ལུང་ཤར་ནི་ཟུར་ཆུང་ཤེས་རབ་གྲགས་པའི་མི་རྒྱུད་ཡིན་པ་དང་། ལུང་ཤར་གྱི་འཛིན་ཁོངས་ཤར་ཕྱོགས་ཟུར་ཆུང་པའི་བཞུགས་ཡུལ་རྙིང་པ་དེར་དེང་སང་ཟུར་ལུང་ཞེས་གྲགས། དེར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་ས་གནས་སྲིད་གཞུང་གི་དཔོན་རིགས་ནང་ཞུགས། མི་རྒྱུད་རིམ་པ་ནས་སྲིད་གཞུང་གི་ཞབས་སྡོད་ཞུས། ལུང་ཤར་ནི་གཞིས་རྩེ་ཀྲོན་ཆུས་བཞད་མཐོང་སྨོན་རྫོང་ཁོངས་རྟ་ནག་ཁུལ་གྱི་སྒེར་པའི་གྲས་ཤིག་རེད། ངའི་མེས་པོ་སྲིད་གཞུང་གི་དྲུང་འཁོར་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་། རྨོ་བོ་བདེ་ཆེན་པདྨོ་གཉིས་ཀྱི་བུར་བོད་ལྕགས་སྦྲུལ་༼ ༡༨༨༡ ༽ལོར་ཕ་དམ་པ་དེ་འཁྲུངས་ཤིང་། མཚན་ལ་རྡོ་རྗེ་ཚེ་རྒྱལ་ཞེས་བཏགས།

ཁོང་དགུང་ལོ་བརྒྱད་ཙམ་ལ་སླེབས་དུས་ཡབ་གཤེགས་འདུག་ཀྱང་། ཡུམ་ནས་གཅེས་པར་བསྐྱངས་ཏེ་འཚར་ལོངས་བྱུང་ཞིང་། ཤེས་ཡོན་རིག་གནས་སློབ་སྦྱོང་ཐད་ལའང་ཡུམ་གྱིས་ཐུགས་འཁུར་གནང་སྟེ་དགེ་རྒན་མང་པོ་བསྟེན་སྟབས་སྦྱངས་འབྲས་ཧ་ཅང་ཡག་པོ་བྱུང་འདུག དེར་བརྟེན་ཁོང་གིས་ཡུམ་ལ་ཐོག་མཐའ་བར་གསུམ་དུ་གུས་བརྩི་ཧ་ཅང་ཆེན་པོ་གནང་གི་འདུག

ངའི་ཕ་ནི་བོད་ལུགས་གསོ་བ་རིག་པ་སྦྱང་རྒྱུར་དགའ་པོ་ཡོད་སྟབས་དགེ་རྒན་བསྟེན་གཏུགས་ཀྱིས་སྨན་དཔྱད་བྱེད་སྒོ་སློབ་སྦྱོང་ཧུར་བརྩོན་གནང་རྐྱེན་ལག་རྩལ་ཡང་ཤེས་ཐུབ་པ་བྱུང་གཤིས་རྗེས་སུ་ང་ཚོ་ལོ་ན་སོན་དུས་ཀྱང་པྰ་ལགས་ནས་ལས་ཞོར་ནད་པར་རྩ་ཆུ་བརྟག་དཔྱད་དང་། བོད་ལུགས་ཀྱི་སྨན་སྟེར་བ་སོགས་གནང་གི་འདུག དེ་བཞིན་ཁོང་དགུང་ལོ་ཆུང་དུས་ནས་གཞས་དང་ཞབས་བྲོ་ལའང་ཧ་ཅང་དགའ་བོ་ཡོད་སྟབས་རྒྱུན་དུ་ཧོའོ་ཅིན་དང་ཡང་ཅིན་གཏོང་གནང་བ་མ་ཟད། སྐབས་འགར་ལྷ་སར་ཡོད་པའི་རོལ་ཆ་གཏོང་མི་རྣམས་བསྡུ་རུབ་གནང་སྟེ་མཉམ་གཏོང་སྤྲོ་སྐྱིད་ཡང་ཡང་གནང་གི་འདུག དེའི་ནང་རོལ་ཆ་གཏོང་རོགས་སུ་ཡོང་མཁན་གཙོ་བོ་སྦ་ཡི་ལི་༼ ཁ་ཆེ་བ ༽དལ་ཞོལ་ལི༼ རྒྱ་རིགས ༽། འ་མན་རི། རྣམ་རྒྱལ། ནང་མའི་གཞས་གཏོང་མཁན་ཡེ་ཚ་༼ ཁ་ཆེ་བ ༽སྟོད་གཞས་གཏོང་མཁན་ཕུར་བུ་སྒྲོལ་མ་དང་། བསོད་ནམས་སྐྱིད་འཛོམས། དབྱངས་སྐྱིད་ཟེར་བ་བཅས་སྐད་གྲགས་ཡོད་པ་བུ་མོ་གསུམ་སོགས་ཡོད།

དགུང་གྲངས་ཉི་ཤུ་སྐོར་ལ་ཕེབས་དུས་རྟ་ནག་སྒེར་ལྷས་ཁུད་པའི་བུ་མོ་མདུན་ཐབས་སུ་བཞེས་པ་དེ་ལ་ཕྲུ་གུ་ཆ་པ་རུ་ཟུར་དབང་ཆེན་གཡུ་ལྷ་དང་། སྒྲོལ་མ་ཕུག་པདྨ་གཉིས་བཙས། དེ་ནས་སྲིད་རྙིང་གི་དྲུང་འཁོར་ཞུ་བར་ལྷ་སར་ཕེབས་ཏེ་དཔོན་རིགས་ཁོངས་ཞུགས། ཁོང་ཡིག་རྩིས་ཡག་ཙམ་ཡོད་སྟབས་མི་རིང་བར་རྩིས་ཁང་ལས་ཁུངས་ཀྱི་རྩིས་པ་བསྐོ་བཞག་བྱས་འདུག རྩིས་པའི་ལས་འགན་ལོ་བཅུ་ཙམ་གནང་རིང་ལས་ཀར་ཧུར་བརྩོན་ཆེ་ཞིང་། འཇོན་ཐང་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག་གཤིས། རྩིས་པ་ལུང་ཤར་ཞེས་མིང་གྲགས་ཐོག་མར་ཐོན། པཱ་ལགས་ཀྱི་སྐུ་ཟླ་དེ་ཉིད་ལུང་ཤར་གཞིས་སུ་སྟོན་བསྡུའི་ཕྱག་ལས་གནང་བར་ཕེབས་སྐབས་ཤིག་ལ་སྟབས་མ་ལེགས་པར་གཤེགས། དེ་ནས་ལོ་གསུམ་ཙམ་སོང་བའི་རྗེས་སུ་ངའི་ཨ་མ་བསྟན་འཛིན་སྒྲོལ་དཀར་ལགས་དང་གཉེན་སྒྲིག་གནང་། ཕྲུ་གུ་ང་ཚོ་བུ་ལྔ་དང་། བུ་མོ་གཅིག་བྱུང་།

ཕྱི་ལོ་༡༩༡༡ལོར་གོང་ས་༸ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཕེབས་བཞུགས་རིང་ཕྱི་རྒྱལ་གྱི་གནས་ཚུལ་མང་ཙམ་ཞིག་མཁྱེན་རྟོགས་བྱུང་རྐྱེན་བོད་ལྗོངས་རྒྱ་ཁྱབ་ཡར་རྒྱས་འགྲོ་བར་རིག་གསར་འཕེལ་རྒྱས་གཏོང་དགོས་པ་དེ་དགོངས་པར་འཁོར་ནས་ཕྱི་ལོ་༡༩༡༣ལོར་སྐུ་དྲག་གི་བུ་ཕྲུག་ཁོངས་ནས་ན་གཞོན་ཁ་ཤས་འདེམ་སྒྲུག་གནང་སྟེ་ཁོ་ཚོ་དབྱིན་ཡུལ་དུ་སློབ་གྲྭར་སྐྱེལ་བར་འགྲོ་མཁན་གྱི་འགོ་གཙོ་ངའི་པྰ་ལགས་ལ་རིམ་བཞིའི་གོ་གནས་དང་སྦྲགས་ལས་འགན་གནང་། བུ་ཕྲུག་ཁོངས་སྨོན་གྲོང་མཁྱེན་རབས་ཀུན་བཟང་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་པ་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་གཏོང་གནང་མཛད་པ་ཁོང་ཚོ་དང་མཉམ་དུ་དབྱིན་ཇིའི་རྒྱལ་ས་ལོན་ཏུན་དུ་ཕེབས། དབྱིན་གཞུང་ནས་སྣེ་ཤན་རྒུལ་ཊ་ས་ཧེབ་དང་། སྐད་སྒྱུར་ལེགས་ལྡན་ས་ཧེབ་༼ བོད་རིགས ༽གཉིས་བཙུགས་ཏེ་སྣེ་ལེན་བྱས་འདུག བོད་ས་གནས་སྲིད་གཞུང་གིས་བསྐུར་བའི་ཡི་གེ་དང་ལག་རྟགས་སོགས་སྤྲད་ཅིང་། ཕྲུ་གུ་བཞི་ཨིང་ལན་རག་སྦིའི་ཞེས་པའི་སློབ་གྲྭར་བཅུག རྗེས་སུ་ཕྲུ་གུ་རྣམས་ལ་ཆེད་ལས་ཡོན་ཏན་རེ་རེ་བསླབས་པ་ནི། སྨོན་གྲོང་མཁྱེན་རབས་ཀུན་བཟང་ལ་ས་གཏེར་འཚོལ་འདོན་སྐོར་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེར་གློག་གི་ལས་ཀ སྐྱིད་སྦུག་པ་དབང་འདུས་ནོར་བུར་ཏར་གཏོང་དང་ས་ཐིག་ལེན་རྒྱུའི་ལས་ཀ སྒོག་མཁར་བ་བསོད་ནམས་མགོན་པོར་དམག་དོན་ལས་ཀ་བཅས་སློབ་སྦྱོང་བྱས་ཏེ་ཚང་མ་སློབ་ཐོན་གྱིས་བོད་ལ་ཕྱིར་ལོག་ཡོང་བ་རེད། སྐབས་དེར་ངའི་པྰ་ལགས་དང་ཨ་མ་ལགས་གཉིས་ནས་ཀྱང་དབྱིན་ཇིའི་སྐད་ཡིག་ཕྲན་བུ་བསླབས་ཤིང་། ཧྥ་རན་སི་དང་། དབྱི་ཐ་ལི་སོགས་ལ་བལྟ་བསྐོར་དུའང་ཕེབས་འདུག་པ་བཅས་བརྒྱུད་ངའི་པྰ་ལགས་ལ་ཕྱི་རྒྱལ་གྱི་བྱེད་སྟངས་ཐད་ནས་ཤུགས་རྐྱེན་ཆེ་ཙམ་ཐེབས་ཏེ་བོད་ཀྱི་ལམ་ལུགས་རྙིང་པ་དེར་ཕྲན་བུའི་བཅོས་བསྒྱུར་མ་བྱས་ཚེ་ཉེན་ཁ་ཡོད་པའི་བསམ་བློ་འཁོར་ཡོད་ཚོད་འདུག གང་ཡིན་ཞེ་ན། རྗེས་སུ་ངའི་པྰ་ལགས་ནས་དུས་ཚོད་བྱུང་རིམ་བཞིན་དབྱིན་ཡིག་གི་ལོ་རྒྱུས་དེབ་ལ་རྟག་པར་བལྟ་ཀློག་གནང་བ་དང་། ང་ཚོ་ནང་མི་འཛོམས་ཏེ་སྡོད་སྐབས་པྰ་ལགས་ཀྱིས་དེ་སྔོན་ཧྥ་རན་སིར་དུས་འགྱུར་གྱིས་ཧྥ་རན་སིའི་རྒྱལ་པོའི་ལམ་ལུགས་གཏོར་བ་དང་། དབྱི་ཐ་ལིའི་རྒྱལ་པོའི་ལམ་ལུགས་གཏོར་བའི་ལོ་རྒྱུས་སྐོར་སྒྲུང་གཏམ་ལྟ་བུར་གསུང་གི་འདུག པྰ་ལགས་བོད་དུ་ཕྱིར་ལོག་གནང་རྗེས་༸གོང་ས་མཆོག་གིས་དམིགས་བསལ་གཟིགས་སྐྱོང་གནང་སྟེ་རྩིས་དཔོན་གྱི་གོ་གནས་གནང་། དེ་དུས་བོད་དམག་སྒྲིག་གཞི་རྒྱ་སྐྱེད་བྱེད་སྒང་ཡིན་རུང་། དམག་ཕོགས་ལྡེང་གི་མེད་སྟངས་འབྲུ་རིགས་འཕར་མ་བསྡུ་རྒྱུའི་འཆར་གཞི་བཟོས་ཏེ་འབབ་ཞིབ་ལས་ཁུངས་ཞེས་པ་གསར་བཙུགས་ཐོག་དོ་དམ་དྲུང་ཡིག་ཆེན་མོ་བློ་བཟང་བསྟན་སྐྱོང་དང་། ངའི་ཕ་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གཉིས་ལ་བསྐོ་བཞག་གནང་རྒྱུར་ཏྰ་ལའི་བླ་མས་ཆོག་མཆན་གནང་། དེར་བརྟེན་འབབ་ཞིབ་འགེལ་ཡུལ་སྡེ་དཔོན་མི་དྲག་དང་། ཡབ་གཞིས་ཁག སྒེར་པ། ཆོས་གཞིས་བཅས་ལ་ས་ཞིང་སྦུག་བཟོས་འཕར་མ་ཡོད་རིགས་དང་། བཀའ་གཞིས། མདའ་གཞིས། སྒེར་པ་ཞབས་སྡོད་མ་ཞུས་པའི་ཕ་གཞིས་སོགས་ལ་ཞིབ་འཕར་འབྲུ་རིགས་འཕར་འགེལ་བྱས་ཏེ་མི་ཚང་ཆེ་རིགས་ལ་འབྲུ་ཁལ་གྱི་སྟོང་ཕྲག་བཞི་དང་། དེ་འོག་ལ་ཁལ་བརྒྱ་ཕྲག་ཁ་ཤས་འགེལ་དཀྲི་བྱས་སྟབས་ས་གནས་སྲིད་གཞུང་ལ་འབྲུ་རིགས་ཧ་ཅང་ཕོན་ཆེན་པོ་བྱུང་སྟེ་རྗེས་སུ་གོང་ས་༸ཏྰ་ལའི་བླ་མའི་སྐུ་ཚེའི་སྨད་ཆར་སླེབས་དུས་འབྲུ་ཁང་རྙིང་པ་ཕལ་ཆེར་ཁེངས་ཏེ་ས་གནས་ཁ་ཤས་ལ་བཀར་ཁང་ནང་འབྲུ་འཇུག་ཡུལ་མེད་པ་ལྟ་བུ་བྱུང་བ་རེད། ཡིན་ནའང་ཏྰ་ལའི་བླ་མ་བཅུ་གསུམ་པ་སྐུ་གཤེགས་རྗེས་བཀའ་ཤག་ནས་ཞིབ་འཕར་འབྲུ་རིགས་ལོ་ཤས་ཆག་ཡང་བཏང་བ་དང་། ལྷག་པར་མི་དྲག་ཁ་ཤས་ལ་གཞུང་འབྲུ་སྐྱེད་མེད་སྔ་གཡར་དང་། གསོལ་རས་སོགས་མང་པོ་སྤྲད་སྐྱེན་གཞུང་གི་འབྲུ་རིགས་ལ་དོ་ཕོག་ཆེ་ཙམ་བྱུང་སྟབས་སྐབས་དེར་མང་ཚོགས་ནས་ཟུར་ཟ་ཞིག་ཀྱང་བྱས་ཡོད་པ་སྟེ། བཀའ་ཤག་གི་ཕྲ་མའི་ཐོད་དུ་དེ་སྔ་མན་ཛྙུའི་གོང་མས་གནང་བའི་པྰན་༼ 匾 ༽ཞིག་ཡོད་པ་དེའི་ཐོག་བོད་ཡིག་དབུ་ཅན་ཕྱི་ནང་བསྟན་སྲིད་ཡོངས་ལ་བསོད་ནམས་ཀྱི་དགེ་ཚོགས་ལྷག་པར་སྤེལ་བ་ཞེས་འཁོད་ཡོད་པ་དེ་ལ་བལྟས་ནས་བཀའ་ཤག་གི་ཕྲ་མའི་འོག་ཏུ་ཡི་གེ་ཞིག་སྦྱར་བའི་ནང་ཕྱི་ནང་སྐྱེ་འགྲོ་ཡོངས་ལ་འབྲུ་དངུལ་གྱི་སྟོན་མོ་ལྷག་པར་སྤེལ་བ་ཞེས་བྲིས་ཡོད་པ་རེད། སྐབས་དེར་འབྲུ་རིགས་འབབ་བཟོ་བྱེད་ཡུལ་སྡེ་དཔོན་མི་དྲག་ཆེ་གྲས་ཁག་ལ་འབབ་འཁྲི་ཆེན་པོ་བྱུང་སྟབས་མཐོ་རིམ་མི་སྣ་ཁག་གཅིག་ནས་ངའི་ཕ་རྩིས་དཔོན་ལུང་ཤར་ལ་མ་དགའ་བའི་གླེང་ཕྱོགས་ཆེན་པོ་བྱུང་འདུག་ཀྱང་དེའི་དུས་ཏྰ་ལའི་བླ་མའི་གཟིགས་བསྐྱངས་ཆེན་པོ་ཡོད་སྟབས་རྒྱབ་རྩ་བཟང་བས་སུས་ཀྱང་གནོད་འཚེ་གཏོང་ཐུབ་མི་འདུག འོན་ཀྱང་དེའི་རྐྱེན་པས་རྗེས་སུ་ལུང་ཤར་ལ་གཤམ་གསལ་ལྟར་ཆག་སྒོ་ཚབས་ཆེན་པོ་འཕྲད་པ་རེད།

༸གོང་ས་བཅུ་གསུམ་པ་མཆོག་གི་སྐུ་པར།

༸གོང་ས་བཅུ་གསུམ་པ་མཆོག་གི་སྐུ་པར།

པྰ་ལགས་ནས་ང་རང་ལ་རྒྱུན་དུ་སློབ་གསོ་གནང་དོན། ཡོན་ཏན་ཡིག་རྩིས་ཡག་པོ་སྦྱོང་བརྡར་བྱེད་དགོས། དེ་ལྟ་ནས་སྡེ་པ་གཞུང་གི་ཞབས་འདེགས་ཞུ་རྒྱུར་ཆོད་སེམས་འཆང་དགོས་གསུངས་པ་མ་ཟད། ང་རང་ཞབས་སྡོད་ཞུས་པའི་ཉིན་མོར་མཆོད་མཇལ་ལ་འགྲོ་ཁར་པྰ་ལགས་ནས་གསུངས་དོན། དེ་རིང་ནས་བཟུང་དཀོན་མཆོག་ལ་སྨོན་ལམ་རྒྱག་སྐབས་སྡེ་བ་གཞུང་གི་ཞབས་འདེགས་ཡག་པོ་སྒྲུབ་ཐུབ་པར་ཤོག་ཅེས་སྨོན་ལམ་འདེབས་དགོས་གསུང་གི་འདུག ད་དུང་གསུངས་དོན། ཁྱོད་རང་ཤོ་སྦག་རྒྱག་པ་དང་། བག་མེད་ཀྱིས་ཆང་འཐུང་པ། ཐ་མག་འཐེན་པ་སོགས་བྱས་ན་འགྲིག་གི་མ་རེད། ཡིན་ནའང་ཁྱེད་རང་དགའ་རྩེད་བྱེད་ཡག་ཅིག་དགོས་སྟབས་སྒྲ་སྙན་སློབ་སྦྱོང་བྱས་ཏེ་གཞས་དང་ཞབས་བྲོར་དགའ་པོ་བྱས་ན་རང་ཉིད་སེམས་པ་སྐྱིད་པོ་ཡོད་པ་དང་མི་ཡང་དགའ་པོ་ཡོང་གི་རེད། སྒྲ་སྙན་སློབ་མཁན་དགེ་རྒན་ལ་གླ་ཆ་ངས་སྤྲད་ཆོག་ཅེས་གསུང་པ་ལྟར་སྒྲ་སྙན་བསླབས་ཏེ་སྐབས་དེར་ང་རང་ཡང་སྒྲ་སྙན་གཏོང་རྒྱུར་དགའ་པོ་ཡོད་པ་ཞིག་ཆགས་སོང་།

༸གོང་ས་མཆོག་རྒྱ་གར་དུ་ཆིབས་བསྒྱུར་མཛད་དུས་ཀྱི་སྐུ་པར།

༸གོང་ས་མཆོག་རྒྱ་གར་དུ་ཆིབས་བསྒྱུར་མཛད་དུས་ཀྱི་སྐུ་པར།

པྰ་ལགས་རྩིས་དཔོན་དང་འབབ་ཞིབ་དོ་དམ་ཡིན་མུས་ཐོག་གོང་ས་༸ཏྰ་ལའི་བླ་མས་དམག་སྤྱིའི་འཚོ་འཛིན་ཞེས་དམག་སྤྱི་ཁང་གི་ལས་འགན་ཡང་གནང་བ་རེད། སྐབས་དེར་རྩིས་དཔོན་ལུང་ཤར་ཞེས་སྙན་གྲགས་ཆེ་སྒང་གི་དུས་སྐབས་ཤིག་ཡིན་ལ་༸གོང་ས་མཆོག་གི་ཐུགས་བློས་འགེལ་ཡུལ་ཞིག་ཀྱང་ཡིན་སྟབས་ནང་དོན་གྱི་ཕྱག་བྲིས་གལ་ཆེའི་རིགས་ཞབས་ཞུ་གནང་བ་དང་། ཏྰ་ལའི་བླ་མས་ཀྱང་གཟིགས་སྐྱོང་གི་རྣམ་པས་ཐུགས་རྗེ་ཆེན་པོའི་སྐུ་བརྙན་གསེར་གྱི་དབུ་རྒྱན་སྙན་ཡོད་པ་རྩ་ཆེན་གསོལ་རས་གནང་སྟེ་ཚེ་རབས་ཀུན་ཏུ་རྗེས་སུ་བཟུང་བའི་ཐུགས་སྨོན་གནང་གི་ཡིན་ཞེས་སོགས་དབུགས་དབྱུང་སྩལ་བའི་སྐལ་བ་བཟང་བོ་ཞིག་བྱུང་རུང་། དེ་རྗེས་སྤྱན་བསལ་ཐུབ་བསྟན་ཀུན་འཕེལ་ལགས་དང་ཁོང་གཉིས་ཤུགས་ཆེ་མཉམ་ཡིན་སྟབས་སྤྱན་གསལ་ནང་ཁུལ་མཐུན་པོ་མ་བྱུང་བས་བརྙད་འཚོལ་ཆེད་༸གོང་ས་མཆོག་ལ་གླེང་ཕྱོགས་མང་པོ་ཞུ་གི་ཡོད་འདུག དཔེར་ན་ཕ་ལུང་ཤར་རོལ་ཆ་གཏོང་རྒྱུར་དགའ་པོ་ཡོད་སྟབས་ཟླ་རེ་བཞིན་ཉིན་གཉིས་ཙམ་རིང་རོལ་ཆ་གཏོང་རོགས་ཚོ་དང་མཉམ་དུ་འཛོམས་ཏེ་ཉིན་གུང་ཙམ་ནས་གཞས་དང་ཞབས་བྲོ་བརྒྱབ་སྟེ་སྡོད་ཀྱི་ཡོད་ལུགས་སོགས་སྙན་ཕྲ་ཞུས་སྟབས་གཞུང་དོན་ལས་ཀར་དོ་འཁུར་མ་བྱས་པ་ལྟ་བུའི་དགོངས་ཕྱོགས་བྱུང་སྟེ་དམག་སྤྱིའི་ལས་འཁུར་ཕྱིར་འཐེན་དང་རྩིས་དཔོན་རང་འཇགས་སུ་འཇོག་པ་གནང་། ཡིན་ནའང་ནང་དོན་གལ་ཆེའི་ཕྱག་བྲིས་ཞབས་ཞུ་སོགས་སྔར་བཞིན་གནང་བ་མ་ཟད་ལས་དོན་སྐོར་གྱི་བཀའ་སམ་ཡང་ཆིབས་གཡོག་གདོང་རྟག་ཏུ་ཕེབས་ཀྱི་འདུག

དེ་ནས་རྩིས་དཔོན་དང་འབབ་ཞིབ་ཕྱག་ལས་སྔར་བཞིན་གནང་མུས་ཀྱང་ཆུ་བྱ་ལོ་སྟོད་ནས་ཞབས་འབམ་ལྟ་བུའི་བསྙུན་མནར་གྱིས་ཟླ་བ་ཁ་ཤས་ལུས་སོང་། དེ་ནས་དྲག་བསྐྱེད་ཅུང་ཟད་བྱུང་དུས་པྰ་ལགས་ནས་ད་ཆ་ང་ལོ་ལྔ་བཅུ་ལྷག་ཙམ་སླེབས་པ་དང་རྐང་བར་ནད་གཞི་ཡང་ཡོད་སྟབས་ལས་ཞབས་ཆག་ཅིག་དགོངས་པ་ཞུས་ནས་བསྡད་ན་ཡག་པ་འདུག དེ་ཡང་རྒྱལ་བ་རིན་པོ་ཆེར་ནང་མའི་སྙན་གསེང་ཞུ་རྒྱུ་དེ་ཁྱེད་རང་ནས་སྤྱན་བསལ་ངོ་ཤེས་ཞིག་བརྒྱུད་ཞུ་དགོས་གསུངས་བྱུང་། དེར་བརྟེན་ང་རང་སྐུ་སྲུང་རུ་དཔོན་བྱེད་སྐབས་སྤྱན་བསལ་ཨང་ཀི་གཉིས་པའི་གྲས་བསོད་ནམས་ནོར་བུ་དང་བདེ་ཆེན་དབྱིངས་གསལ་གཉིས་ཧ་ཅང་ཉེ་པོ་ཡོད་སྟབས་ཟླ་བ་བཅུ་པའི་ཚེ་ཤར་ལ་ངས་ཁོང་གཉིས་སར་མཎྜལ་རྟེན་དོད་དངུལ་ཊམ་དཀར་སྲང་ལྔ་དང་ཁ་བཏགས་ནང་མཛོད་གཅིག་འཁྱེར་ཏེ་པ་ལགས་དགོངས་ཞུའི་སྐོར་རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུ་རོགས་ཞེས་ལབ་པ་ཡིན། ཁོང་གཉིས་ནས་བརྗོད་དོན། ད་རེས་དགོངས་པ་རྩ་བ་ནས་ཞུ་ཐལ་མ་བྱེད། རྒྱལ་བ་རིན་པོ་ཆེ་ནས་གཟིགས་བསྐྱངས་ཆེན་པོ་འདུག ད་ཕྱིན་རྒྱལ་བ་རིན་པོ་ཆེ་ཕྱག་ལས་ཕྲན་བུའི་ཉུང་དུ་འགྲོ་ཆེད་ཁྱེད་རང་གི་པྰ་ལགས་དང་མགྲོན་གཉེར་ཆེན་མོ་ལྐོག་པོ་བ་གཉིས་ལ་སྲིད་བློན་བསྐོ་བཞག་གནང་རྩིས་འདུག་པ་དང་། ཕྱོགས་གཅིག་ནས་གནམ་ལོ་གསར་རྒྱུའི་སྨོན་ལམ་ཆེན་མོར་བསོད་ནམས་ནོར་བུ་གྲྭ་པ་བྱས་ཏེ་སྤྱན་བསལ་གཙོ་གྲས་གནང་རྒྱུ་གཏན་འཁེལ་སོང་ཟེར་བྱུང་། ང་རང་ཡང་དགའ་ཐག་ཆོད་ནས་ནང་དུ་ལོག་ཕྱིན་ཏེ་གནས་ཚུལ་རྣམས་པྰ་ལགས་ལ་ཞུས་པ་ཡིན།

དེ་ནས་མི་རིང་བར་བོད་ཟླ་༡༠པའི་ཚེས་༣༠དགོང་མོར་༸གོང་ས་མཆོག་བློ་བུར་དུ་སྐུ་གཤེགས་སྟབས་ཕ་རྩིས་དཔོན་ལུང་ཤར་ནི་སྡུག་བསྔལ་མི་བཟོད་པ་ལྟ་བུ་གནང་གི་འདུག དེ་རྗེས་༸གོང་ས་མཆོག་སྐུ་གཤེགས་པའི་སྐོར་སྐུ་བཅར་རྣམས་ལ་གནས་ཚུལ་ཅི་ཡིན་བོད་ལྗོངས་ཚོགས་འདུ་ནས་ཞིབ་དཔྱོད་བྱས་སོང་། སྐབས་དེའི་སྐུའི་བླ་སྨན་གམ་བཅར་བ་བྱམས་པ་ཟེར་བ་ནས་ཞུ་གསལ། ང་ལ་གསོལ་སྨན་འབུལ་བའི་རང་དབང་མ་བྱུང་། གནས་ཆུང་ཆོས་སྐྱོང་ནས་ལུང་བསྟན་བརྒྱབ་སྟེ་ཆམ་འཇོམས་དཔའ་བོ་བཅུ་བཞི་འབུལ་དགོས་ཟེར་སོང་བར་ཀུན་འཕེལ་ལགས་ནས་སྨན་ག་པར་ཡོད་གསུང་གི་འདུག དེ་ལན་ངས་སྨན་དེ་ཕུལ་ན་རྩ་བ་ནས་འགྲིག་གི་མ་རེད་ལབ་པར་ཆོས་སྐྱོང་ནས་སྨན་ཁུག་ཅིག་ངའི་ལུས་རྟེན་གྱི་གཡོག་པོར་ཡོད་པ་དེ་ལེན་དགོས་ལབ་སོང་བར་ཀུན་འཕེལ་ལགས་ནས་སྨན་ཁུག་ཡར་བཞེས་ཏེ་ཆོས་སྐྱོང་དང་མཉམ་དུ་སྨན་ཕུལ་སོང་། དེས་རྐྱེན་བསྙུན་གཞི་ཇེ་སྡུག་ཏུ་སོང་ལུགས་བརྗོད་པར་ཚོགས་འདུས་ལམ་སེང་ཀུན་འཕེལ་ལགས་འཛིན་བཟུང་བྱས་སོང་། དེ་བཞིན་གནས་ཆུང་ཆོས་རྗེ་དང་བླ་སྨན་བྱམས་པ་སོགས་ལེ་ཐོག་རྣམས་དོ་དམ་བྱས་ཏེ་ཞུ་བ་ལེན་སྐབས་ཀུན་འཕེལ་ལགས་ནས་ཞུས་ན། ཐོག་མར་ཟླ་བ་༡༠པའི་ཚེས་༢༢ཉིན་གནས་ཆུང་དུ་བསྐྱོད་དེ་ལྷ་གསོལ་དང་སྦྲགས་ཆོས་སྐྱོང་ཡར་ཕེབས་རྒྱུའི་གདན་ཞུ་བྱས་ལུགས་དང་གསོལ་སྨན་ནི་ཆོས་སྐྱོང་གིས་གསུང་པ་ལྟར་ཕུལ་བ་ཡིན་ཞུས་ཞིང་། ཆོས་རྗེར་འདྲི་རྩད་བྱས་པར་གསོལ་སྨན་འབུལ་སྐབས་ཁོ་བར་ལྷ་ཕེབས་ཏེ་ཤོད་ཡག་མེད་ཚུལ་དང་། ཆོས་རྗེའི་གཡོག་པོ་ནས་ཟེར་ན་ཆོས་རྗེ་ནོར་བུ་གླིང་ཁར་འགྲོ་ཁར་སྨན་ཁུག་འཁྱེར་ཤོག་གསུང་པ་ལྟར་ངས་ཁྱེར་ཡོང་ལུགས་ཞུས་པ་རེད། དོན་དུ་གསོལ་སྨན་བླ་སྨན་གྱི་ངག་དང་མ་མཐུན་པ་ཞིག་ཨུ་ཚུགས་ཀྱིས་ཕུལ་བ་ར་འཕྲོད་བྱུང་བར་བརྟེན་ཀུན་འཕེལ་ལགས་ཀོང་པོ་རྩེ་སྒང་དུ་རྒྱང་འབུད་དང་། གནས་ཆུང་དུ་ཆོས་རྗེ་འབྲས་བློ་གླིང་གྲྭ་ཚང་ལ་རྩིས་སྤྲོད། བླ་སྨན་བྱམས་པར་སྨན་སྐོར་འགལ་ཉེས་ཆེར་མེད་རུང་སྐབས་དེར་རང་འཁྲིའི་ལས་འགན་ཇི་བཞིན་འཁུར་ཐུབ་མི་འདུག་ཅེས་རྒྱ་ཚྭ་རྫོང་དུ་རྒྱང་འབུད་བཅས་ཀྱི་ཉེས་ཆད་བཏང་སོང་།

སློབ་ཕྲུག་བཞི་དབྱིན་ཇིར་མ་ཕྱིན་པའི་སྔོན། ལྷ་སའི་ལུང་ཤར་ཤག་ནས་བླངས་པའི་པར་རིས།

སློབ་ཕྲུག་བཞི་དབྱིན་ཇིར་མ་ཕྱིན་པའི་སྔོན། ལྷ་སའི་ལུང་ཤར་ཤག་ནས་བླངས་པའི་པར་རིས།

ཕ་རྩིས་དཔོན་ལུང་ཤར་རྡོ་རྗེ་ཚེ་རྒྱལ་དེ་སྔོན་དབྱིན་ཇིར་ཕེབས་སྐབས་ཕྱི་རྒྱལ་ལམ་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས་ས་གནས་སྲིད་གཞུང་གི་ལམ་ལུགས་ལ་ཕྲན་བུ་བསྒྱུར་བཅོས་བྱེད་རྩིས་ཀྱིས་སྐྱིད་ཕྱོགས་ཀུན་མཐུན་༼ལུང་ཤར་ལས་འགུལ་ཡང་ཟེར༽ཞེས་པའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་པ་དེར་ལམ་སེང་རྒྱ་ཆེར་ཕྱིན་ཏེ་དཔོན་རིགས་མི་གྲངས་བརྒྱ་སྐོར་དང་། འབྲས་སྤུངས་སོག་སྡེ་པ། སེ་ར་བྱམས་སྨོན་སྡེ་པ། དགའ་ལྡན་གྱི་འཐུས་མི་ཀོང་པོ་འཕྲིན་ལས་རྒྱ་མཚོ་སོགས་རིམ་པས་འཛུལ་བ་དང་། སྒྲིག་འཛུགས་དེའི་ནང་ཞུགས་སྐབས་སྤྱི་སྒྲིག་གན་རྒྱའི་གཤམ་དུ་སོ་སོའི་མིང་ཐོ་ས་ཡིག་རེ་རྒྱག་དགོས་པ་ས་ཡིག་དང་པོ་ཕ་ལུང་ཤར་གྱི་མིང་བཀོད་པ་དང་། དེ་འོག་གཅེན་པོ་ཆ་པ་རུ་ཟུར་དང་ང་རང་གིས་ས་ཡིག་བརྒྱབ་པ་ཡིན། གོང་གསལ་དཔོན་རིགས་བརྒྱ་སྐོར་དང་སེ་འབྲས་དགེ་གསུམ་གྱི་འཐུས་མིས་ཀྱང་ས་ཡིག་བརྒྱབ་ཡོད་པ་རེད། སྒྲིག་འཛུགས་ནང་གསང་བའི་གྲོས་བསྡུར་རིམ་པར་བྱས་པའི་གཙོ་བོའི་དགོས་དོན་ནི་དང་ཐོག་བཀའ་ཤག་ནང་གི་བཀའ་བློན་རྣམས་ལོ་འཁོར་བཞི་རེར་གཏན་འཁེལ་ཐེངས་རེ་བྱ་རྒྱུ་དང་། དེ་ཡང་མི་འགྲོ་སུ་འོས་ཚོགས་འདུས་འདེམས་ཤོག་འཕེན་རྒྱུ་ཞིག་དགོས་ཚུལ་སོགས་སྲིད་གཞུང་ལ་ཞུ་ཐོ་དང་སྦྲགས་ཞུ་རྒྱུར་གཏན་འཁེལ་གྱིས་བཀའ་ཤག་བརྒྱུད་ཞུ་ཐོ་སྤྲད་པ་རེད། སྐབས་དེར་ཚོགས་པ་དེའི་ཁོངས་ཡོད་རིམ་བཞི་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ནི་ཕ་ལུང་ཤར་གྱི་ནང་མའི་བློས་འགེལ་གྲོགས་པོ་གཙོ་བོ་ཞིག་རེད། དེར་བརྟེན་ཕ་ལུང་ཤར་ནས་གྲོས་གཞི་སོགས་གོ་བསྡུར་གནང་བར་ཁོང་གིས་ཚོགས་འདུའི་གྲོས་དོན་ཧ་གོ་སྟབས་ཁོང་སྒེར་གྱི་ཁེ་ཕན་ལ་བསམ་བློ་བཏང་བའམ་གང་ལྟར་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་སར་ཕྱིན་ཏེ་སྒྲིག་འཛུགས་ཀྱི་གནས་ཚུལ་ཚང་མ་བཤད་པས་མ་ཚད་ད་དུང་བཀའ་བློན་ཚོ་གསོད་རྩིས་ཡོད་ཚུལ་ཁ་སྣོན་བརྒྱབ་སྟེ་བཤད་སྟངས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་ཞེད་སྣང་དང་དངས་འཚབ་ཧ་ཅང་ཆེན་པོ་བྱུང་སྟེ་ལམ་སེང་རྒྱལ་ཚབ་རྭ་སྒྲེང་གི་སྐུ་མདུན་དུ་ཕྱིན་ནས་ལས་འགུལ་འདིའི་བྱེད་གཏེ་གཙོ་བོ་རྩིས་དཔོན་ལུང་ཤར་འཛིན་བཟུང་བྱེད་དགོས་ཞུ་སྐབས། རྭ་སྒྲེང་རྒྱལ་ཚབ་དང་ཕ་རྩིས་དཔོན་ལུང་ཤར་གཉིས་དེ་སྔོན་ནས་འབྲེལ་བ་ཡག་ཙམ་ཡོད་པས་ཕྲན་བུ་ཀ་ཀོར་གནང་ཡང་བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་ནས་མཐའ་བཀག་ཨུ་ཚུགས་ཞུས་རྐྱེན་རྒྱལ་ཚབ་རིན་པོ་ཆེ་ཡང་ཕྱག་ལས་ཐུགས་འགན་བཞེས་ནས་ཟླ་བ་གཉིས་ཙམ་ལས་མ་སོང་བས་ཐུགས་རྒྱུས་དང་ནུས་པ་ཆེར་མེད་པར་བཅས་ལ་བརྟེན་ཞལ་བཞེས་མ་གནང་མཐུ་མེད་བྱུང་འདུག དེ་འཕྲལ་བཀའ་བློན་ཁྲི་སྨོན་པ་འབྲས་སྤུངས་དགོན་དུ་བྲོས་ཕྱིན་པ་རེད། ཤོད་གཟིམ་འགག་ནས་རྩིས་དཔོན་ལུང་ཤར་སར་བང་ཆེན་ཞིག་བཏང་སྟེ་ཚོགས་འདུ་གལ་ཆེན་ཞིག་ཡོད་པས་མགྱོགས་པོ་ཕེབས་རོགས་ལབ་པར། ཕ་རྩིས་དཔོན་ལུང་ཤར་གྱི་བསམ་པར་འཆར་ཅན་གྱི་ཚོགས་འདུ་ཡིན་ཤག་བྱས་ཏེ་སྣང་མེད་ངང་འགྲོ་སྐབས་ཤོད་གཟིམ་འགག་ནས་བཀའ་བསྒྱུར་བཏང་དོན་དུ་ཁོང་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་ལུགས་བཤད་དེ་ཟུར་དུ་བཞག་ཐོག འགོ་བྱེད་རྣམས་བཙོན་ཁང་གྲ་སྒྲིག་བྱེད་པར་འགྲོ་སྐབས་པྰ་ལགས་སར་སྲུང་བྱ་གཉིས་ཙམ་ལས་མེད་པའི་བར་གསེང་ཞིག་བྱུང་དུས་ངའི་པྰ་ལགས་ཀྱི་དགོངས་པར་གཡོག་བློ་ལྡན་གྱི་ཨམ་ཕྲག་ནང་མེ་མདའ་བསྐུར་ཡོད་པ་དེ་དྲན་གསོས་ཏེ་གཡོག་པོའི་ས་ནས་མེ་མདའ་ལེན་རྩིས་ཀྱིས་རྒྱུགས་ཕྱིན་པ་རེད། རྩེ་ལྟག་སྒོ་རྒྱབ་ཏུ་སླེབས་གྲབས་ཡོད་དུས་གཡོག་བློ་ལྡན་གྱིས་ཀྱང་སྦྱིན་བདག་རྒྱུགས་ཡོང་གི་ཡོད་པ་མཐོང་སྟེ་སྐུ་ངོ་མེ་མདའ་འདིར་ཡོད་ཅེས་ལག་པ་བརྐྱངས་ཏེ་མེ་མདའ་སྤྲོད་པར་ཡོང་འཕྲལ་མཐའ་བསྐོར་དུ་ཡོད་པའི་གད་པ་ཁང་གཉེར་མང་པོས་གཡོག་བློ་ལྡན་ལ་ལག་རུབ་བརྒྱབ་སྟེ་མེ་མདའ་འཕྲོག་ནས་ཁོ་པ་བཟུང་འཁྲིད་བྱས་པ་རེད། ཕ་ལུང་ཤར་ཡང་མེ་མདའ་ལག་སོན་མ་བྱུང་བར་ཅི་བྱ་གཏོལ་བྲལ་དུ་ལུས་མུར་དེ་འཕྲལ་ཤོད་གཟིམ་འགག་སོགས་མི་མང་པོ་ཡོང་ནས་བཟུང་འཁྲིད་ཀྱིས་ཤར་ཆེན་ལྕོག་ཏུ་བཙོན་འཇུག་བྱས། གསང་གྲོས་སྐྱོན་འདོར་ར་སྤྲོད་བྱེད་མཁན་ཞིག་དགོས་སྟབས་རིམ་བཞིན་ཀ་ཤོད་པ་ཆོས་རྒྱལ་ཉི་མ་ཡང་བཙོན་འཇུག་ཡིན་ཁུལ་བྱས། དེ་བཞིན་ལུང་ཤར་དོན་རྐྱེན་ནང་མཉམ་ཡོད་བྱེད་གཏེའི་གྲས་ལྕང་ཅན་གུང་ཟུར་བསོད་ནམས་རྒྱལ་པོ་དང་། བཤེར་དབང་རྒྱལ་ནང་པ། ཕྱག་དཔེ་དོ་དམ་རྩེ་དྲུང་ལས་ཚན་ཐུབ་བསྟན་དགེ་ལྡན། རྩེ་དུང་ལས་༼མིང་འདོགས་ལ་ཐ་ཁ་ལི་ཟེར་༽། ཤོད་དྲུང་སྨན་རི་བ། ཤོད་དྲུང་བྲག་མཐོན་པོ། ཤོད་དྲུང་ཡུལ་ལྷ་བ་བསྟན་པ་ཚེ་དབང་། སྐུ་སྲུང་རུ་དཔོན་ཆ་པ་དབང་ཆེན་གཡུ་ལྟ། ང་རང་བཅས་འཛིན་བཟུང་བྱས་སོང་། ཞིབ་དཔྱོད་པ་ནི་མཁན་དྲུང་མཁྱེན་རབ་དབང་ཕྱུག་དང་། དམག་སྤྱི་སྣང་དཀར་དབང་ཕྱུག་མཐར་ཕྱིན། ལྷ་གཉེར་བདེ་མཁར་བ་ཚེ་དབང་རབ་བརྟན་༼ཕྱིས་བཙན་རྒོལ་སྐབས་ཀྱི་སྲིད་ཚབ༽། རྩེ་དྲུང་བསྟན་པ་འཇམ་དབྱངས་བཅས་ལ་བསྐོ་བཞག་བྱས་ཏེ་ཞིབ་གཤེར་སྐབས་ཀ་ཤོད་ཆོས་རྒྱལ་ཉི་མས་སྒྲིག་འཛུགས་དེའི་ནང་གི་གནས་ཚུལ་ཚང་མ་བཤད་པས་མ་ཚད་ད་དུང་བཀའ་བློན་རྣམས་གསོད་ཀྱི་ཡོད་ཚུལ་ཁ་སྣོན་ཡང་བརྒྱབ་ཏེ་བཤད་པ་རེད། ཕ་ལུང་ཤར་ནས་ཞུ་དོན། གསར་བཅོས་ནང་བཀའ་ཤག་གི་བཀའ་བློན་རྣམས་འདེམ་ཤོག་འཕེན་དགོས་པ་ཞིག་མ་བྱུང་ཐབས་མེད་སྐོར་ཡོད་པ་ལས་གསོད་རྒྱུའི་གྲྭ་སྒྲིག་ནི་མེད་ཅེས་ལབ་རུང་ཞིབ་དཔྱོད་པས་ཀྱང་མགོ་ཕྱོགས་དཔུང་ཉེ་ལྟ་བུས་ཉན་ཤེས་རྩ་བ་ནས་མ་བྱས་སྟབས་མཐའ་དོན་ཕ་ལུང་ཤར་ནས། ངས་ཞུས་པར་བདག་སྤྲོད་མ་གནང་ན་ད་ནི་ཁྱོད་ཚོས་ག་རེ་གནང་ན་གནང་རོགས་གནང་། ང་ནི་སྐད་ཆ་ཚིག་གཅིག་ཤོད་ཀྱི་མིན་ཞེས་བརྗོད་དེ་ཁོ་ཚོས་སྐད་ཆ་ཇི་ལྟར་དྲིས་ཀྱང་ལན་མ་བརྒྱབ་པ་རེད། དེ་ནས་ཞིབ་དཔྱོད་པ་ཚོས་འཆར་གཞི་བཟོས་ཏེ་ཉེས་ཆད་དུ་མིག་འབྲས་གཉིས་ཀ་འདོན་རྒྱུ་བཀོད་ནས་ཕུལ་པར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ནས་གསུངས་དོན། ང་ནི་བླ་མ་ཡིན་པས་འདིར་ལག་རྟགས་བརྒྱབ་ན་མི་འགྲིག ཁྱེད་ཚོས་གཟིགས་རོགས་གནང་གསུངས་པར། སྲིད་བློན་གླང་མདུན་ནས་ཐུགས་ཁག་མི་འདུག་ང་ཚོས་ཞུས་ཆོག་ཅེས་བཤད་ནས་དེ་འཕྲལ་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་དང་། བཀའ་བློན་བླ་མ་དགེ་འདུན་ཆོས་དར། བཀའ་བློན་གནང་བྱུང་བ། སྣེ་མགྲོན་ཕུན་རབ་པ་བཅས་དང་ནང་གྲོས་ཀྱིས་ཨུ་རུ་སུའི་དམར་པོའི་ལས་ལུགས་བྱས་པ་རེད་ཅེས་སྲིད་བློན་གུང་གླང་མདུན་ཀུན་དགའ་དབང་ཕྱུག་ནས་ལག་རྟགས་བཀོད་དེ་སྤྱན་གཉིས་བཏོན་ནས་ཚེ་བཙོན་དུ་ཐག་གཅོད་བྱས། ལེ་ཐོགས་བྱིངས་རྣམས་རྒྱང་འབུད་དུ་བཏང་སོང་། གཅེན་པོ་ཆ་པ་རུ་ཟུར་དང་ང་རང་གཉིས་ཐོག་མའི་ས་ཡིག་རྒྱག་མཁན་རེད་འདུག་ཅེས་ལག་པ་རེ་རེ་གཅོད་རྒྱུ་འཁོད་པར་ང་གཉིས་ཀྱི་ལག་པ་གཅོད་རྩིས་བྱེད་སྐབས་ཕ་བོང་ཁའི་བླ་མ་རིན་པོ་ཆེ་དང་། སེར་བྱེས་མཁན་པོ་ཐུབ་བསྟན་སྙིང་པོ་རྣམ་གཉིས་ནས་བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་ལ་ཞུ་སྐུལ་རོགས་རམ་ཤུགས་ཆེན་གནང་སྐབས་བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་ནས་ལག་པ་གཅོད་མ་དགོས་པ་བྱས་ཆོག་ཅེས་ཁས་ལེན་ཞུས་འདུག་པ་ལྟར་ང་གཉིས་ལས་ཞབས་ཆབས་ཅིག་གནས་དབྱུང་ཐོག་སླད་ལུང་ཤར་ནང་མི་རྒྱུད་ནས་ས་གནས་སྲིད་གཞུང་གི་དཔོན་རིགས་བྱས་མི་ཆོག་པའི་ཉེས་ཆད་བཏང་བྱུང་།

སྲིད་སྐྱོང་རྭ་སྒྲེང་།

སྲིད་སྐྱོང་རྭ་སྒྲེང་།

པྰ་ལགས་བཙོན་ཁང་ནས་བཞུགས་དུས་གསོལ་ཆས་སོགས་རང་ཁྱིམ་ནས་ཉིན་ལྟར་འབུལ་སྐབས་གསོལ་སྨན་དང་ཐུགས་མཁོ་ཙག་ཙིག་དགོས་རིགས་རྣམས་སྤྱན་ཤོར་རུང་ཚོད་བྲིས་གནང་བའི་ཕྱག་བྲིས་ཐུང་ཐུང་རེ་བསྐུར་གནང་གི་འདུག ཐེངས་གཅིག་ཕྱག་བྲིས་ནང་ཞོལ་ལས་ཁུངས་ཀྱི་བཙོན་ཁང་ཤོད་དེ་ས་ཕུག་ཡིན་སྟབས་འབུ་སྡིག་པ་ར་ཙ་མང་པོ་ཡོད་གཤིས། དེ་སྲུང་བྱེད་ཉལ་གུར་ཞིག་བསྐུར་དགོས་གསུངས་པ་ལྟར་ཕུལ་བས་གནོད་འབུ་འགོག་ཐུབ་བ་བྱུང་འདུག རྫ་རོང་ཕུའི་བླ་མ་སྐུ་གོང་མ་དེ་པྰ་ལགས་ཀྱིས་ཆོས་ཞུ་སའི་བླ་མ་ཡིན་གཤིས་ཁོང་ལ་འབུལ་རྒྱུའི་ཞུ་ཡིག་ཞིག་སྨན་པ་ཐུབ་བསྟན་ལགས་ཟེར་བ་འབྲི་རོགས་གསུངས་ཏེ་པྰ་ལགས་ནས་སྤོས་བྲིས་གནང་བ་དེའི་ནང་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་རྩོམ་ཡིག་ཚིགས་བཅད་མ་ཞིག་འདུག་པ་སྐབས་དེར་ང་རང་ནས་མཐོང་བྱུང་ཡང་། ལོ་མང་སོང་སྟབས་ཚིག་དོན་བྱིངས་ཕལ་ཆེར་བརྗེད་རུང་ད་ལྟ་བློ་ལ་ངེས་པ་ཚིག་ཁ་ཤས་གཤམ་གསལ།

སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།།

བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།།

དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།།

རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།།

ཆུ་ལྦུར་མིག་གཉིས་ས་ལ་དབྱུངས་ན་ཡང་།།

ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།།

མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ་།།

བཙོན་ཁང་མུན་ནང་འཇུག་པ་ཨེ་མ་འཚར།།

བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།།

འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།།

གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།།

རང་སྣང་འོད་གསལ་ཀློངས་ཡངས་ཕུག་པ་ནས།།

སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།།

རྡོ་རྗེ་ཚེ་རྒྱལ་ཞེས་པའི་ཕྱག་བཅས་ཕུལ།། ཞེས་སོགས་འཁོད་འདུག

དེ་རྗེས་ང་རང་སླར་ཡང་ཞབས་སྡོད་ཞུ་ཐུབ་པ་མ་ཟད་བཀའ་ཤག་ནང་བཀའ་མགྲོན་ཡང་བྱེད་ཐུབ་གཤིས། བཀའ་བློན་རྣམས་དང་འདྲིས་ཆེ་ཙམ་བྱུང་སྟབས་པྰ་ལགས་གློད་བཀྲོལ་ཡོང་ཐབས་སྐོར་བཀའ་ཤག་བརྒྱུད་སྙན་ཞུ་ཕུལ་ཐོག་རྭ་སྒྲེང་རིན་པོ་ཆེའི་སྐུ་མདུན་དུ་ངོ་བཅར་བདེ་སྡུག་ཞུས་པར་རྭ་སྒྲེང་རིན་པོ་ཆེ་ནས་གསུངས་དོན། ལུང་ཤར་འཛིན་བཟུང་བྱེད་སྐབས་ང་རང་ནས་འགོག་ཐབས་བྱས་རུང་བཀའ་བློན་ཁྲི་སྨོན་དང་གླང་མདུན་སོགས་ནས་མ་ཉན་སྟབས་བྱ་ཐབས་ཟད་སོང་། དེ་སྐབས་ངའི་བསམ་བློའི་ནང་ལུང་ཤར་ལ་གསང་བརྡ་ཞིག་གཏོང་རྒྱུ་བྱུང་ན་སྙམ་ཡང་ང་རང་ནི་ཕྱི་ལ་འགྲོ་ཐབས་མེད་པ་དང་མི་གཞན་ནི་དེ་བས་གཏོང་བློས་མི་བཟོད་པས་ཐབས་སྡུག་ཤིག་ཆགས་སོང་ཞེས་གསུངས་བྱུང་བར་མ་ཟད། གློད་བཀྲོལ་དོན་སྨིན་ཀྱང་གནང་རྐྱེན་པྰ་ལགས་ནང་དུ་ཕྱིར་ལོག་ཕེབས་ཐུབ་པ་བྱུང་། དེ་སྐབས་ང་ཚོས་འཚམ་འདྲི་ཞུས་ཏེ་སྤྱན་འབྲས་གཉིས་འདོན་སྐབས་སྐུ་ངལ་ཆེན་པོ་བྱུང་མེད་དམ་ཞུས་པར། མིག་འབྲས་གཉིས་འདོན་སྐབས་ཐོག་མར་གླང་ཆེན་སྨྱོན་པ་ཟེར་བའི་སྨན་ཞིག་སྟེར་བྱུང་བ་དང་། དེ་ནས་ཡ་ཁུང་གཡས་གཡོན་དུ་གཡག་གི་ཨ་ཆུག་རེ་རེ་བཞག་སྟེ་མགོ་བོ་ཐག་པས་དམ་པོ་བསྡམས་ནས་བཙིར་ཐོག་མིག་འབྲས་གཉིས་ཕྱིར་ཐོན་གྲབས་བྱེད་དུས་གྲི་བརྒྱབ་སྟེ་བཀོག་སོང་། ད་དུང་ཁྱོད་ཀྱི་བུ་གཉིས་ཀྱང་དེ་བཞིན་བཟོ་གི་ཡིན་ཟེར། རྗེས་སུ་བུ་གཉིས་ལ་སྐྱོན་ཆག་མེད་པ་གོ་ཐོས་བྱུང་བ་མ་ཟད། དེ་རིང་དངོས་སུ་ཐུག་པ་ནི་ཧ་ཅང་དགའ་པོ་བྱུང་། རང་རེར་གནས་ཚུལ་དེ་ལྟ་བུ་བྱུང་བ་ནི་ང་རང་ནས་ལས་འགུལ་དེར་ཐབས་ཤེས་གཟབ་ནན་ཞིག་མ་བྱུང་བའི་སྐྱོན་ཆ་ཡིན་པ་ལས་གཞན་ལ་འཁང་ར་བྱེད་རྒྱུ་མེད། དགྲ་བོར་སྡང་སེམས་འཁོན་འཛིན་ནི་དེ་བས་ཀྱང་བྱེད་རྒྱུ་ཡོད་པ་མ་རེད། དེ་ནི་ཕན་ཐོགས་མེད་པ་ཞིག་ཡིན། ང་རང་བཙོན་ལ་ལོ་བཞི་ཙམ་སྡོད་རིང་ཉིན་མཚན་མེད་པར་མ་ཎི་དུང་ཕྱུར་གཅིག་ལོངས་སོང་། དེ་ཡང་རྐྱེན་ངན་གྲོགས་ཤར་ཞིག་རེད་གསུང་གི་འདུག

ནོར་གླིང་སྐུ་སྲུང་མདའ་དམག

ནོར་གླིང་སྐུ་སྲུང་མདའ་དམག

སྐབས་དེར་སྤྱི་ཚོགས་ཀྱི་གླེང་ཕྱོགས་ནང་མཐོ་རིམ་མི་སྣ་ཁག་གཅིག་ནས་དེ་སྔོན་ཞིབ་འཕར་འབྲུ་རིགས་བཀལ་བར་འཁོན་འཛིན་གྱི་སྙིང་ཚིམ་པའི་རྣམ་འགྱུར་སྟོན་མཁན་ཡང་འདུག དཔོན་རིགས་མང་ཆེ་བ་ནི་བློ་ཕམ་པའི་རྣམ་པ་བྱེད། སྦྱིར་བཏང་མང་ཚོགས་ནི་བསམ་པ་བཟང་བས་མིག་འབྲས་བཀོག་པར་ཧ་ལས་པའི་ཅ་ཅོ་ལྡིར་བ་དང་། སྙིང་རྗེ་ལྟ་བུས་གསོལ་ཆས་སོགས་འབུལ་མཁན་ཡང་ཁ་ཤས་བྱུང་འདུག

པཱ་ལགས་ནང་ལ་ཕེབས་དུས་སྐུ་གཟུགས་བདེ་པོ་རང་མེད་སྟབས་ལོ་གཅིག་ཙམ་བཞུགས་རྗེས་བསྙུན་མནར་གྱིས་ཕྱི་ལོ་༡༩༤༠སྟེ་ལྕགས་འབྲུག་ལོར་སྐུ་གྲོངས།

ང་རང་ཞབས་སྡོད་ཞུ་ཞུབ་པ་དང་བཀའ་བློན་བྱས་རྗེས་བུ་སྤུན་གཞན་རྣམས་ཀྱང་ཞབས་སྡོད་ཞུ་ཐུབ་པ་སོགས་ཀྱི་སྐོར་རང་ཉིད་ཀྱི་ལོ་རྒྱུས་ནང་ཟུར་དུ་འབྲི་རྒྱུ་ཡིན།། །།

བརྗེད་ཐོ་འབྲི་མཁན་ལྷ་ཀླུ་ཚེ་དབང་རྡོ་རྗེ་ལགས་ནི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་བུ་དང་དེ་སྔའི་གཞུང་སའི་མདོ་སྤྱི་དང་བཀའ་བློན་སོཊ་ཀྱི་ལས་འཁུར་གནང་མྱོང་། བོད་ལྗོངས་བཅིངས་འགྲོལ་རྗེས་སུ་རང་སྐྱོང་ལྗོངས་ཀྱི་གཞུང་ཞབས་དྲག་གྲས་ཀྱི་སྐོར་སོཊ་ཡིན་ནོ།།