༼བོད་ཀྱི་གསོ་བ་རིག་པའི་སེམས་ཁམས་རིག་པ་དང་ངག་གི་གསོ་ཐབས།༽ཞེས་པ་ལས༼བོད་ཀྱི་གསོ་བ་རིག་པའི་ངག་གི་གསོ་ཐབས།༽

བོད་ཀྱི་གསོ་བ་རིག་པའི་ངག་གི་གསོ་ཐབས་ཞེས་པའི་མིང་བརྡ་འདི་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་དང་དེ་དང་འབྲེལ་ཡོད་ཀྱི་གཞུང་ལུགས་རྣམས་སུ་ཧ་ལམ་ཁ་གསལ་མངོན་གསལ་གྱིས་མཐོང་དུ་ཡོད་པ་ཞིག་མིན། ཡིན་ན་ཡང་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་སེམས་ཁམས་རིག་པ་དང་ངག་གི་གསོ་ཐབས་འདི་ཉིད་སྒོ་དུ་མ་ནས་བྱུང་ཡོད་པ་དང་བརྗོད་བྱའི་སྙིང་བོའི་ཆ་ནས་ཀྱང་གྲ་རྒྱས་པོ་ཞིག་ཡོད་ཅེས་བརྗོད་ཆོག་ཆོག་ཡིན། དེང་གི་དུས་འདིར་ཕྱི་གླིང་གི་ཡུལ་གྲུ་ཁག་ཅིག་དང་ནང་ལོགས་ཀྱི་ས་ཆ་ཁ་ཤས་སུ་ཕྱི་ལུགས་གསོ་རིག་གི་རླབས་རྒྱུན་དང་བསྟུན་ཏེ་ངག་གི་གསོ་ཐབས་འདི་ཉིད་རྒྱ་ཆེར་དར་ཡོད་པར་བཤད་ཅིང་། བརྙན་ལ་ལྟ་བ་དང་། ཁ་ཏ་སློབ་གསོ་བྱེད་པ། ཆེད་ལས་མཁས་པས་སློབ་སྟོན་གནང་བ་སོགས་ཀྱིས་སེམས་ཁམས་ཀྱི་ནད་གཞི་སྣ་ཚོགས་པར་ཕན་འབྲས་ཀྱང་བླ་ལྷག་ཏུ་འབྱུང་བཞིན་པར་སྐད་པས། ད་ལྟ་རང་རེ་བོད་དུའང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལ་རྒྱུས་མངའ་ཆེར་མེད་པ་རེ་གཉིས་ཀྱིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་མཁས་གཏམ་སྣ་ཚོགས་པ་བསྒྲག་པར་བྲེལ་ཏེ་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་ངག་གི་སྒོ་ནས་གསོ་ཐབས་ཤིག་ཡེ་ནས་མེད་ཚུལ་དང་། ད་ནི་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གསོ་ཐབས་ཏེ་ཟས་སྤྱོད་སྨན་དཔྱད་བཞིའི་གསོ་ཐབས་ཀྱི་སྟེང་ངག་གི་སྒོ་ནས་གསོ་ཐབས་ཤིག་གསར་དུ་བསྣན་ཏེ་གསོ་ཐབས་ལྔ་རུ་བཏང་ཡོད་ཚུལ་སོགས་ཀྱི་ཁ་ཕོ་གནམ་ལ་མི་ཤོང་བ་རེ་སྒྲོག་གིན་འདུག་ན། དུས་རབས་དང་སྤྱི་ཚོགས་འདིའི་སྤྱི་འགྲོས་ཀྱི་དབང་གིས་དང་། དེ་ལས་གཞན་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཀྱང་གསོ་རིག་གཞན་དག་དང་འདྲ་བར་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་གསོ་ཐབས་སུ་གྱུར་བའི་ངག་གི་གསོ་ཐབས་འདི་དང་འདི་ལྟ་བུ་ནི་ཕྱོགས་གང་ཅིའི་ཐད་ནས་མ་ལག་གསར་འཛུགས་དང་འཐུས་སྣ་ཇེ་ཚང་དུ་གཏང་རྒྱུར་གལ་འགངས་ཆེ་བའི་དོན་ཞིག་ཏུ་བསམས་པ་ཡིན་ལ། དོན་གྱི་དབང་དེ་དག་གི་རྐྱེན་གྱིས་བོད་ཀྱི་གསོ་བ་རིག་པ་དང་དེའི་སྐོར་གྱི་བྱ་བྱེད་ཐམས་ཅད་ལ་དོ་སྣང་ཆེས་ཆེར་ལྡན་པའི་ཤེས་ལྡན་པ་ཚོར་ཞུ་འབོད་ཅིག་གི་ཚུལ་དུ་བོད་ཀྱི་གསོ་བ་རིག་པའི་ངག་གི་གསོ་ཐབས་ཞེས་པའི་མིང་བརྡ་འདི་གསར་དུ་བཏོན་ཏེ་རྩོམ་ཡིག་འདི་ཉིད་བྲི་བར་བྱའོ།།
དེ་ཡང་བོད་ཀྱི་གསོ་བ་རིག་པའི་ཕྱི་མོར་གྱུར་བའི་དཔལ་ལྡན་རྒྱུད་བཞིར་དངོས་སུ་བསྟན་པའི་གསོ་བྱེད་ཀྱི་ཐབས་ལ་དབྱེ་ན་རྩ་བའི་ཆ་ནས་སམ་ཆེ་ཕྱོགས་ནས་རྣམ་པ་བཞི་རུ་ངེས་ཤིང་། དེ་ཡང་རྩ་རྒྱུད་ལེའུ་བཞི་བར:ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི།། ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ཡིན་ཏེ།།”ཞེས་ཇི་སྐད་བྱུང་བ་དེ་བཞིན་དུ་ཟས་སྐོམ་གྱིས་གསོ་བ་དང། སྤྱོད་ལམ་གྱིས་གསོ་བ། ཁོང་སྨན་གྱིས་གསོ་བ། དཔྱད་བཅོས་ཀྱིས་གསོ་བ་དང་རྣམ་པ་བཞི་རུ་ངེས་པ་ཡིན་ནོ།། ཡིན་ཡང་དེ་ཉིད་རྒྱས་པར་བཀྲོལ་ན་གཉེན་པོ་སྟོང་དང་རྩ་གཉིས་སོགས་མང་དུ་དབྱེར་མོད་ཀྱང་འདིར་སྤྲོ་བར་མི་བྱ། དེས་ན་འདིར་གང་བརྗོད་པར་བྱ་བ་གཞི་ནི:སྤྱོད་ལམ་གྱི་གསོ་ཐབས:དེའི་ནང་ཚན་དུ་གཏོགས་པའི་ངག་གི་གསོ་ཐབས་འདི་ཉིད་ཡིན་ཞིང་། ངག་གི་གསོ་ཐབས་འདི་ནི་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་གྱི་གསོ་བཅོས་བྱེད་ཐབས་ཤིག་ཡིན་ལ། ངག་གི་གསོ་ཐབས་ཞེས་པ་ནི་གཙོ་བོ་གསོ་བྱར་གྱུར་བའི་ནད་པ་རང་ཉིད་ཀྱི་སེམས་ཁམས་དང་འདོད་མོས་ཀྱི་བབ་ལ་བསྟུན་ཏེ་ངག་འཇམ་པོའི་ཁ་ཏ་བྱེད་པ་དང་སློབ་སྟོན་གནང་བ། ད་དུང་ཡིད་དུ་འོང་བའི་གྲོགས་ཀྱིས་གཏམ་སྙན་མོ་བརྗོད་པ་སོགས་ངག་གི་ཐབས་ལམ་གང་ཡིན་སྤྱད་དེ་གསོ་བར་བྱེད་པའི་བོད་ཀྱི་གསོ་བ་རིག་པའི་གསོ་ཐབས་བྱེ་བྲག་པ་ཡིན། གསོ་ཐབས་འདི་ནི་བོད་ཀྱི་གསོ་རིག་གི་སྒྲོམ་གཞིར་གྱུར་བའི་ནད་གཞི་རླུང་མཁྲིས་བད་ཀན་གསུམ་གྱི་བདག་ཉིད་ལས་གཙོ་བོ་རླུང་ནད་ཅན་གྱི་ནད་པར་གསོ་བཅོས་བྱེད་པའི་གསོ་ཐབས་རིགས་ཤིག་ཡིན་ཞིང་། རླུང་གི་ནད་གཞི་དང་སྙིང་ཁམས་ཀྱི་ནད་གཞི་གཉིས་ནི་ངོ་བོ་དབྱེར་མེད་དུ་བཤད་ཅིང་། སྙིང་ཁམས་ཀྱི་ནད་ཅེས་པ་ནི་དེང་གི་སྐད་དུ་བྱས་ན་སེམས་ནད་ཤས་ཆེ་བའི་ནད་གཞི་ཞིག་ལ་གོ་ཆོག་པ་ཡིན། སེམས་ནད་དམ་རླུང་གི་ནད་ཅེས་པ་དེ་ནི་ཐོག་མར་སྐད་ཆ་ཉན་མི་བཟོད་པ་དང་བསམ་བློར་ཕོག་ཐུག་ཆེན་པོ་བྱུང་བ། བསམ་བློ་བཏང་དྲགས་པ། གཉིད་ཆག་པ་དང་ཟས་བཅུད་མི་ལྡང་བ་སོགས་ཀྱིས་རྐྱེན་བྱས་ཏེ་བསླངས་པའི་ནད་རིགས་ཤིག་ལ་བརྗོད་པ་ཡིན། གཙོ་བོ་ནད་གཞི་དེ་ལྟ་བུར་ངག་གི་གསོ་ཐབས་འདི་ཉིད་སྤྱད་ཅིང་། གསོ་ཐབས་འདི་ནི་ཁ་བ་གངས་ཅན་པའི་ཡུལ་ལྗོངས་འདིར་སྔ་ས་ནས་དར་རྒྱས་བྱུང་འདུག་སྟེ། དུས་རབས་བརྒྱད་པའི་སྐབས་སུ་བོད་ཀྱི་གསོ་རིག་བསྟན་བཅོས(རྒྱུད་བཞི་བསྟན་བཅོས་ཡིན་མིན་ཐད་མི་མཐུན་པ་མང་ཡང་འདིར་མི་གླེང་བར་བྱ།)རྒྱུད་བཞི་འདི་ཉིད་བྱུང་ཞིང་། གསོ་རིག་རྒྱུད་བཞི་རང་དུ་དངོས་སུ་བསྟན་ཡོད་པའི་གསོ་ཐབས་ཤིག་ཀྱང་ཡིན་ཏེ་རྩ་རྒྱུད་ཀྱི་ལེའུ་ལྔ་བར།:རླུང་ལ་དྲོ་སར་ཡིད་འོང་གྲོགས་བསྟེན་ཞིང་།།:ཞེས་པ་དང་། དེ་ནས་མན་ངག་རྒྱུད་ཀྱི་རླུང་ནད་གསོ་བའི་སྐབས་སུ:གོས་མཐུག་གཉིད་ལོག་སྙན་ཚིག་སྨྲ་བ་དང་།། ཡིད་དུ་འོང་བའི་གྲོགས་ཀྱིས་བཅོས་པར་བྱ།། ཞེས་གསུངས་ཡོད་པ་དེ་བཞིན་ཡིན་ནོ།། དེའི་ཐད་ཀྱི་འགྲེལ་བ་དག་ཏུའང་དེ་ཇི་བཞིན་བྱུང་བ་ཡིན་ཏེ༼བཻ་སྔོན།༽ལས:གོས་མཐུག་པོ་གྱོན་ནས་ཅི་བདེར་གཉིད་ལོག་ཅིང་སྒྲིན་བརྩེ་ཞིང་ངག་འཇམ་པོའི་སྒོ་ནས་སྙན་པའི་གཏམ་ཚིག་སྨྲ་བ་དང་། ཁྱད་པར་དུ་ནད་པ་རང་གི་ཡིད་དུ་འོང་བའི་གྲོགས་སོགས་ཀྱིས་ཐབས་དུ་མའི་སྒོ་ནས་བཅོས་པར་བྱ་ཞིང་།: ཞེས་དང་། ༼གསོ་རིག་ཉིང་བསྡུས་སྐྱ་རེངས་གསར་བ།༽ལས:ཡང་ན་བློར་བབས་པའི་མིས་སྐད་ཆ་སྙན་པོ་ཤོད་པ་སོགས་མདོར་ན་བློ་མོས་འདོད་མཐུན་གྱི་སྤྱོད་ལམ་རིགས་བསྟེན་པ།:ཞེས་དང་། ༼དྲང་སྲོང་ཞལ་ལུང་།༽ལས:མཚན་མོ་གཉིད་བདེ་བར་ལོག་པ། སྙན་པའི་ཚིག་སྨྲ་བ་ཉན་པ། ཡིད་དུ་འོང་ཞིང་སྙིང་ཉེ་བའི་གྲོགས་དང་འགྲོགས་པ་བཅས་ཀྱིས་བཅོས་པར་བྱ་ལ།:ཞེས་སོགས་ཇི་སྐད་གསུངས་པ་འདི་དག་ཐམས་ཅད་ནི་བོད་ཀྱི་གསོ་རིག་རྒྱུད་བཞིར་དངོས་སུ་བསྟན་པའི་ངག་གི་གསོ་ཐབས་ཀྱི་སྐོར་ཡིན་ཞིང་། ད་དུང་ངག་གི་གསོ་ཐབས་འདི་ནི་དམངས་ཁྲོད་དུའང་དུས་སྔ་མོ་ནས་དར་ཁྱབ་ཆེས་ཆེར་བྱུང་འདུག་པ་ཞིག་ཡིན་ཏེ། གནའ་མི་དག་གི་ངག་རྒྱུན་ལ་སྙིང་ཁམས་ཅན་གྱི་ནད་པར་མི་སྙན་པའི་གཏམ་སྤངས་པ་དང་སྙན་མོ་གཏམ་གྱིས་སྐྱོང་བ། ཡིད་དུ་འོང་བའི་གྲོགས་དང་ཉམས་སྤྲོ་བའི་ཁོར་ཡུག་དག་ལ་བསྟེན་ཏེ་ནད་གཞི་གསོ་དགོས་པའི་བརྗོད་པ་མང་དུ་ཡོད་པ་དེ་བཞིན་ནོ།། ལ་ལ་ཞིག་གི་བློ་ངོར་བོད་ཀྱི་གསོ་བ་རིག་པར་ངག་གི་གསོ་ཐབས་ཞེས་པ་ཞིག་ཡོད་པ་བདེན་དུ་ཆུགས་ཀྱང་།དེ་ནི་ཟས་སྤྱོད་སྨན་དཔྱད་བཞིའི་གང་གི་ཁོངས་སུ་གཏོགས་སམ་སྙམ་པའི་དོགས་པ་ཞིག་སྐྱེ་ཡི་འདུག་མོད། དེ་ནི་དོགས་པ་སྐྱེ་དགོས་པ་ཞིག་ཡེ་ནས་མ་ཡིན་ཏེ། ངག་གི་གསོ་ཐབས་འདི་ནི་སྤྱིའི་གསོ་ཐབས་བཞིའི་བྱེ་བྲག་ཏུ་གྱུར་བའི་སྤྱོད་ལམ་གྱི་གསོ་ཐབས་སུ་འདུ་ཞིང་། སྤྱོདལམ་གྱི་གསོ་ཐབས་དེ་ལ་ལུས་ངག་ཡིད་གསུམ་གྱི་གསོ་ཐབས་ཀྱི་ཆ་ཡོད་པ་ཡིན་ཏེ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དང་། བསིལ་དྲོད་ཀྱི་གནམ་གཤིས། ཁོར་ཡུག་དང་གྱོན་གོས་སོགས་ཀྱི་དྲོད་གྲང་ལ་བརྟེན་ཏེ་གསོ་བའི་ཐབས་ལམ་དེ་ལ་སྤྱོད་ལམ་གྱི་གསོ་ཐབས་ཞེས་བརྗོད་པ་ཡིན་ཞིང་། བསླབ་དེབ་དང་འགྲེལ་བ་དག་ཏུའང་འདི་ནི་སྤྱོད་ལམ་གྱི་གསོ་བཅོས་ཁོངས་སུ་བཞག་འདུག་ཅིང་། ལར་ན་སྤྱོད་ལམ་དེ་ལ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་གསུམ་ཡོད་པ། དག་ཡིག་དང་གཞུང་ལུགས་གང་དུའང་བྱུང་འདུག་པས་ན་ངག་གི་གསོ་ཐབས་འདི་ནི་སྤྱོད་ལམ་གྱི་གསོ་ཐབས་ཡིན་པར་ཧ་ཅང་རྟོགས་སླ་བ་ཞིག་ཡིན་ནོ།། ད་དུང་ངག་གི་གསོ་ཐབས་ཀྱི་ཆར་གཏོགས་པའི་བོད་ཀྱི་གསོ་རིག་གི་ཐུན་མིན་གསོ་ཐབས་སུ་གྲུབ་པའི་སྔགས་ཀྱི་གསོ་ཐབས་དང་རིམ་གྲོའི་གསོ་ཐབས་སོགས་ཀྱང་འདུག་ལ། བཤད་རྒྱུད་དུ་ནད་ཀྱི་དབྱེ་བ་བསྟན་པའི་སྐབས:ཀུན་བཏགས་གདོན་ནད་རིམ་གྲོས་གྲོལ་བ་དང་།།:ཞེས་གསུངས་པ་ཇི་བཞིན་དུ་ཀུན་བཏགས་གདོན་ནད་དུ་གྱུར་བའི་ནད་རིགས་བརྒྱ་རྩ་གཅིག་པོ་དེ་ཉིད་རྒྱལ་བའི་གསུང་རབ་ཀློག་པ་དང་ཆོ་ག་སྣ་ཚོགས་གསུངས་པ་སོགས་ཀྱིས་ནད་གཞི་གསོ་བའམ་ནད་ཀྱི་རྣམ་རྟོག་དེ་ལས་དགྲོལ་བར་བྱ་དགོས་ཤིང་དེའང་དོན་དམ་དུ་ངག་གི་གསོ་ཐབས་ཡིན་པ་དང་། ཡང་མན་ངག་རྒྱུད་ཀྱི་དུག་ནད་གསོ་བའི་སྐབས་སུའང:དུག་ནད་སྔགས་ཀྱིས་གསོ་བ་འདི་ལྟ་སྟེ།། ཨོཾ་ཀ་ལི་ཀུ་ཀུ་་་་་་་་། ཉི་ཤུ་རྩ་རེས་རང་ཉིད་སྲུང་བ་སྟེ།། བརྒྱ་འམ་སྟོང་གིས་གཞན་གྱི་དུག་ནད་སེལ།། བཙན་དུག་ཤ་དུག་སྦྱར་དུག་མ་ལུས་འཇོམས།། ཞེས་བྱུང་བའི་ངག་གི་གསོ་ཐབས་འདི་དག་ནི་རྒྱུད་བཞི་རང་དུ་དངོས་སུ་གསུངས་ཡོད་པ་ཞིག་ཏུ་མ་ཟད། རང་རེའི་དམངས་ཁྲོད་དུའང་ཁྱབ་རྒྱ་རབ་ཏུ་ཆེ་ཞིང་དུས་རྒྱུན་ལག་ལེན་དུ་བསྟར་བའི་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་གྱི་གསོ་ཐབས་ཤིག་ཡིན་པ་སུས་ཀྱང་ཤེས་སླ་བ་ཡིན། ལར་ན་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་གསོ་ཐབས་སུ་གྱུར་བའི་ངག་གི་གསོ་ཐབས་འདི་དང་སེམས་ཁམས་རིག་པ་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ལ། བོད་ཀྱི་གསོ་བ་རིག་པ་ནི་སེམས་ཁམས་རིག་པའི་ཆར་གཏོགས་ཀྱི་གསོ་བ་རིག་པ་ཞིག་ཡིན་པའི་ཚུལ་གོང་དུ་སོང་ཟིན་པ་དེ་བཞིན་ནོ། །

༼མུ་འགོད།༽