི་ནང་དུ་གློ་ནད་པའི་བཏང་ཞིང་བདེ་ཐང་མེད་བརླག་ཏུ་བཏང་མོད་ནམ་ཡང་ཉིན་དཀར་མཐོང་མི་ཐུབ།འདི་ནི་མི་དཀར་དེ་དག་ལ་འདྲ་མཉམ་མ་ཡིན་པའི་རྒྱས་སྤྲོས་ཀྱི་འཚོ་བ་རོལ་དུ་འཇུག་པའི་ཆེད་དུ་རེད།ན་གཞོན་འདི་ཚོའི་ཁྲོད་དུ་ནམ་ཡང་བཀའ་འབབ་མི་ཐུབ་པའི་སྡེ་དཔོན་ཡོད་དེ་ང་ཚོར་གཏན་ནས་རང་ཉིད་ཀྱི་དབང་ཆ་བགོས་མེད་པས་ཡིན།རེ་འགའ་ནི་ནམ་ཡང་འཐབ་འཛིང་ལ་ཞུགས་མི་ཐུབ་པའི་དམག་མི་ཡིན་ཏེ་ཁོ་ཚོར་དམག་འཁྲུག་གི་མཚོན་ཆ་མེད་པས་ཡིན།ཡང་རེ་འགའ་ནི་ཁྲིད་སྟེགས་སྟེང་འབུད་མི་ཐུབ་པའི་མཁས་པ་ཡིན་ཏེ་ཁོ་ཚོར་སློབ་སྦྱོང་གི་ཁོར་ཡུག་མེད་པས་ཡིན།ན་གཞོན་འདི་ཚོའི་ནུས་པ་དང་བློ་རིག ཤེས་རབ་དང་མདུན་ལམ་ཡོད་ཚད་མི་དཀར་ལ་ཞབས་ཞུ་སྒྲུབ་པའི་ཆེད་དུ་འབུལ་དགོས་ཤིང་དོན་སྙིང་མེད་པའི་ལས་ཀ་ཙག་ཙིག་གི་ཁྲོད་དུ་སྟིམ་དགོས།དེ་རིང་ང་ཚོས་བྱིན་པའི་ལེགས་སྐྱེས་ལ་ནུས་པ་ཅི་ཡང་མི་འདུག དེ་ཡང་ཆེས་ཆེ་བའི་ལག་སྐྱེས་ཏེ་རང་དབང་རང་བཙན་གྱི་ལེགས་སྐྱེས་ང་ཚོས་སྟེར་ཐབས་མི་འདུག་པས་ཡིན།༽

སྐད་ཆ་འདི་དག་ཆད་མེད་དུ་ཐོན་དུས།ནེལ་སོན་གཏམ་བཤད་སྤེལ་མཁན་གྱི་སྟེང་ལ་ཁོང་ཁྲོ་རབ་ཏུ་ལངས།མ་གཞི་འདི་ནི་ཁོའི་མི་ཚེའི་ཁྲོད་དུ་ཆེས་དགའ་སྤྲོ་ལྡན་པའི་ཉིན་མོ་ཞིག་ཡིན་ནའང་མི་འདིས་སྐད་ཆ་གཙོག་པ་འདི་དག་བཤད་མེད་ཅིང་ཀླད་པའི་ནང་དུ་མེད་པར་གྱུར་ན་བསམ།ཡིན་ཡང་སྐད་ཆ་དེ་དག་ཁོའི་རྣམ་ཤེས་ཀྱི་ཁྲོད་དུ་འཐིམས་ཤིང་དེ་ནས་བཟུང་ཁོ་ལ་ཤུགས་རྐྱེན་ཐེབས།

རྗེས་སོར།ནེལ་སོན་གྱིས་ཡང་བསྐྱར་བྱེད་སྒོ་དེར་ཕྱིར་དྲན་བྱེད་དུས།དེ་ནས་བཟུང་ཁོའི་བྱིས་དུས་ལ་སྐྱེ་ཁམས་དང་སྤྱི་ཚོགས་འབྲེལ་བ་རྐྱང་རྐྱང་གི་སྟེང་ནས་མཇུག་སྒྲིལ་བ་ཞིག་མ་ཡིན་པར།ཁོས་ཆབ་སྲིད་འཇིག་རྟེན་ལ་བཟུང་བའི་བྱིས་བློའི་ལྟ་ཚུལ་དེ་ཡང་རིམ་བཞིན་མེད་པར་གྱུར།