(ཁོར་ཡུག་ཆེད་ལས་བ་མཁའ་འགྲོ་ཚེ་རིང་ལ་བཅར་འདྲི་བྱས་བ་ཞིག)

དྲི་བ།

༡) བོད་ཁམས་སུ་འབྲོག་པའི་རྩྭ་སར་ལྕགས་རྭ་བསྐོར་བཞིན་པ་དེས་དོན་དངོས་སུ་ཁོར་ཡུག་སྲུང་སྐྱོབ་ལ་གནོད་ཀྱི་ཡོད་དམ་ཕན་གྱི་ཡོད་།

ལན།

ལྕགས་རྭ་བསྐོར་རྒྱུ་དེ་རྩྭ་ས་འགན་གཙང་ལེན་བྱས་བ་ནས་བཟུང་འགོ་ཚུགས་པ་ཞིག་རེད་། དེ་ཡང་ཐོག་མར་ས་མཚམས་ཆུ་མཚམས་དབྱེ་བའི་ཆེད་དུ་བསྐོར་བ་རེད་། ད་ལྟ་རྩྭ་ཐང་ས་ནག་ཏུ་ཤོར་བཞིན་པ་འདི་མྱུར་སྐྱོབ་ཀྱི་སླད་དུ་ལྕགས་རྭ་བསྐོར་བཞིན་ཡོད་པ་རེད་། གང་ལྟར། ང་སྒེར་གྱི་བསམ་ཚུལ་ལྟར་ན། ད་ལྟའི་གནས་སྐབས་སུ་ལྕགས་རྭ་སྐོར་ན་རྩྭ་ས་སྲུང་སྐྱོབ་ལ་ཕན་ཐོགས་འདུག རྒྱུ་མཚན། ད་ལྟའི་དུས་ཚོད་འདི་མདོ་དབུས་མཐོ་སྒང་གི་ཁོར་ཡུག་ལ་གཏོར་བརླག་ཚད་ངེས་ཅན་ཐེབས་ཡོད་པའི་དུས་ཚོད་ཞིག་རེད་། དེར་བརྟེན། ལྕགས་རྭ་བསྐོར་བ་ཡིན་ན། ཕྱོགས་གཅིག་ནས་རྩྭ་ཐང་ས་ནག་ལ་ཤོར་བཞིན་པའི་རིགས་ལ་བསྐྱར་དུ་རྩྭ་བཏབ་ནས་སླར་གསོ་བྱེད་ཐུབ་གི་རེད་། ཕྱོགས་གཉིས་ནས་ཕྱུགས་ཟོག་འོས་འཚམ་ལྟར་ཚོད་འཛིན་དང་འཁོར་བསྐྱོད་བྱེད་ཐུབ་ཀྱི་རེད་། ཕྱོགས་གསུམ་ནས་ས་མཚམས་ཆུ་མཚམས་གསལ་བོ་ཡོད་པ་ཡིན་ན་སྤྱི་ཚོགས་བདེ་འཇགས་ལ་ཡང་ཕན་ཐོགས་ཡོད་། ཕྱོགས་བཞི་ནས་ཕྱུགས་རྫི་ཇེ་ཉུང་ལ་ཕྱིན་ནས་འབྲོག་ཁྱིམ་སོ་སོར་ངལ་རྩོལ་བ་ལྷག་མ་མེད་པ་ཆགས་ཀྱི་ཡོད་པ་རེད་།

ཡང་ལྕགས་རྭ་སྐོར་ན་མི་ཧྲ་ས་ཁ་ཤས་ཡོད་པ་རེད་། དང་པོ། ལྕགས་རྭ་བསྐོར་ན་རྩྭ་ཐང་གི་མཛེས་སྡུག་སྐྱོ་རུ་འགྲོ་གི་ཡོད་པ་རེད་། གཉིས་པ། ལྕགས་རྭ་བསྐོར་བ་ཡིན་ན་ཕྱུགས་ཟོག་ཕན་ཚུན་འདྲེས་ཐུབ་ཀྱི་མེད་ཙང་། ཕྱུགས་ཟོག་གི་རྒྱུད་སྤེལ་རྒྱུ་དེ་ཇེ་ངན་ལ་འགྲོ་བའི་ཉེན་ཁ་ཡོད་པ་རེད་། དེའི་རྒྱུ་མཚན། ཕྱུགས་ཟོག་ཀྱི་རིགས་འདི་ཇི་ཙམ་ཕན་ཚུན་འདྲེས་ན་དེ་ཙམ་རྒྱུད་སྤེལ་རྒྱུ་དེ་ཇེ་བཟང་ལ་འགྲོ་གི་ཡོད་པ་རེད་། དཔེར་ན། ཁྱིམ་ཚང་གཅིག་གི་ཕྱུགས་ཁྱུ་དེ་ཁྱིམ་ཚང་གཞན་གྱི་ཕྱུགས་ཁྱུ་དང་འདྲེས་མ་ཐུབ་ན། ཕྱུགས་ཟོག་གི་རྒྱུད་དེ་ཁྱིམ་ཚང་དེ་གཅིག་པོའི་ནང་ཁུལ་དུ་སྤེལ་གྱི་ཡོད་རྐྱེན། ཕྱུགས་ཟོག་གི་རྒྱུད་ཇེ་ངན་དང་ཇེ་ངན་ལ་འགྲོ་རྒྱུའི་ཉེན་ཁ་ཡོད་།

མདོར་ན། གོང་དུ་ཞུས་བ་བཞིན་ང་སྒེར་གྱིས་བསམ་པར་ད་ལྟའི་གནས་སྐབས་སུ་ལྕགས་རྭ་བསྐོར་ན་རྩྭ་ཐང་སྲུང་སྐྱོབ་ལ་ཕན་ཐོགས་འདུག་དྲན་གྱི་ཡོད་།

དྲི་བ།

༢) རྩྭ་ཐང་སྲུང་སྐྱོབ་ཀྱི་ཆེད་དུ་རྩྭ་ཐང་དུ་འཚོ་སྡོད་བྱེད་བཞིན་པའི་ཨ་བྲ་དང་བྱི་ལོང་སོགས་རྩ་མེད་བཞིན་པ་དེ་ཚན་རིག་དང་མཐུན་པ་ཞིག་ཡིན་ནམ།

ལན།

འདི་རྩོད་གཞི་ཅན་གྱི་དྲི་བ་ཞིག་རེད་། འདིའི་སྐོར་ལ་དེ་སྔ་དྲ་ཐོག་ནས་ཀྱང་རྩོད་གླེང་མང་པོ་བྱས་མྱོང་བ་རེད་། གང་ལྟར། རྩྭ་ཐང་སྐྱེ་ཁམས་དང་སྐྱེ་ཁམས་མ་ལག་དོ་མཉམ་གྱི་ཆ་གཅིག་པོའི་ངོས་ནས་བཤད་ན། མིའི་རིགས་ཀྱིས་ཐད་ཀར་སྐྱེ་ཁམས་ལ་ཐེ་གཏོགས་དང་སྲོག་ཆགས་རིགས་ག་གེ་མོ་ཞིག་ཚར་གཅོད་བྱེད་པ་དེ་ཚན་རིག་དང་མཐུན་པ་ཞིག་མ་རེད་། གཞན། ཕྱུགས་ལས་ཐོན་སྐྱེད་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་ངོས་ནས་བཤད་ན། རྩྭ་ཐང་དུ་འཚོ་སྡོད་བྱེད་པའི་སྲོག་ཆགས་སམ་སྐྱེ་དངོས་རིགས་གང་རུང་ཞིག་གིས་རྩྭ་ཐང་སྐྱེ་ཁམས་ལ་གནོད་པ་ཚབས་ཆེན་ཐེབས་ན། དེ་ལ་ཚོད་འཛིན་དང་སྙོམས་སྒྲིག་བྱེད་དགོས། དཔེར་ན། ཨ་བྲ་དང་བྱི་ལོང་། དེ་མིན་རྩྭ་ལྡུམ་གྱི་རིགས་ཚད་ལས་བརྒལ་བའི་ཇེ་མང་ལ་སོང་སྟེ་རྩྭ་ཐང་ས་ནག་དང་བྱེ་ཐང་ཅན་ཏུ་འགྱུར་ཉེན་ཡོད་པ་ལྟ་བུ།

གང་ལྟར། ང་སྒེར་གྱི་ཉམས་མྱོང་དང་ལྟ་ཚུལ་ལྟར་ན། ད་ལྟའི་སྐབས་འདིར་རྩྭ་ཐང་སྐྱེ་ཁམས་དང་ཕྱུགས་ལས་རྒྱུད་མཐུད་འཕེལ་རྒྱས་ལ་གནོད་པ་ཚབས་ཆེ་བའི་སྲོག་ཆགས་རིགས(ཨ་བྲ་དང་བྱི་ལོང་ལྟ་བུ)ལ་མིའི་རིགས་ཀྱིས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་རྒྱུ་གལ་ཆེ། ཚོད་འཛིན་བྱེད་སྟངས་ལ་ཡང་སྣ་མང་པོ་ཡོད་པ་རེད་། དཔེར་ན། ཕྱུགས་ཟོག་ཇེ་ཉུང་ལ་བཏང་ནས་རྩྭ་ཐང་གི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་ས་ནག་ཏུ་རྩྭ་འདེབས་པ་སོགས་མང་། གལ་སྲིད་ཚོད་འཛིན་ཐུབ་པ་ཡིན་ན། ད་གཟོད་སྙོམས་སྒྲིག་ཕྱོགས་ཀྱི་བྱ་བ་གཞན་དག་སྒྲུབ་དགོས། དཔེར་ན། མི་ཞིག་འཆི་ལ་ཁད་ཡོད་ཚེ། མྱུར་སྐྱོབ་བྱེད་རྒྱུ་དེ་ཨང་དང་པོ་རེད་། མྱུར་སྐྱོབ་ཟིན་རྗེས་ད་གཟོད་ནད་རེ་རེ་ལ་སྨན་བཅོས་བྱེད་པ་དང་གཅིག་མཚུངས་རེད་།

དྲི་བ།

༣) ལྕགས་རྭ་བསྐོར་མི་དགོས་བ་དང་བྱི་ལོང་སོགས་གསོད་མ་དགོས་བའི་སྒོ་ནས་རྩྭ་ཐང་སྲུང་སྐྱོབ་བྱེད་ཐབས་གང་དག་ཡོད་དམ།

ལན།

ལྕགས་རྭ་བསྐོར་བ་དང་བྱི་ལོང་དང་ཨ་བྲ་སོགས་གསོད་པ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྲེ་བྲག་ཅིག་རེད་། ཁོར་ཡུག་སྲུང་སྐྱོབ་ཟེར་དུས། མདོ་དབུས་མཐོ་སྒང་ལ་མཚོན་ན་རྩྭ་ཐང་སྲུང་སྐྱོབ་ལབ་པ་ལྟ་བུ་རེད་། དཔེར་ན། མདོ་དབུས་མཐོ་སྒང་གི་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་དགུ་བཅུ་ཙམ་རྩྭ་ཐང་རེད་། རྩྭ་ཐང་ན་འཚོ་སྡོད་བྱེད་མཁན་དེ་འབྲོག་པ་རེད་། དེར་བརྟེན། ཐོན་སྐྱེད་མཁན་དང་འཛད་སྤྱོད་མཁན་གཉིས་དོ་མཉམ་བྱེད་རྒྱུ་དེ་གལ་ཆེ། ཐོན་སྐྱེད་མཁན་དེ་རྩྭ་ཐང་རེད་། འཛད་སྤྱོད་མཁན་ལ་རིགས་གཉིས་ཡོད་པ་རེད་། དམའ་རིམ་འཛད་སྤྱོད་མཁན་དང་མཐོ་རིམ་འཛད་སྤྱོད་མཁན་ཟེར་བ་གཉིས་ཡོད་པ་རེད་། དེ་ཡང་། རྩྭ་ཟ་མཁན་གྱི་རིགས་ལ་དམའ་རིམ་འཛད་སྤྱོད་མཁན་དང་ཤ་ཟ་མཁན་གྱི་རིགས་ལ་མཐོ་རིམ་འཛད་སྤྱོད་མཁན་ཟེར་གི་ཡོད་པ་རེད་། དང་པོར་དམའ་རིམ་འཛད་སྤྱོད་མཁན་དང་རྩྭ་ཐང་གཉིས་དོ་མཉམ་དགོས་རེད་། དམའ་རིམ་འཛད་སྤྱོད་མཁན་དེ་མཐོ་རིམ་འཛད་སྤྱོད་མཁན་གྱིས་བེད་སྤྱོད་གཏོང་གི་ཡོད་པ་རེད་། དེར་བརྟེན། དམའ་རིམ་འཛད་སྤྱོད་མཁན་དང་མཐོ་རིམ་འཛད་སྤྱོད་མཁན་གཉིས་དོ་མཉམ་རྒྱུ་ཡང་གལ་ཆེ། ཆེད་ལས་ཀྱི་ངོ་བོའི་སྒང་ནས་བཤད་ན། ཐོན་སྐྱེད་མཁན་རྩྭ་ཐང་རེད་། དམའ་རིམ་འཛད་སྤྱོད་མཁན་ཕྱུགས་ཟོག་རེད་། མཐོ་རིམ་འཛད་སྤྱོད་མཁན་གཙོ་བོ་མིའི་རིགས་རེད་།

དེར་བརྟེན། ཐོན་སྐྱེད་དང་ཕྱུགས་ཟོག་དོ་མཉམ་སོང་ན་རྩྭ་ཐང་སྲུང་སྐྱོབ་ཐུབ་ཀྱི་རེད་། འོན་ཀྱང་། མིག་སྔར་གྱི་གནས་སྟངས་ལ་གཞིགས་ན། ཐོན་སྐྱེད་མཁན་གྱིས་ཐོན་སྐྱེད་བྱེད་མ་ཐུབ། དམའ་རིམ་འཛད་སྤྱོད་མཁན་གྱིས་མུ་མཐུད་དུ་འཛད་སྤྱོད་བྱེད་ཀྱི་ཡོད་ཙང་རྩྭ་ཐང་ལ་གཏོར་བརླག་ཐེབས་ཀྱི་ཡོད་པ་རེད་།

མདོར་ན། རྩྭ་ལྟར་ཕྱུགས་འཚོ་ཐུབ་པ་ཡིན་ན། ལྕགས་རྭ་མ་བསྐོར། བྱི་ལོང་དང་ཨ་བྲ་སོགས་ཀྱི་མ་བསད་པར་ཁོར་ཡུག་སྲུང་སྐྱོབ་ཐུབ་གི་རེད་།

(བཅར་འདྲི་བྱེད་མཁན་གནམ་སྔོན་པོ།)