ཉིན་འདི་དག་ལ།    བོད་ཀྱི་མཁས་པ་གཞོན་པ་རེ་གཉིས་གློ་བུར་དུ་འཆི་རྐྱེན་བྱུང་བར་ཚང་མས་ཕངས་སེམས་དང་བཅས་རང་རང་ས་ནས་མྱ་ངན་དང་རྗེས་དྲན་བྱེད་ཀིན་འདུག      དེ་ནི་ལུགས་སྲོལ་ཡག་པོ་ཞིག་རེད་འདོད།      སྙན་ངག་པ་ཚོས་སྙན་ངག་བྲིས་ནས་མྱ་ངན་བྱེད་པ་དང་།    ཁོར་སྲུང་པ་ཚོས་ཁོར་སྲུང་གི་ཆ་ནས་མྱ་ངན་བྱེད་པ་དང་།    སྤྱི་ཚོགས་དཔྱད་བརྗོད་པ་ཚོས་ཁྲིམས་ལུགས་གྱི་ངོས་ནས་གཏུགས་བཤེར་བྱས་ཏེ་མྱ་ངན་བྱེད་པ་དང་།       རིག་གཞུང་ཞིབ་འཇུག་པ་ཚོས་རིག་གཞུང་གི་ཡོན་ཏན་བརྗོད་ནས་མྱ་ངན་བྱེད་པ་སོགས་གང་ཡིན་ཡང་ཚང་མ་ཡག་པོ་རེད་འདོད།     ཕྲན་ནི་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་དང་།    ཁ་བ་སྙིང་ལྕགས་གཉིས་ལ་དེ་འདྲའི་ཆ་རྒྱུས་མེད་པས།      རྗེས་དྲན་མྱ་ངན་སོགས་ཀྱི་སྐད་ཆ་གང་ཡང་བཤད་མ་ཕོད།        ཁ་ཅིག་གིས་མྱ་ངན་ཙམ་བྱས་པ་ལའང་བོད་འདི་ཚོར་ཅི་བྱུང་སོང་བ་རེད།   གསོན་དུས་གཅིག་ཀྱང་གླེང་རྒྱུ་མེད་ལ་ཤི་བའི་རྗེས་སུ་འདི་འདྲ་མང་པོ་ཞིག་བཤད་ཡོང་བ་འདིས་ཅི་ཞིག་མཚོན་གིན་འདུག     ཅོལ་ཆུང་རེད་ཟེར་བ་སོགས་ཀྱི་སྡུག་ཡུས་ལུང་བ་གང་བཤད་ཡོད་པ་མཐོང་ཡང་།      མྱ་ངན་རྗེས་དྲན་ལྟ་བུ་ཡིན་ན།      སྐྱེས་བུ་གང་ཞིག་སྐུ་གཤེགས་པའི་རྗེས་སུ་མྱ་ངན་རྗེས་དྲན་བྱེད་པ་ལས་གསོན་པོའི་སྐབས་སུ་མྱ་ངན་མི་ཞུ་བ་ནི་འཛམ་གླིང་སྤྱིའི་ལུགས་སྲོལ་ཞིག་ཡིན་པས་དེ་ལ་དེ་འདྲའི་བཟོད་དཀའ་བ་ཞིག་ཡོང་དགོས་དོན་ཅི་ཡོད་སྙམ།

གུ་གེ་ཚེ་རིང་རྒྱལ་པོ་ནི།       སྤྱི་ལོ་1961ལོར་བོད་ཡུལ་མངའ་རིས་ས་ཁུལ་སྒར་རྫོང་ནས་འཁྲུངས་པའི་བོད་ཀྱི་རིག་གཞུང་ཉམས་ཞིབ་པ་ཆེན་པོ་ཞིག་རེད།        ཁོང་ནི་བོད་ཀྱི་རིག་གཞུང་ཉམས་ཞིབ་པ་གཞན་དག་སྟེ་འུར་རྒྱག་མཁན་དེ་ཚོ་ནང་བཞིན་མལ་ཁྲིའི་སྒང་ནས་ཡོད་ཚད་ཐག་གཅོད་མཁན་དེ་འདྲ་མ་ཡིན་པར།    རང་ཉིད་ཞིབ་འཇུག་བྱེད་པའི་ཡུལ་དེར་དངོས་སུ་བསྐྱོད་དེ་གཟབ་ནན་གྱི་ངང་ནས་སྙིང་རུས་དང་།    བརྩོན་འགྲུས་བསྐྱེད་དེ་བྱ་བ་ཕུག་འཁྱོལ་བར་སྒྲུབ་མཁན་དེ་འདྲ་ཞིག་རེད།      དེ་འདྲ་ཡིན་ཕྱིར།        ངས་ཁོང་གི་བརྩམས་ཆོས་ཁག་ལ་དོ་སྣང་བྱས་པ་ཡིན་ལ།      ཕྲན་ལ་མཚོན་ན་ཉེ་ཆར་གྱི་བོད་རིག་པའི་མཁས་པའི་ཁྲོད་ནས་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་པའི་མཁས་པ་མང་པོ་མེད་ཀྱང་ཁོང་ནི་དེའི་གྲས་ཀྱི་གཅིག་ཡིན་ནོ།།
ཁོང་གིས་བརྩམས་པའི་༼མངའ་རིས་ཆོས་འབྱུང་༽ནི།      ཉེ་ཆར་བོད་ཡིག་གི་ཐོག་ནས་བྲིས་པའི་མངའ་རིས་ཀྱི་ལོ་རྒྱུས་ཡིག་ཆ་དང་དཔྱད་ཡིག་གི་སྐོར་ལས་ཆེས་ཁུངས་བཙུན་དང་རྒྱས་གསལ་དེ་ཡིན་པ་བཤད་མ་དགོས་སོ།།
ངེད་གཉིས་ངོ་ཤེས་པའང་དོན་དུ་ཁོང་གི་༼མངའ་རིས་ཆོས་འབྱུང་༽བྱ་བའི་དཔེ་ཆ་དེར་བརྟེན་ནས་བྱུང་བ་ཡིན།
ངེད་རང་ཉིས་སྟོང་བརྒྱད་ལོར་མངའ་རིས་སུ་རྟོག་ཞིབ་ཏུ་སྐྱོད་སྐབས་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱི་༼མངའ་རིས་ཆོས་འབྱུང་༽ནི་ངའི་ལམ་ཡིག་ཡིན་ལ།     དཔྱད་ཡིག་གི་རྒྱུ་ཆ་གཙོ་བོའང་ཡིན།       ངེད་ཀྱིས་མངའ་རིས་ལ་ཕྱིན་ཏེ་ཟླ་གཅིག་ཡས་མས་ཤིག་ལ་ཉམས་ཞིབ་བྱས་རྗེས་ཕྱིར་ལྷ་སར་བསླེབས་པ་ཡིན།      དེ་ནས་ལས་ཀ་དང་པོ་ནི་གུ་གེ་ཚེ་རིང་རྒྱལ་པོར་ཐུག་འཕྲད་བྱ་རྒྱུ་དེ་ཡིན་ཙང་།     སྐབས་དེར་བོད་ལྗོངས་སྤྱི་ཚོགས་ཁང་དུ་ཕྱག་ལས་གནང་བཞིན་པའི་ཕ་ཡུལ་གཅིག་པ་རེབ་གོང་དཀོན་མཆོག་སྐྱབས་བཙལ་ནས་དེའི་སྐོར་གྱི་གནས་ཚུལ་བཤད་པ་ན།       ཁོང་གིས་ཕྱི་ཉིན་ཞིག་ལ་གུ་གེ་ཚེ་རིང་རྒྱལ་པོ་ལ་ཐུག་རྒྱུ་དུས་བཏབ་པ་ལྟར་ང་ཚོས་ཇ་ཁང་ཞིག་ཏུ་ལྷོད་ལྷོད་བྱས་ཏེ་སྐད་ཆ་འདྲ་མིན་གླེང་བ་ཡིན་ལ།   གཙོ་བོ་མངའ་རིས་སྐོར་ནས་ཁ་བརྡ་བྱས་པ་ཡིན།

1    ཁ་བརྡ་དང་པོ་ནི།      གུ་གེ་ཚེ་རིང་རྒྱལ་པོའི་༼མངའ་རིས་ཆོས་འབྱུང་༽དུ་བཤད་པའི་ཇོ་མོ་ཕུག་པ་ནང་གི་ལྡེབས་རིས་སྐོར་ཡིན་ཞིང་།       ཁོང་གིས་བཤད་པའི་ལྡེབས་རིས་དེ་དག་དང་།    ངེད་ཀྱིས་ཡུལ་དེ་ནས་རྙེད་པའི་ལྡེབས་རིས་དེ་རྣམས་གཅིག་ཡིན་མིན་ཐད་ནས་གསལ་ཐག་ཆོད་ཐུབ་པ་བྱ་རྒྱུ་དེ་རེད།        ངས་གུ་གེ་ཚེ་རིང་རྒྱལ་པོའི་༼མངའ་རིས་ཆོས་འབྱུང་༽མ་མཐོང་སྔོན་དུ།      ཨ་རིའི་བོད་རིག་པའི་མཁས་པ་ཐའོ་མཱ་སིའི་༼དྭགས་པོ་དགོན་པའི་ལྡེབས་རིས་སྐོར་ལ་དཔྱད་པ༽་ཞེས་པའི་རྩོམ་ཐུང་དེ་བལྟས་མྱོང་ལ།      དཔྱད་རྩོམ་དེར་སངས་རྒྱས་ཀྱི་སྐུ་བརྙན་བྲིས་ཡོད་པའི་གཟན་ཤམ་གྱི་ལྕགས་རི་ནི་སྔོན་པོ་ཡིན་པ་དང་།     ཁོ་ཚོས་དེ་ནི་ཉེ་ཆར་བོད་ནང་ལོགས་སུ་མཐོང་དཀོན་པའི་གནས་ཚུལ་གསར་བ་ཞིག་ལ་ངོས་འཛིན་གནང་གིན་འདུག    ངོས་འཛིན་དེ་ལྟར་བྱས་པའི་ཤུགས་སུ་ལྕགས་རི་སྔོན་པོ་བརྒྱབ་པ་དེ་ནི་བོན་ལུགས་ནས་བྱུང་བ་ཞིག་ཡིན་མིན་ཐད་ནས་དོགས་པ་ཟ་གིན་ཡོད་པ་དེ་རེད།     ཡིན་ནའང་ལྕགས་རི་སྔོན་པོ་ཅན་གྱི་ལྡེབས་རིས་ནི།      ངེད་ཀྱིས་ཀྱང་ཁྱུང་ལུང་དངུལ་མཁར་གྱི་ཕུག་པ་ཞིག་ནས་རྙེད་པ་ཡིན་ལ།   ལྡེབས་རིས་དེ་དག་བཞེངས་པའི་དུས་ཚོད་ནི་ཧ་ལམ་   དུས་རབས་10—11ཡས་མས་ཤིག་གི་རེད་འདོད་དོ།།    ཕུག་པ་དེར་ཡོད་པའི་སངས་རྒྱས་ཀྱི་སྐུ་བརྙན་མང་ཤས་ཀྱི་ལྕགས་རི་ནི་སྔོན་པོ་རེད་ལ།   ལ་ལ་ཞིག་ནི་དམར་པོ་རེད།     དེས་ན་ཅི་ཞིག་ལ་ཕྱི་གླིང་པའི་མཁས་པ་ཚོས་བོད་ནང་ལོགས་སུ་དེ་འདྲ་མི་འདུག་ཅེས་སྡོམ་ཚིག་བཀོད་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན།      དེ་ནི་ཧ་ལམ་ཁོ་ཚོས་ཁྱུང་ལུང་དངུལ་མཁར་དུ་ཡོད་པའི་ལྡེབས་རིས་ཕུག་པ་དེ་དག་མ་མཐོང་བས་འོལ་ཚོད་ཀྱིས་བཤད་པ་ཞིག་རེད་སྙམ།
ངེད་ཀྱིས་རྙེད་པའི་ལྡེབས་རིས་དེ་དང་གུ་གེ་ཚེ་རིང་རྒྱལ་པོའི་༼མངའ་རིས་ཆོས་འབྱུང་༽་དུ་བཤད་པའི་ཇོ་མོ་ཕུག་པའི་ལྡེབས་རིས་གཉིས་གཅིག་ཡིན་མིན་གསལ་ཐག་ཆོད་པའི་ཕྱིར་དུ།   ལྡེབས་རིས་དེ་དག་གི་འདྲ་པར་རྣམས་ངས་ཁོང་ལ་རེ་རེ་ནས་བསྟན་པ་ཡིན།     མཐར་ང་ཚོས་༼མངའ་རིས་ཆོས་འབྱུང་༽་དུ་བཤད་པའི་ཇོ་མོ་ཕུག་པའི་ལྡེབས་རིས་དང་།     ངེད་ཀྱིས་ཁྱུང་ལུང་དངུལ་མཁར་ནས་རྙེད་པའི་ལྡེབས་རིས་དེ་དག་གཅིག་མིན་པ་ངེས་གསལ་བྱུང་བས།      ཁྱུང་ལུང་དངུལ་མཁར་དུ་ད་དུང་མིང་མི་ཤེས་པའི་ཕུག་པ་མང་པོ་ཞིག་ལྷག་ཡོད་པའང་ཞོར་ནས་གསལ་རྟོགས་བྱུང་།

2    ཁ་བརྡ་གཉིས་པ་ནི།       ཡང་༼མངའ་རིས་ཆོས་འབྱུང་༽དུ་བཤད་པའི་”གྱམ་སྨུག་མཁར”་དང་”ཨ་གྲགས་གཟི་རྫོང་”བྱ་བ་གཉིས་གཅིག་ཡིན་མིན་ཐད་ནས་ཡིན།   ངེད་ཀྱིས་ཤེས་པ་ཡིན་ན།    མངའ་རིས་”གྱམ་སྨུག་མཁར་”དང་།   ཨ་གྲགས་གཟི་རྫོང་དུ་བཤད་པའི་”རྡོ་མཁར་སྨུག་རྫོང་”གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་གནས་ཚུལ་དེ་ཁོང་དང་བསམ་ཚུལ་བརྗེ་རེས་བྱེད་པ་ཡིན་ལ།     ཁོང་གིས་ཀྱང་དེ་གཉིས་གཅིག་ཡིན་ཚུལ་གྱི་ལྟ་ཚུལ་བཤད་སོང་བ་དང་།        མཁར་ཤུལ་ནི་དེང་སང་ཡང་ལྷག་འདུག་པས་གནའ་རྫས་སྔོག་འདོན་གྱི་སྒོ་ནས་རྟོག་ཞིབ་བྱ་ནུས་ན་དེ་བས་ཀྱང་གསལ་ཐག་ཆོད་ཐུབ་པའི་རེ་བ་ཆེ་ཞེས་བཤད་བྱུང་།
དེ་ནས་ངེད་ཀྱིས་༼མངའ་རིས་ཆོས་འབྱུང་༽དུ་བཤད་པའི་ལ་དྭགས་ཀྱི་བླ་མ་དེ་སུ་ཡིན་པ་དང་།   གཟི་རྙེད་པའི་གནས་ཚུལ་དེ་ད་སྐབས་སུ་དང་གང་གིས་ཤེས་གསལ་སྐོར་ལ་གཏིང་འདྲི་ཞུས་པ་ཡིན།     ཁོང་གིས་ང་ལ་རེ་རེ་ནས་གསལ་བཤད་བྱས་པ་མ་ཟད།   མཁར་ཤུལ་དེ་ལ་ཆ་རྒྱུས་ཤིན་ཏུ་ཆེ་བའི་སྒར་རྫོང་གི་མི་སྣ་བགྲེས་པོ་འགའི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་བཤད་སོང་བ་དང་།   ཕྱིས་སུ་འགྲོ་དུས་མི་སུ་སུ་བཙལ་ན་ཕན་ཐོགས་ཡོད་པ་སོགས་ནང་ཚགས་ཀྱི་སྐད་ཆ་འགའ་ཡང་བཤད་བྱུང་།

3   ཁ་བརྡ་གསུམ་པ་ནི།    ངས་ཁོང་ལ་༼མངའ་རིས་ཆོས་འབྱུང་༽་དུ་འཁོད་པའི་ནང་དོན་ཞིག་དང་འབྲེལ་ནས་དྲི་བ་ཞུ་བ་ཡིན།       དེ་ནི་༼མངའ་རིས་ཆོས་འབྱུང་༽དུ།      གུ་གེ་རྩ་མདའ་རྫོང་ཐོག་ནས་མདའ་བ་ཤང་བར་སྤྱི་ལེ་བཅོ་ལྔ་ཡོད་ཅེས་བྲིས་ཡོད་པ་དེ་ཡིན།    དོན་དུ་རྩ་མདའ་རྫོང་ནས་མདའ་བ་ཤང་བར་སྤྱི་ལེ་བདུན་ཅུ་ལྷག་ཅིག་འདུག     སྤྱིར་བཤད་ན་འདི་དག་ནི་དོན་དག་ཆུང་ཆུང་ཡིན་པས་གླེང་རིན་མི་འདུག་སྙམ་ཡང་།        ཕྱོགས་གཞན་ཞིག་ནས་བལྟས་ན་འདི་ནི་ཅུང་ཛ་དྲག་གི་གནད་དོན་ཞིག་ཡིན་པ་ང་ལ་མངོན་སུམ་གྱི་ཉམས་མྱོང་ཐོབ་སོང་།      དཔེར་ན།   ཞིབ་འཇུག་པ་མང་ཤོས་ཀྱིས་ཏག་ཏག་དུས་ཚོད་གཏན་འཁེལ་བྱས་ཏེ་རྟོག་ཞིབ་བྱེད་བཞིན་པ་ཡིན་ཕྱིན།      ངས་ཀྱང་༼མངའ་རིས་ཆོས་འབྱུང་༽དུ་བཤད་པའི་མདའ་བ་ཤང་ནི་སྤྱི་ལེ་བཅོ་ལྔ་ཙམ་ལས་མེད་སྙམ་སྟེ།     སྔ་དྲོར་མདའ་བ་ཤང་ལ་སོང་ནས་ཕྱི་དྲོ་ཕྱི་དབང་གི་དུང་དཀར་ཕུག་ཏུ་འགྲོ་དགོས་པའི་འཆར་འགོད་བྱས་པ་ཡིན།
དེ་ནས་མི་རིང་བར་ང་ཚོ་རྩ་མདའ་རྫོང་ནས་མདའ་བ་ཤང་ལ་ཤར་རྒྱུག་བྱས་པ་ཡིན།         སྤྱི་ལེ་སུམ་ཅུ་ཡས་མས་ཤིག་ལ་བསྐྱོད་པ་ན།     གྲོང་གསེབ་ཅིག་ཏུ་བསླེབས་བྱུང་།    རྫི་བོ་ཞིག་ལ་ཡུལ་འདི་གང་རེད་ཅེས་དྲིས་པ་ན།    མར་ནང་རེད་ཟེར།     དེ་ནས་བཙན་པོ་ཡེ་ཤེས་འོད་ཀྱིས་བཏབ་པའི་མར་ནང་ངམ་མང་ནང་བྱང་ཆུབ་གླིང་བྱ་བ་དེ་ཡིན་པ་ཤེས་བྱུང་།      དེ་སྔོན་མང་ནང་འདིར་ཇོ་བོ་རྗེ་དང་ལོ་ཙཱ་བ་གྲགས་འབྱོར་ཤེས་རབ་སོགས་བཞུགས་པའི་དགོན་པ་གྲགས་ཅན་དེ་རེད།      དེ་ནས་དེ་གའི་མི་ཞིག་ལ་མདའ་བ་ཤང་གང་དུ་ཡོད་ཅེས་དྲིས་པ་ན།    ད་དུང་འདི་ནས་ལྷོ་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ལྷག་ཅིག་འགྲོ་དགོས་ཟེར།     དེ་ནས་ཕྱིན་པ་ན།   ལམ་ཡང་ཡག་པོ་མི་འདུག    ཕྱི་དྲོའི་ཆུ་ཚོད་གསུམ་ཙམ་ལ་དེར་ཐོན་བྱུང་།    དེ་ནས་དེ་གའི་གནའ་ཤུལ་སོགས་ལ་ཉམས་ཞིབ་ཅུང་ཟད་བྱས་རྗེས་ཕྱིར་རྩ་མདའ་རྫོང་ལ་ལོག་པ་ཡིན།      ཕྱིར་རྩ་མདའ་རྫོང་ཐོག་ཏུ་སླེབས་དུས་མཚན་མོའི་ཆུ་ཚོད་བཅུ་བ་ལྷག་ཅིག་རེད།    དེ་ནས་དུང་དཀར་ཕུག་ལ་འགྲོ་མ་ཐུབ་པར་ཕྱི་ཉིན་དུས་ཚོད་གཏན་འཁེལ་བྱས་ཟིན་པ་ལྟར་སྒར་རྫོང་དུ་བསྐྱོད་པ་ཡིན།     དེའི་རྐྱེན་གྱིས་ཐེངས་འདིར་དུང་དཀར་ཕུག་པར་མཇལ་མ་ཐུབ་པ་ནི་ཉིད་ཀྱི་༼མངའ་རིས་ཆོས་འབྱུང་༽ལན་པ་ཡིན་ཞེས་འཁང་ར་དང་བཅས་བཤད་པ་ན།     གུ་གེ་ཚེ་རིང་རྒྱལ་པོས་འཛུམ་མུལ་མུལ་གྱིས་ཁྱེད་རང་ངའི་ཡིག་ནོར་འོག་ནས་དཀའ་ལས་བརྒྱབ་འདུག།     ངས་དེ་རིང་ཁྱེད་ལ་དགོངས་དག་ཞུ་ཞེས་རྩེད་མོ་རྩེ་བའི་ངང་ཚུལ་དེ་ད་ལྟའང་ངའི་མིག་ལམ་དུ་ཝལ་ལེར་འཆར་འོང་གིན་འདུག

4    ཁ་བརྡ་བཞི་པ་ནི།      ལོ་གཉིས་གསུམ་ཙམ་གྱི་སྔོན་ཞིག་ལ་ཁོང་ཨ་རི་ནས་ཡོང་བ་ཡིན་ཞེས་ཁྲིན་ཏུའུ་རུ་ཕེབས་བྱུང་།      དེ་ནས་ངེད་གཉིས་སྔོན་མ་ནང་བཞིན་སྐད་ཆ་འདྲ་མིན་གླེང་ཞོར་ལྷོད་ལྷོད་བྱས་ནས་བསྡད་པ་ཡིན།        རེབ་ཐེངས་དེར་ཁོང་གིས་བཤད་ན།      ཁོའི་༼མངའ་རིས་ཆོས་འབྱུང་༽དེ་དབྱིན་ཡིག་ཏུ་བསྒྱུར་རྩིས་ཡོད་པའི་སྐོར་གླེང་བྱུང་ལ།       ཁོམ་དུས་ཤིག་ལ་ཉིད་ཀྱིས་ཁོ་བོའི་༼མངའ་རིས་ཆོས་འབྱུང་༽ལ་དགོངས་འཆར་རེ་འདོན་རོགས་མཛོད།     གཞན་ཝ་ཆེན་ཕུག་པའི་ལྡེབས་རིས་ནང་གི་ལྷ་སྐུ་མང་པོ་ཞིག་གི་མཚན་དང་དུས་རབས་ག་དུས་བཞེངས་མིན་ཐད་ལ་ཉིད་ཀྱི་ལྟ་ཚུལ་བཤད་རོགས་ཞུ་ཟེར།
ངས་འདིར་ཝ་ཆེན་ཕུག་པའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་བྱ།     ཝ་ཆེན་ཕུག་པའི་ལྡེབས་རིས་ནི་ཉེ་ཆར་གསར་དུ་རྙེད་པའི་མངའ་རིས་ས་ཁུལ་གྱི་ལྡེབས་རིས་གྲས་ཀྱི་གཅིག་ཡིན་ལ།    འདི་ཡང་དུང་དཀར་ཕུག་པའི་ལྡེབས་རིས་དང་།    གུ་གེའི་ཕོ་བྲང་གི་ལྡེབས་རིས།
མཐོ་ལྡིང་དགོན་པའི་ལྡེབས་རིས་བཅས་དང་འདྲ་བར་སྐད་གྲགས་ཤིན་ཏུ་ཆེ་བའི་ནང་བསྟན་སྒྱུ་རྩལ་གྱི་ལྡེབས་རིས་ཤིག་རེད།     ངོ་མ་བཤད་ན།    ཝ་ཆེན་ཕུག་པའི་ལྡེབས་རིས་ནི་གུ་གེ་ཚེ་རིང་རྒྱལ་པོས་ཐོག་མར་རྙེད་པ་ཞིག་རེད།      དང་ཐོག་ཁོང་གིས་༼མངའ་རིས་ཆོས་འབྱུང་༽དུ་མདོར་བསྡུས་ཤིག་གསལ་བཤད་བྱས་འདུག་པ་དང་།      དེ་ནས་སྤྱི་ལོ་2011ལོར་ཝ་ཆེན་ཕུག་པའི་ལྡེབས་རིས་སྐོར་ལ་ཁོང་གིས་ཡང་བསྐྱར་བོད་རྒྱ་དབྱིན་གསུམ་གྱི་ཡིག་ཐོག་ནས་བརྩམས་པའི་༼བོད་ལྗོངས་མངའ་རིས་རྩྭ་མདའ་ཁུལ་གྱི་ཝ་ཆེན་ཕུག་པའི་ལྡེབས་རིས།    阿里札达额钦石窟壁画艺术༽་བྱ་བ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན་པ་རེད།
ཝ་ཆེན་ཕུག་པའི་ལྡེབས་རིས་སྐོར་ལ་ཉེ་ལམ་གུ་གེ་ཚེ་རིང་རྒྱལ་པོས་ཞིབ་འཇུག་བྱས་པ་མ་གཏོགས་གཞན་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་པ་སུས་ཀྱང་དངོས་སུ་མཐོང་བ་ཕར་ཞོག་ཡིག་ཆའི་ངོ་སྤྲོད་ཙམ་ཡང་སྤེལ་མ་མྱོང་བ་ནི་མངོན་གསལ་རེད།
ད་དུང་གྲམ་ལྷ་ཁང་བྱ་བ་དེ་ཡང་གུ་གེ་ཚེ་རིང་རྒྱལ་པོས་ངོ་སྤྲོད་མ་བྱེད་སྔོན་ལ་སུས་ཀྱང་དེའི་སྐོར་ཡི་གེར་བྲིས་ཡོད་པ་མི་འདུག་ལ།    ལྡེབས་རིས་དེ་དག་ད་ཆར་སུ་ཡིན་ཡང་བལྟ་ཆོག་ཆོག་བྱེད་པ་དེ་ཡང་མཐར་གཏུགས་ན་ཁོང་གི་བཀའ་དྲིན་ཡིན་པ་བཤད་མ་དགོས་སོ།།
གྲམ་ལྷ་ཁང་གི་ལྡེབས་རིས་སྟོན་པ་ཀེར་བཞེངས་ཀྱི་རྣམ་པ་དང་།    ཨུ་རྒྱན་ཡུལ་གྱི་བྷ་མེ་ཡང་བྲག་བརྐོས་སྟོན་པའི་ཆ་ལུགས་གཉིས་ནི་འདྲ་སའི་ཆ་ཤིན་ཏུ་མང་བས་གནད་འགག་ཆེ་ཡང་།      ད་ཕན་གུ་གེ་ཚེ་རིང་རྒྱལ་པོས་མ་གཏོགས་སུས་ཀྱང་ཞིབ་འཇུག་བྱེད་མྱོང་མེད་པར་ལྷག་ཡོད་དོ།།

མདོར་ན།   ངེད་ཀྱིས་ངོ་ཤེས་པའི་གྲོགས་པོ་གུ་གེ་ཚེ་རིང་རྒྱལ་པོ་ལགས་ནི།    བོད་རྒྱ་དབྱིན་གསུམ་གྱི་ཡི་གེའི་ལམ་ནས་རྩོམ་ཡིག་འབྲི་མཁན་ཞིག་དང་།    བོད་ཀྱི་ལོ་རྒྱུས་དང་།     དམངས་སྲོལ།    སྒྱུ་རྩལ།    ཆོས་ལུགས།  ལོ་ཙཱ་སོགས་ཀྱི་ཐད་ནས་ཡུན་རིང་ཕྱག་ལས་གནང་སྟེ་འབྲས་བུའང་གཡུར་དུ་ཟ་བའི་སྐྱེས་བུ་དམ་པ་ཞིག་དང་།   བྱ་བ་གང་ཡིན་ཡང་ཆེ་ས་ནས་བསམ་བློ་བཏང་ཞིང་།    སྙིང་རུས་དང་བརྩོན་པ་བསྐྱེད་དེ་གདོང་ལེན་བྱེད་ཕོད་པ་ཞིག་ལས་བསྐང་ར་དང་སྡུག་ཡུས་རྐྱང་རྐྱང་གིས་མི་ཚེ་རྫོགས་སུ་འཇུག་མཁན་དེའི་གྲས་གཏན་ནས་མིན་པས།      ནམ་རྒྱུན་གྲོགས་པོ་ཁོང་གི་ཤེས་རབ་དང་།     སྙིང་རུས།    ལྷག་བསམ།  བཟང་སྤྱོད་སོགས་ལ་རྗེས་སུ་ཡི་རངས་དང་གུས་བཀུར་བླ་མེད་ཡོད།
ཁེ་ཉིན་གྲོགས་པོ་ཁོང་འཇའ་མན་ལ་གློ་བུར་དུ་སྐུ་གཤེགས་པ་ཐོས་རྗེས་སྐྱོ་གདུང་གིས་མནར་ཏེ་ཏར་ཅིག་ལ་གང་ཡང་དྲན་རྒྱུ་མི་སྣང་ཡང་།      དེ་རིང་གྲོགས་པོ་ཁོང་དང་མཉམ་དུ་ཡོད་པའི་སྐབས་ཀྱི་འདས་དོན་སྐོར་ཞིག་རྗེས་སུ་དྲན་པའི་ཆེད་དུ་དམ་པ་ཁོང་དང་མཛའ་བཤེས་སུ་གྱུར་བའི་ཚངས་དབང་དགེ་འདུན་བསྟན་པས་ཕངས་སེམས་དང་བཅས་བྲིས་པ་འདིས་ཀྱང་དགེ་བའི་བསྔོ་སྨོན་དུ་འགྱུར་བར་སྨོན་ལམ་ཞུ།།