ཁ་སང་ཅི་ཡིན་འདི་ཡིན་མ་ཚོར་བའི་བྱིས་པ་པྲ་ཚགས་ཅིག་གིས་སྐད་འཕྲིན་དང་པོའུ་ཕྲན་གྱི་གླེགས་བམ་ཕྱེ་དུས་ན་གླེགས་བམ་གྱི་ཉིན་སྲིབ་ཡོངས་རྫོགས་ན་ན་གཞོན་སྨྱུག་ཐོགས་པ་ཁ་བ་སྙིང་ལྕགས་ཁ་བ་ས་ལ་ཆགས་ཆགས་བྱས་འདུག མཐོང་མ་ཉིད་ནས་རེ་ཞིག་སུན་སོང་།ཉིན་འགའི་ཡར་རྒྱབ་ལ་གོང་འགབ་འཁྲུག་ཅིང་རྩོད་རིན་མེད་པའི་༼ སེང་རྡོར་དང་དགེ་ཆོས་གཤིབ་པ ༽་ཞེས་པའི་རྩོད་རྙོག་གཏིང་མཐའ་མི་ལོན་པ་ཞིག་རང་མགོར་དཀྲིས་ཅིང་རང་སྐེར་བཏགས། ཉིན་ལམ་དུ་མའི་རིང་ལ་དེ་ཁོ་ནས་སྐད་འཕྲིན་གྱི་བར་སྟོང་སྤྲིན་པས་བསྒྲིབས་ཏེ་ཉི་ཟེར་ཞིག་མ་རེག་ཡུན་རིང་འགོར་བས་ད་ནི་ཉི་ཟེར་ལ་རེ་ཐོག་ལམ་ལྷོངས་མ་སོང་བས་ཡིན།

ཡིན་ཡང་ངས་དེ་མུར་འཕྲོ་མ་འཕྲོར་རགས་བལྟ་རེ་བྱས་དུས། ཁ་བ་དཀར་དཀར་སྟེང་ལ་སྙིང་གི་ལྕགས་ཐུར་གྱིས་ཡི་གེ་འགའ་མི་ཡུལ་ལ་ཕུལ་ཏེ་ཀླུ་ཡུལ་ལ་གཤེགས་པའི་རྒྱས་སྲས་ཤིག་ལ་གདུང་བ་མཉམ་བསྐྱེད་བྱ་ཡི་འདུག གོ་བདེ་མོར་བཤད་ན་བོད་མི་ཞིག་ཤི་སོང་ཞེས་མཚར་སྣང་དང་བཅས་སྒྲོག་བཞིན་འདུག སྤྱིར་མི་ཞིག་ཤི་སོང་བ་ལ་མཚར་སྣང་སྐྱེ་བ་ནི་དོན་མེད་གནས་ལ་ཀུ་ཅོ་འདོན་པ་རང་རེད།

གདོད་མིའི་གཤིས་བཟོ་སྟོན་པ་རང་རེད།སྐྱེ་ནས་འཆི་བའི་ཆོས་ཉིད་འདི་སུ་ལའང་ཡོད་ལ་སུ་གང་གིས་ཀྱང་བཟློག་ཏུ་མེད་པ་ཞིག་རེད།མི་རྟག་པའི་ཚོམས་ལས།༼ གང་དུ་གནས་ན་འཆི་བས་མི་ཚུགས་པའི།།ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ།།བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད།།རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན།། ༽ཡང་དེ་ལས་༼ སྔ་དྲོ་སྐྱེ་བོ་མང་མཐོང་བ།།ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར།།ཕྱི་དྲོ་སྐྱེས་བོ་མང་མཐོང་བ།།སྔ་དྲོ་ཁ་ཅིག་མཐོང་མི་འགྱུར།། ༽ཞེས་གསུངས་པ་ལྟར་འཆི་བའི་སྣང་ཚུལ་འདི་རྒྱུན་ལྡན་ཞིག་ཡིན་པས་དེར་ཧ་ལས་རྒྱུ་ཅང་མེད།དེ་ན་མི་ཤི་ཤི་ཡོད་དོ་བསྒྲག་དགོས་ཚེ་འཛམ་བུ་གླིང་ལ་ཉིན་རེར་མི་རེ་ཤི་བཞིན་ཡོད་སྐད་དེ་ཚོ་ཡང་མཚར་མཚར་ངང་བསྒྲག་དགོས་པས།ང་ཚོས་ཚེ་གང་ལ་ཤི་དོན་རྐྱང་རྐྱང་གླེང་སྟེ་ཉིན་མཚན་འདའ་དགོས་རྐྱེན་འདུག་པ་ཨ་ལ་མཚར་བོ་ཞིག་མིན་ནམ་སྙམ་བྱུང་།ཡང་ཅིག་བཤད་ན་ཤི་ཤི་ཚང་མ་ཤེས་མི་སྲིད་པའི་གནད་ཟིན་ངེས་ཡིན་སྟབས་གླེང་རི་བ་ཞིག་མིན་ནོ།།

ང་ཚོའི་ཁ་རྒྱུན་ལ་སྐྱེ་ཚུལ་གཅིག་མོད་འཆི་ ཚུལ་མི་གཅིག་ཅེས་པ་ལྟར་བྱང་ཆུབ་ལམ་རིམ་ལས་༼ ཁ་ཅིག་མངལ་དུ་འཆི་བར་འགྱུར།།དེ་བཞིན་ཁ་ཅིག་བཙས་པའི་སར།།དེ་བཞིན་ཁ་ཅིག་གོག་ཙམ་ན།།དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན།།ལ་ལ་རྒན་དང་ལ་ལ་གཞོན།།ལ་ལ་དར་ལ་བབ་པའི་མི།།རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ།། ༽གསུངས་བ་སྣང་ལྟར་འཆི་ཚུལ་མི་འདྲ་སོ་སོ་བས་ངས་ཁོ་རང་བོད་ཀྱི་ན་གཞོན་སྨྱུག་ཐོགས་པ་ཅུང་འཇོན་རབས་ཤིག་ཡིན་པ་གོ་མྱོང་ལ་ཁོང་གི་བརྩམས་ཆོས་རེ་འགའ་ཡང་བཀླགས་མྱོང་བས།ཁོང་གི་འཆི་ཚུལ་ག་རེ་ཡིན་པ་ལ་གསལ་བོ་ཡོང་སླད་ཞིབ་ཀློག་ཅིག་བྱས་པ་ཡིན།ཤེས་པ་ཡིན་ན་ཁོ་རང་གཞན་དོན་འབའ་ཞིག་གི་སླད་དུ་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་གཅེས་པའི་སྲོག་ཀྱང་གཏོར་བའི་རྒྱས་བཟང་བསོད་ནམས་དར་རྒྱས་དང་ཆ་འདྲ་བོ་འདུག་པས་དུས་དེར་ང་རང་ངོ་མས་ཧ་ལས་སོང་།མི་ཡུལ་ལ་འོད་སྣང་མཁོ།ཁོ་རང་འོད་སྣང་ལ་དགའ་དྲགས་པས།མཐར་རང་ལུས་དེ་ཡང་།འོད་སྣང་དེ་ཆེར་བསྐྱེད་ཕྱིར་མེ་ལ་བསྒྲོན་ཏེ་གཤེགས་སོང་།ཁོང་ནི་མི་གྲངས་ཉུང་ཉུང་ཅན་པོ་བོད་པ་ཚང་གི་བོད་མི་ཞིག་རེད།ཁོང་ནི་ཡིག་རྨོངས་བ་མང་ལ་ན་གཞོན་སྨྱུག་ཐོགས་པ་དཀོན་པའི་བོད་པ་ཚང་གི་བོད་མི་ཞིག་རེད།ཁོང་ནི་ཁ་གཡང་འཐེན་པོ་མང་ལ་ཉམས་སུ་ལེན་པོ་ཉུང་བའི་གདོང་དམར་ཚང་གི་བོད་མི་ཞིག་རེད།ཁོང་ནི་ཉུང་ཉུང་ནང་ནས་ཉུང་ངུའི་གྲས་ནས་གཤེགས་སོང་བས་ཤིན་ཏུ་ལས་ཀྱང་ཕངས་སོ།།

མཐར་ཁོང་གིས་ས་ལ་བཞག་པའི་ཁ་བ་དཀར་དཀར་སྟེང་ལ་ཡང་ཡང་ཞུན་བརྡར་བྱས་པའི་སྙིང་གི་ལྕགས་ཐུར་གྱིས་ཡི་གེ་འགའ་མི་ཡུལ་ལ་ཕུལ་ཏེ་གཤེགས་སོང་བས།ཉི་ཟེར་གྱི་འོག་ནས་ཡིག་འབྲུ་བཀོད་པའི་ཁ་བའི་ཞུན་ཐིགས་དེ་མཚོ་སྔོན་པོར་འདྲེས་སྲིད།མཚོ་སྔོན་པོ་མ་སྐམ་ན་ཁྱོད་རང་ནམ་ཡང་སྐམ་མི་སྲིད་དོ།།དེ་ཡང་ཆོས་ཉིད་ཅིག་ཡིན།ས་སྐྱ་བས་༼ ཆུ་ཡི་ཐིགས་པ་ཉམས་ཆུང་ཡང་།།རྒྱ་མཚོར་འདྲེས་ན་སྐམ་མི་སྲིད།། ༽ཅེས་གསུངས་པ་ལྟར་རོ།།

ཞེས་ཀན་ལྷོའི་དགེ་འོས་ཚང་གི་སློབ་བུ་ཞིག་གིས་ཁོ་ལ་འགྱོད་གདུང་དང་བཅས་ཏེ་བྲིས་པའོ།།