མེ་ལུག་མོན་འཛུམ་ལང་<དེང་དུས་བལ་ཁོངས་>གི་རྒྱལ་པོ་བི་རྭ་བྷརྠའི་སྲས་ཀྱིས་དེ་བཞིན་གཤེགས་པ་གླང་བོ་ཆེ་ས་ལ་རབ་བརྟན་དུ་འཁྲུངས་པའི་མཆེ་བའི་ཁྱད་ནོར་དང་བཅས་ཕོ་ཉ་མངགས་པའི་ལན་དུ་བསྲིངས་པའི་འཕྲིན་ཡིག་ལྷག་བསམ་ཟླ་ཚེས།།

༄༅།། དེ་བཞིན་གཤེགས་པ་དེའི་གསུང་སློབ་མར་བཅས་པའི་ཚོགས་དང་འཇིག་རྟེན་གྱི་བྱེད་པོ་གསུམ་སོགས་ལྷ་དང་དྲང་སྲོང་གྲུབ་པའི་རིག་འཛིན་རྣམས་ཀྱིས། ས་ཆེན་པོ་བདེ་བར་སྐྱོང་བའི་རྒྱལ་པོ་འཛུམ་ལང་བི་རྰ་བྷརྠིའི་སྲས་ལ་ཕུན་སུམ་ཚོགས་པའི་དཔལ་དམ་པ་སྩོལ་བར་མཛོད་ཅིག་ཅེས་ཤིས་པ་བརྗོད་ནས། ཉེ་བའི་ཆར་ཡང་མིའི་བདག་པོ་ཚེ་རབས་མང་པོར་བསགས་པའི་བསོད་ནམས་ཀྱི་ཕུང་པོ་རི་བོ་དངོས་སུ་རྒྱུ་བ་ལྟ་བུའི་འབྲས་བཟང་ཉེ་བར་དུད་པའི་འདུ་བ་མཆོག་ཏུ་སྙོམས་ཤིང་།། སྟོབས་ཀྱི་དཔུང་པས་སའི་དཀྱིལ་འཁོར་ལ་རང་བྱན་དུ་སྐྱོང་བཞིན་པ་ནས། རྣམ་པར་དག་པའི་བསམ་པ་ཟླ་བ་ལྟ་བུར་དཀར་བས་ཕོ་ཉ་ཆེད་དུ་མངགས་ཏེ་གླང་བོ་ཆེ་ས་ལ་རབ་བརྟན་གྱི་མཆེ་བའི་ཁྱད་ནོར་སོགས་བདོག་པའི་དངོས་པོ་བསྲིངས་པ་ལེགས་ཚོགས་སུ་གྱུར། འདིར་ཡང་ཤྰཀྱའི་རྗེས་སུ་ཞུགས་པའི་སྡོམ་བརྩོན་སྡེ་སྣོད་གསུམ་པའང་འགྲོ་ལ་དགེ་བའི་བློ་ཅན་དུ་གནས། སླད་ནས་ཀྱང་ས་ཐག་རིང་ཡང་ཕན་ཚུན་ཡིད་གཅུགས་པའི་བསམ་པ་བཟང་པོས་བསྲིངས་འོས་ཆུ་བོའི་རྒྱུན་ལྟར་འཚལ། རྟེན་སྲུང་མདུད། དངུལ་གྱི་ཐ་སྦག གོས་ཡུག་དང་བཅས་ཏེ་ཆུ་སྟོད་ཀྱི་ཉ་བའི་དཀར་ཆའི་རྒྱལ་བ་གསུམ་པའི་ཚེས་ལ་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་བྲིས།།

ཆུ་བྱི་ཧོར་ཟླ་བརྒྱད་པའི་ནང་དུ་འཛུམ་ལང་<དེང་དུས་བལ་ཁོངས་>རྒྱལ་པོས་བདོག་པའི་སྐྱེས་འཕྲིན་ཡིག་དང་བཅས་མི་སྣ་ཛྰ་ལ་བྷ་ཎྜ་རི་ཅན་བྱུང་བའི་ལན་གྱི་འགོ་བརྒྱངས་ཤིས་བརྗོད་གླུ་དབྱངས།།

༄༅།། བདེ་གཤེགས་སྲས་དང་སློབ་མར་བཅས་པའི་ཚོགས།། ཚངས་པ་དབང་ཕྱུག་ཁྱབ་འཇུག་དྲང་སྲོང་གིས།། ནོར་འཛིན་སྐྱོང་བ་འཛུམ་ལང་མ་བདག་ལ།། དུས་ཀུན་བཀྲ་ཤིས་དགེ་བའི་དཔལ་སྩོལ་ཅིག།

ས་སྤྲེལ་ལྷོ་འབྲུག་པས་<དེང་གི་འབྲུག་གཞུང་>ཚུར་རྒོལ་བྱས་པར་གདོང་ལེན་དུ་དཔུང་བཅུག་སྐབས་བསམ་ཡས་སུ་ལྷ་ས་ནུབ་པ་རིན་ཅེན་རྫོང་སྟ་བྱས་ཏེ་གནདོ་སྦྱིན་ཆེན་པོར་སྦྱན་གཟིགས་དང་བཅས་འཕྲིན་བཅོལ་དུ་གསོལ་བ་རྣམ་པར་རྒྱལ་བའི་རུ་མཚོན།

༄༅།། བསྟན་འགྲོའི་ཕན་བདེ་སྤེལ་བའི་མེལ་ཚེ་མཁན།། དཔག་དཀའི་མཐུ་སྟོབས་མངའ་བའི་རྫུ་འཕྲུལ་གྱིས།། སྡེ་བརྒྱད་དམག་གི་ཁ་ལོ་སྒྱུར་བའི་དཔོན།། ཆོས་རྒྱལ་སྡེ་ལྔ་སྤྲུལ་ཡུམ་བློན་པོར་བཅས།། ཁྱད་པར་སྐྱེ་དགུ་རྣམས་ཀྱི་སྲོག་པའི་རྩར།། རང་བཞིན་ལས་ཀྱིས་གྲུབ་པའི་བླ་ཚེའི་གཤེད།། དཔལ་ལྡན་གནོད་སྦྱིན་དབང་པོ་ཙི་དམར་བ།། བཀའ་གཉན་དྲེགས་པའི་ཚོགས་ཀུན་སྙན་གསོན་ཀྱེ།། ལྷོ་རོང་སྣ་ཚོགས་གྲུབ་མཐའ་འཛིན་མང་པོའི།། མངའ་འབངས་གཡོ་སྒྱུ་ཤེད་ཀྱིས་ཐོབ་པ་ཡིས།། མ་ཚིམ་ཚུར་རྒོལ་སྒོམ་ཆེན་ཆས་དང་མིང་།། བཟུང་ནས་འགྲོ་བའི་བདེ་སྐྱིད་འཕྲོག་ལ་གཟིགས།། རང་ཞབས་ས་མཚམས་འཛིན་པ་ལྷུར་བླངས་ཀྱང་།། ལན་ཆགས་བུ་ལོན་སྙེག་འདྲའི་བསམ་སྦྱོར་ལ།། གཟུ་དང་དཔང་མཛོད་བདེན་བརྫུན་དྲང་ཤན་ཕྱེ།། ཕ་རོལ་དགྲ་དཔུང་མངོན་སྤྱོད་ལས་ཀྱིས་སྒྲོལ།། དབུས་གཙང་རུ་བཞིའི་དཔུང་ཚོགས་བཤམས་པའི་གཡུལ།། རྣམ་པར་རྒྱལ་བའི་ལྷ་ངོ་གཟེངས་བསྟོད་དེ།། སྙན་པའི་གཏམ་དང་ལྷན་ཅིག་འཕྱར་བའི་དར།། སྲིད་པའི་རྩེ་མོའི་བར་དུ་ལེགས་སྒྲོངས་ཤིག། དངོས་བཤམས་ཐོར་གསལ་སྤྱན་གཟིགས་ཀྱིས་མཚོན་པ།། སྔགས་དང་ཕྱག་རྒྱས་ལེགས་སྤྲུལ་ནམ་མཁའི་མཛོད།། ཇི་བཞིན་འབུལ་བཞེས་ཕོ་ཉའི་ངག་གསོལ་ལན།། རྡོ་རྗེའི་གསུང་གིས་གསང་བ་སྟོན་པར་མཛོད།།

ས་སྤྲེལ་ལྷོ་འབྲུག་པས་<དེང་གི་འབྲུག་གཞུང་>ཚུར་རྒོལ་བྱས་པར་གདོང་ལེན་གྱི་དཔུང་བཅུག་སྐབས་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་རྫོང་སྟེ་བྱས་ཏེ་ཚོང་འདུས་སུ་ཆོས་སྐྱོང་བཤན་པ་བྱ་ཁྲིད་མིག་གཅིག་པར་སྤྱན་གཟིགས་དང་བཅས་འཕྲིན་བཅོལ་དུ་གསོལ་བ་གཞན་སྡེ་མི་རྟག་ལམ་དུ་འགོད་པའི་མཚོན་རྣོན།།

༄༅།། ལོག་འདྲེན་སྙིང་གི་ཁྲག་དྲོན་རྐན་སྒྲ་དང་།། བཅས་ཏེ་དགྱེས་གསོལ་སྲོག་གིས་བཤན་པ་ཆེ།། བསྟན་སྲུངས་ཆེན་པོ་བྱ་ཁྲིད་མིག་གཅིག་པ།། སྲིད་གསུམ་སྐད་ཅིག་མྱུལ་བའི་ལྷ་ཁྱོད་གསོན།། གཏེར་སྟོན་དྲི་མེད་ཀུན་དགའི་པར་བཀབ་ཏུ།། ལྷོ་བོད་བདེ་བའི་གཤེད་མར་སྒོམ་ཆེན་གཟུགས།། འབྱུང་བའི་ལུང་བསྟན་དུས་བབས་དེང་གི་སྐབས།། བསམ་སྦྱོར་རྩུབ་མོས་ཚུར་རྒོལ་བྱེད་པར་དགོངས།། གཟུགས་ཅན་དམག་དཔུང་གཤམས་དང་ལྷན་ཅིག་པར། བོད་སྐྱོང་དྲེགས་པའི་གཡུལ་གཤོམས་མཚོན་རྩེ་རུ།། ལྷོ་འབྲུག་སྲིད་སྡེར་བཅས་པའི་ཚོགས་རྣམས་ཀུན།། མི་རྟག་ལམ་དུ་བཀོད་ལ་དབྱིངས་སུ་སྒྲོལ།། གསེར་སྐྱེམས་གོ་མཚོན་ཅང་ཤེས་མཐུན་རྫས་ཀྱིས།། དྲེགས་པའི་དབང་པོ་ཁྱོད་བཞེད་ཡོངས་བཀང་སྟེ།། ཞིབ་པ་གཡར་ལམ་ནས་གསོལ་ལེགས་ཉེས་རྣམས།། ལྐོག་ཏུ་གྱུར་ཀྱང་གསལ་བར་སྨེང་དུ་གསོལ།།

ས་སྤྲེལ་ལྷོ་འབྲུག་པས་<དེང་གི་འབྲུག་གཞུང་>ཚུར་རྒོལ་བྱས་པར་གདོང་ལེན་དུ་དཔུང་བཅུག་སྐབས་ཆང་ཁྱིམ་པ་ངག་དབང་         མཁྱེན་བརྩེ་ལ་མོར་རྫོང་སྟ་བགྱིས་ཏེ་ཆོས་སྐྱོང་ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་སྤྱན་གཟིགས་དང་བཅས་འཕྲིན་བཅོལ་དུ་གསོལ་བ་བླང་དོར་བཞིན་རས་གསལ་བའི་མེ་ལོང་།

༄༅།། ལྐོག་ཏུ་གྱུར་ཀྱང་ཁྱོད་ཀྱིས་མངོན་སུམ་དུ།། གཟིགས་པའི་དྲི་མེད་སྤྱན་ལྡན་སྲོག་གི་བདག། ཚངས་པ་དཀར་པོ་དུང་གི་ཐོར་ཚུགས་ཅན།། འབོད་པའི་སྒྲ་ལ་སྙན་གྱི་དབང་པོ་གཏོང་།། རྟག་ཏུ་འཁྲུག་རྩོད་སྣ་འདྲེན་འགྲོ་བའི་བདེ།། འཇོམས་བཞིན་སྒོམ་ཆེན་མིང་འཛིན་ལྷོ་འབྲུག་གིས།། ཚུར་རྒོལ་བྱེད་འདི་བདེན་རྫུན་བཤན་འབྱེད་གཉེར།། དྲེགས་པའི་སྡེ་དཔོན་དཔུང་ཚོགས་མ་ཡིན་ནམ།། རང་ས་བཟུང་ཀྱང་ད་དུང་མཐོ་འཚམ་པར།། དེ་ལན་འཇལ་ཕྱིར་བཤམས་པའི་གཡུལ་ངོ་འདིས།། གཞན་སྲིད་སྡེ་བཅས་བཅོམ་ནས་རྒྱལ་བའི་རྔ།། བརྡུང་བའི་སྒྲ་དབྱངས་འཛམ་གླིང་ཀུན་ཁྱབ་མཛོད།། ཨྱོན་སངས་རྒྱས་གཉིས་པས་བོད་ཡུལ་འདིའི།། བསྟན་འགྲོའི་སྲུང་མར་བསྐོས་པ་ཁྱེད་རྣམས་ཀྱིས།། འདི་ལྟའི་གནོད་བྱེད་ཐར་བར་མི་རློག་ན།། ཞིང་བཅུའི་གཤེད་མར་གྲགས་པ་མིང་དུ་ཟད།། དངོས་སྤྲུལ་ཐུགས་དམ་སྐོང་བའི་དམ་རྫས་འདི།། སྒོ་ལྔའི་དབང་པོར་སིམ་སྟེ་དགྱེས་བསྐྱེད་ནས།། ཅུང་ཟད་ངག་གི་ལམ་ནས་གསོལ་བ་ལྟར།། བླང་དོར་མེ་ལོང་ནང་གི་བྱད་བཞིན་སྟོན།།

ས་སྤྲེལ་ལོ་ལྷོ་འབྲུག་པས་<དེང་གི་འབྲུག་གཞུང་>ཚུར་རྒོལ་བགྱིས་པར་གདོང་ལེན་དུ་དཔུང་བཅུག་སྐབས་ཐང་པོ་ཆེར་ལྕང་ལོ་ཅན་པ་བསྟན་འཛིན་དཔལ་བཟང་རྫོང་སྟ་བྱས་ཏེ་ཐང་ཆེན་རྒྱལ་པོ་ཆེན་པོར་སྤྱན་གཟིགས་དང་བཅས་འཕྲིན་བཅོལ་དུ་གསོལ་བ་ཧ་ཧའི་གད་བརྒྱངས།།

༄༅།། གནོད་སྦྱིན་རྒྱལ་པོ་ཤིང་བྱ་ཅན་གྱི་བློན།། བཤན་པ་ལག་དམར་མཐུ་སྟོབས་རྫུ་འཕྲུལ་བདག། སྤྱན་སྔར་དམ་སྐོང་མཆོད་སྤྲིན་ཐོར་གསལ་ལྟར།། འབུལ་གྱིས་ཞི་རྒྱས་དབང་གི་ལས་ཀུན་སྒྲུབས།། ཁྱད་པར་མི་བསྲུན་བསམ་དང་སྦྱོར་བ་ཡིས།། ཚུར་རྒོལ་ལྷོ་འབྲུག་དམག་གི་དཔུང་ཚོགས་ཀྱི།། ཤ་ཁྲག་སྲོག་དབུགས་ཆམ་ཆེམ་ཞལ་གསོལ་བའི།། དྲག་སྦྱོར་མཐུ་ཡིས་གཞན་སྡེ་སྤ་བཀོང་ཞིག། བོད་ཡུལ་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་ཀྱི།། ཞལ་ཁྱིམ་མཐོན་པོའི་དབྱིངས་སུ་དཔངས་སྟོད་ནས།། རང་སྲིད་དཔའ་བོའི་དཔུང་ཚོགས་རྣམ་རྒྱལ་བའི།། སྭོ་སྒྲ་ཧ་ཧའི་གད་བརྒྱངས་ཕྱོགས་བཅུར་སྒྲོགས།། དབྲལ་བའི་དབུས་ན་ཉི་མ་ལྟར་འཁྱིལ་བའི།། དམར་ཟླུམ་སྤྱན་གྱིས་སྟེང་འོག་ཕྱོགས་མཚམས་ཀུན།། གཟིགས་ནས་བགྱི་བར་འོས་དང་འོས་མིན་རྣམས།། སྟོན་ཅིག་ཕ་མེས་བརྒྱུད་པའི་བསྟན་སྲུངས་ཀྱེ།།

ལྕགས་སྤྲེལ་བལ་བོ་ཁོ་ཁོམ་<དེང་དུས་བལ་ཁོངས་>རྒྱལ་པོས་སྡེ་པ་སངས་རྒྱས་རྒྱ་མཚོ་ས་ལ་སྤྱོད་པའི་རྒྱལ་པོར་བསྐོས་                 པའི་ཁྲི་འབུལ་བ་མི་སྣ་ཆེད་དུ་བྱུང་བའི་ཆབ་ཤོག་གི་ལན་གཡས་འཁྱིལ་ཕྱོགས་ཀུན་ཁྱབ་པའི་དུང་དཀར།།

༄༅།། ནུབ་ཕྱོགས་ནེེ་པ་ལའི་ནོར་འཛིན་གྱི་ཁྱོན་ལ་ལེགས་བྱས་ཀྱི་འཁོར་ལོ་མངོན་པར་འཕགས་པ་ཉི་མའི་རྒྱུད་ལྷའི་ལྷ་མིའི་དབང་ཕྱུག་ཁོ་ཁོམ་རྒྱལ་པོ་ཆེན་པོའི་བཀའ་ཐམ་རྟེན་སྤ་རི་གཅིག སྟོད་ཇ་ལྟང་ཙེ་གཅིག མུ་ཟི་ལྟང་ཙེ་གཅིག བུར་ལྟང་གཅིག་རྣམས་ཕོ་ཉ་བ་བྷོ་ལ་ཀི་དང་ལ་ཝོར་གཉིས་ཀྱིས་ཉམས་ལེན་དུ་སོན། བསྐལ་པ་མང་པོར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཡོངས་སུ་བསགས་པ་ལས་གྲུབ་པའི་མིའི་བདག་པོའི་སྐུའི་གསེར་གྱི་རི་བོ་ལྟར་སྙུན་མི་མངའ་བར་མངའ་འབངས་ཀྱི་དབུས་སུ་ལྷུན་ཆགས་ཤིང་ལེགས་བྱས་ཀྱི་མཐུ་ཡོངས་སུ་བརྟས་པ་ལས་བྱུང་པའི་ཡུལ་ཁམས་ཀུན་ཏུ་ནད་མཚོན་མུ་གེའི་ཆད་པ་ཞི་ཞིང་ཆབ་འབངས་ཀྱི་ཁོ་ར་ཁོར་ཡུག་མཐའ་ཀླས་བར་མཁོ་དགུའི་དབྱོར་པ་ཕུན་སུམ་ཚོགས་ཤིང་ཚེ་ཡང་རིང་པོར་གནས་པའི་དགའ་སྟོན་ལ་སྤྱོད་བཞིན་པར་བཞུགས་པར་ཡིད་ཀྱི་སྤྲོ་བ་མཆོག་ཏུ་འཕེལ། འདི་ནའང་ལྷ་དང་བཅས་པའི་ཡིད་ཅན་མཐའ་དག་གི་འདྲེན་པ་གཅིག་པུ་བ་དཔལ་ལྡན་ཤྰཀྱ་སེང་གེའི་ལུང་རྟོགས་ཀྱི་བསྟན་པ་དང་སྐྱེ་དགུའི་ཕན་བདེ་སྤེལ་བ་ལ་བློ་མིག་གི་སྤྱོད་ཡུལ་ཡངས་པར་གནས། བོད་དང་བོད་ཆེན་པོའི་འཁོར་དང་བཅས་པའི་འགྲོ་བ་རྣམས་ཀྱིས་མང་པོས་བཀུར་བའི་ཁྲིར་སིདྔྷྰརྠའི་ལོ་ཆུ་སྟོད་ཀྱི་ཟླ་བར་རྒྱལ་ས་གསར་དུ་བསྐོས་པ་མིའི་བདག་པོ་ཉིད་ཀྱི་སྙན་དུ་དྭངས་པའི་ལེགས་སྐྱེས་སྤེལ་བར་འདི་པ་གཉིས་ཆེད་དུ་མངགས་པར་རྗེས་སུ་ཡི་རངས་པར་གྱུར། སྔར་ནས་བལ་བོད་དཀར་ཚོ་གཅིག་པ་ལ་ཕན་ཚུན་ཐམས་ཅད་ནས་གཡོ་བ་མེད་པ་གཞིར་བཅས་ཤིང་སླད་ནས་ཀྱང་ཕེབས་ཚོགས་གངྒྰའི་རྒྱུན་ལྟར་ཆད་པ་མེད་པར་འཚལ། རྟེན་ཁ་བཏགས་བཟང་གོས་ཕྱི་ནང་དང་བཅས་རུ་དྲར་འབོད་པའི་ལོ་ཐ་སྐར་གྱིས་ཉ་བའི་ཚེས་དགེ་བར་རྒྱལ་ཁབ་ཆེན་པོ་པོ་ཏ་ལ་ནས་ཕུལ།

ཨོ་རོད་བོ་ཤོག་ཐུ་རྒྱལ་པོས་མགོ་དཀར་གྱི་སྡེ་<ལི་ཡུལ་ཕྱོཊ་ཀྱི་ཁ་ཆེ་བ>འབུམ་ཕྲག་བཅོ་ལྔ་ཙམ་འདི་གར་སྦྱོར་འཇགས་བྱུང་           སྐབས་རྡོ་རྗེ་བྲག་ནས་རིགས་འཛིན་སྤྲུལ་པའི་སྐུ་མཆོག་གིས་ལེགས་ཆ་མཛད་པའི་གསུང་ལན་སྔ་འགྱུར་བསྟན་པའི་ཉིན་བྱེད།

༄༅།། གཟོད་མ་ཉིད་ནས་འགྲོ་ལ་རྗེས་བརྩེའི་ཐུགས།། དང་པོར་བསྐྱེད་དེ་དེང་བར་ནམ་མཁའི་མཐའ།། གཞལ་བར་སྤྲུལ་བའི་སྒྱུ་འཕྲུལ་ཟད་མི་ཤེས།། རིགས་འཛིན་གཙུག་རྒྱན་རིན་པོ་ཆེར།། རྟོག་གེ་ཐ་སྙད་སྦྱངས་ལ་བལྟོས་མིན་པར།། ངྷྰུ་ཏྰིའི་མདུད་རྒྱ་གྲོལ་བས་འཁོར་འདས་ཆོས།། འབད་མེད་ཀློང་བརྡོལ་སྙན་འཇེབས་ཆབ་ཤོག་རྟེན།། སོན་ཚེ་འཕང་འགྲོའི་སྒྲ་ལ་སྐྱེངས་པ་བྱིན།། ཉེས་དྲིས་གཞན་ཡང་མ་གོས་སྐུ་གསུང་ཐུགས།། དཔལ་ཆེན་ཕུར་ཕུའི་ལྷ་སྔགས་ཡེ་ཤེས་ཀྱིས།། བདུད་བཞིའི་དཔུང་ཚོགས་བཅོམ་པའི་སྒྲ་བོ་ཆེ།། ཚངས་རིས་ཡུལ་སར་ཡོངས་སྒྲོག་གཏམ་དེ་སྙན།། བགྲང་བྱའི་ཁུར་གྱིས་ལྕི་བའི་རྒན་པོ་བདག། ཐོས་བསམ་སྒོམ་པ་ན་ཕྲ་བྱིས་པའི་ཡིད།། ཆོས་བརྒྱད་འཇའ་ལ་སྤར་འཛིན་བློ་བྲིད་ཀྱིས།། དལ་རྟེན་ཆུ་བོའི་སུམ་ཆ་སྟོང་པར་བརྒལ། མི་བསྲུན་དྲེགས་པའི་ཀླ་ཀློ་གཉིས་འཐུང་ཀླད།། འཕྲོག་བྱེད་བསོད་ནམས་ཀྱིས་འགེམས་བོ་ཤོག་ཐུའི།། འཇིགས་མེད་སེང་གེའི་རྒྱུད་ཀྱི་ང་རོའི་དབྱངས།། བྱང་ཕྱོགས་གངས་རིའི་རྩེ་མོར་གཅིག་ཏུ་བསྒྲགས།། གཡུལ་ངོར་མཚོན་ཆ་གདེངས་པའི་མོད་ཉིད་ལ།། སྟོད་ཧོར་ས་སྤྱོད་པུས་བཙུགས་གདོང་སྨད་ནས།། དཔུང་བཅས་འདུད་ཚེ་རྩོད་དུས་འཁོར་ལོས་སྒྱུར།། མི་འབྱུང་བདེན་གཏམ་ད་གདོང་རླུང་ལ་བསྐུར།། སྐྱེ་མང་སེར་སྣའི་མདུད་གྲོལ་གཏོང་ཕོད་ཀྱིས།། ཕྱེད་གཉིས་ས་ཡའི་མངའ་འབངས་སྦྱིན་པའི་སྒོ།། རབ་འབྱེད་ཕོ་ཉ་རིན་ཆེན་དུ་མ་ཡི།། ལག་རྟགས་ཐོགས་འབྱོར་མི་སྲིད་སྲིད་འཕྲུལ་བུ།། ཀུན་རྫོབ་དབུ་མར་རྟོགས་རྣམས་འཁོར་བ་ཡི།། ཕུན་ཚོགས་ཨེ་རཎྜ་ཡི་སྙིང་པོ་ལྟར།། གཟིགས་ཀྱང་ཀྲྀ་གིའི་རྨི་ལམ་གྱིས་ཟིན་པའི།། ཆོས་ཚུགས་ཅན་རྣམས་འགྲམ་ཆུ་ལྡང་ལ་བྲེལ།། གཟུང་དང་འཛིན་པ་ཡེ་སྟོང་སྣང་བ་འདིའི།། སེམས་ཉིད་གཅིག་པུའི་རྣམ་འཕྲུལ་ཀ་དག་མཐའ།། ཀུན་རྫོབ་ལེགས་སྐྱེས་ཚན་གྲངས་དབང་པོའི་གཞུ།། མ་འགགས་རང་མདངས་ཤར་བ་དེ་རྨད་བྱུང་།། རྒྱལ་དབང་པདྨའི་ཐུགས་སྲས་སྣ་ནམ་པ།། གོས་དཀར་ལྕང་ལོའི་ཕྲེང་འཛིན་རིག་སྔགས་འཆང་།། ཡང་སྲིད་མང་བརྒྱུད་མཐར་དིང་ངུར་སྨིག་གོས།། མནབས་པའི་འཁོར་ལོའི་མགོན་ཁྱོད་བྱོན་ཏམ་ཅི།། སྔ་འགྱུར་བཀའ་གཏེར་བསྟན་པ་ཆུ་བོ་བཞི།། ཕྱོགས་བརྒྱར་ལེགས་འབབ་འབྱུང་ཁུངས་རིགས་འཛིན་རྗེ།། མ་དྲོས་མཚོ་ཆེན་མཆོག་གི་སྤྲུལ་སྐུའི་གར།། འོག་མིན་ཞིང་གི་གཙོ་ལྟར་རྟག་བཞུགས་གསོལ།། རྡོ་རྗེ་རནྟའི་མཚན་འཛིན་གླིང་པ་སོགས།། ངོ་མཚར་ཟབ་གཏེར་དབང་ལུང་འཁྲིད་བཀའི་རྒྱུན།། བརྒྱན་གཤགས་རྟ་རྔ་ལྟར་ཕྲ་སྲོག་འཐུད་པར།། ཞལ་འཆེས་གསུང་མཆིད་ཉི་ཟླའི་འགྲོས་བཞིན་ཞུ།། ལྷ་རྫས་ཆུ་ཤེལ་དབང་པོ་ཉ་གང་བར།། རྟགས་ཀྱི་རི་དྭགས་མཚན་མ་རབ་བཀྲ་བ།། ཕོ་ཉ་དྲི་བཞོན་གོམ་སྟབས་གོ་ལའི་ངོས།། བསྒྱུར་ཏེ་པདྨའི་གདུང་ཚབ་ཕྱག་ཏུ་ཕུལ།།

ལྕགས་སྦྲེལ་ལོ་སྟོབས་ཀྱིས་འཁོར་ལོས་སྒྱུར་བ་འཇམ་དབྱངས་གོང་མ་རྒྱལ་པོའི་ཡན་ལག་བཞི་པའི་དཔུང་གི་ཁ་ལོ་བསྒྱུར་བ་ཙམ་  གྱིས་ལོག་པར་འཁུ་བའི་རྐུན་མ་འུ་སན་གུ་<吴三桂>སྡེ་བཅས་མིང་གི་ལྷག་མར་གྱུར་པའི་ཚེ་ལེགས་སྐྱེས་འབུལ་བའི་ཐོག་མར་       བཀྲ་ཤིས་པའི་གླུ་དབྱངས་སྔོན་འགྲོའི་ཞུ་ཡིག་དང་བཅས་བསམ་བློ་རབ་འབྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་དང་བློ་བཟང་ཚེ་རིང་མངགས་སྐབས་ཕུལ་བའི་ཞུ་ཡིག་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གཏམ་སྙན།

༄༅།། ཚེ་རིང་གནམ་གྱི་ཤེ་མོང་གི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་གནམ་སའི་དབང་ཕྱུག་འཇམ་དབྱངས་གོང་མ་རྒྱལ་པོའི་དྲུང་དུ། དབྱར་དུས་ཀྱི་ཆར་རྒྱུན་ཟད་མི་ཤེས་པས་འཛིན་མའི་ཁོར་ཡུག་མཐའ་དག་ཉེ་བར་བརླན་ཏེ་ཕྲ་མོའི་རྡུལ་ཙམ་ཡང་ལྡང་བ་མེད་པའི་སྟོན་གྱི་དགའ་སྟོན་ལ་བབ་པའི་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ལྟར་དག་རིང་གསལ་བའི་དགའ་སྤྲོའི་ཡིད་ཀྱིས་ཀུན་ནས་བླངས་ཏེ་དབང་པོའི་ཕྱོགས་དེར་འདུད་དེ་བདུག་སྤོས་འཐུལ་ཞིང་མེ་ཏོག་འཐོར་བ་དང་བཅས་ཡོངས་ལ་སྔོན་འགྲོ་འགོག་མེད་དུ་བྱེད་པའི་ཆོ་ག་བསྟར་ཏེ་གསོལ་བ། གཟོད་མ་ཉིད་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བགྲང་དུ་མེད་པ་འདུ་བགྱིས་པའི་རྒྱལ་བའི་སྲས་པོ་འཇམ་མགོན་ཟུར་ཕུད་ལྔ་པ་གདུལ་དཀའི་སེམས་ཅན་རྣམས་ལ་རྗེས་སུ་ཆགས་པའི་བརྩེ་བ་དང་། སྙིང་སྟོབས་ཕུལ་དུ་བྱུང་བའི་སྨོན་ལམ་གྱིས་མངོན་པར་བསྐུལ་ཏེ་ཐུགས་རྗེ་དང་འཕྲིན་ལས་ཀྱི་འཇུག་པ་དུས་ལས་མི་ཡོལ་བར་གནམ་ཀ་བ་མེད་པའི་མཐོངས་ནས་བབས་ཏེ་འཛམ་གླིང་ཡོངས་ཀྱི་ལྷ་གཅིག་པོར་མང་པོས་བཀུར་བའི་རྒྱལ་ཁབ་གསེར་འབྲུག་སྡེར་མོ་ལྔ་པསབཏེག་པའི་ཁྲི་ཆེན་པོར་ཞབས་ཟུང་གི་པདྨ་རྣམ་པར་བཀོད་དེ་མཐའ་ཀླས་པའི་གཙུག་ལག་དང་སྒྱུ་རྩལ་གྱི་ཚུལ་ལ་བྱང་བའི་བློ་གྲོས་ཀྱི་མཐུ་དང་། རྒྱལ་པོའི་རིགས་ཀྱི་ཆེ་བས་ཉི་འོག་གི་དྲེགས་ལྡན་མཐའ་དག་ཟིལ་གྱིས་གནོན་པ་རྡོ་རྗེ་རིན་པོ་ཆེའི་རྒྱན་ཁྱད་པར་དུ་གྱུར་པའམ། ཡིད་བཞིན་དབང་གི་རྒྱལ་པོ་ལྟར་སྲིད་ཞིའི་ལེགས་ཚོགས་ཀུན་གྱི་འདོད་འཇོར་བཞུགས་པ་ནི་དངོས་པོའི་གཤིས་ལུགས་ཉིད་ལས་གཞན་ལྟ་ཅི། འདི་ནའང་ལུས་ཅན་མཐའ་དག་གི་མགོན་དང་། སྐྱབས་དང་གླིང་དང་། དཔུང་གཉེན་དམ་པར་གྱུར་པ་འདྲེན་པ་མཉམ་མེད་ཤྰཀྱ་སེང་གེའི་བསྟན་པ་རིན་པོ་ཆེ་བླ་ནས་བླར་འདེགས་པའི་ཁུར་ཕྲག་པར་བླངས་པའི་གྲིབ་བསིལ་དུ་རྒྱུད་ལྔའི་ཡིད་ཅན་རྣམས་ངལ་གསོ་བར་སྨོན་པའི་ལྷག་བསམ་དཀར་བར་གནས། ཉེ་ལམ་ཆེད་དུ་འབུལ་བའི་སྙིང་པོ་གནམ་དང་སའི་དཀྱིལ་འཁོར་ཀུན་ལ་དབང་ཕྱུག་པས་སྲིད་ཞིའི་བྱེད་པོ་ཚངས་པ་མིའི་གཟུགས་སུ་རྣམ་པར་རོལ་བར་འབངས་ཕྲ་མོས་རྒོལ་བའི་ཀླན་ཀའི་སྐབས་ཅི་མཆིས་ཀྱང་། བར་སྐབས་སུ་མ་ཧྰ་ཙི་ནའི་ལྷོ་ཕྱོགས་ཀྱི་ཡུལ་གྲུ་འགའ་ཞིག་ཏུ་བསོད་ནམས་མ་ཡིན་པའི་འབྲས་བུར་འུ་སན་གུའི་ངན་གཡོའི་འཁྲུལ་འཁོར་བརྩམས་པ་ཉི་མའི་འོད་དང་སྲིན་བུ་མེ་ཁྱེར་བཞིན་དུ་སྰུ་ཅིང་བཅུ་གསུམ་གྱི་ཡུལ་གྲུ་ཀུན་ཏུ་བཀྲ་ཤིས་དང་བདེ་ལེགས་སུ་གྱུར་པའི་གཏམ་རྣ་བའི་བཅུད་ལེན་དུ་སོན་པར་བརྟེན། གཙུག་ལ་བྱེ་བའི་སྒོ་འཕར་འབྱེད་པའི་མདུན་ས་ཆེན་པོར་ལེགས་སྐྱེས་ཀྱི་བདོག་པ་ཁ་ཤར་འབུལ་བར་བསམ་བློ་རབ་འབྱམས་པ་ཚུལ་ཁྲིམས་རྣམ་རྒྱལ་དང་བློ་བཟང་ཚེ་རིང་གཉིས་རྫོང་བདའ་ཞུས་པར། ལྷ་མིག་དག་པའི་སྤྱན་རས་ཀྱིས་ཉེ་བར་བཙའ་བའི་བསླབ་སྟོན་ཕེབས་ཚོགས་ཆུ་ཀླུང་ཆེན་པོའི་རྒྱུན་ལྟར་ཞུ། དྲག་པོ་ཞེས་པ་ལྕགས་ཕོ་སྤྲེའུ་ལོ་ཧོར་གྱི་ཟླ་བ་ལྔ་པའི་གྲལ་ཚེས་དགེ་བར་རང་བྱུང་འཕགས་པའི་གཞལ་མེད་ཁང་དམར་པོ་རི་ནས་ཕུལ་བའི་ཞུ་ཡིག །

བསྟན་སྲུང་རྣམ་རྒྱལ་དུ་འབོད་པ་ནས་ཡིག་གཏཊ་བགྱིས་པའི་དགེ་བ་འདིས་ཀྱང་མཐོ་བོད་ཀྱི་ལུཊ་ཟུང་རྒྱས་པའི་རྒྱུར་གྱུར་ཅིག