སྤྱི་ལོ་༡༩༣༣བོད་ཆུ་བྱ་ལོར་༸གོང་ས་མབཅུ་གསུམ་པ་མཆོག་སྐུ་གཤེགས་པའི་མཇུག སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལ་ཇུས་ཉེས་ཕོག་པ་དང་། རྭ་སྒྲེང་ལ་སྲིད་སྐྱོང་གསར་དུ་བསྐོས་ཤིང་། སྲིད་བློན་གུང་གླང་མདུན་ཀུན་དགའ་དབང་ཕྱུག་ཕྱག་རོགས་སུ་བཞག་པ་དང་། བཀའ་ཤག་ནང་བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་གང་ཅིའི་རྒྱུས་མངའི་བབས་བཅས་དབང་ཤུགས་ཆེ་ཙམ་ཡོད་པ། རྩིས་དཔོོན་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་ཡང་དབང་ཤུགས་སྐད་གྲགས་ཡོད་པ་བཅས་སླད་ཕྱིན་བོད་ས་གནས་སྲིད་གཞུང་གི་དབང་ཆ་འཛིན་ཕྱོགས་ཐད་ལ་ཡམ་ཡོམ་ཆེ་ཙམ་ཡོད་པ་རེད། ལོ་རྒྱུས་ཀྱི་གནས་ཚུལ་དེ་ལྟ་བུའི་འོག ༡༩༣༤ཤིང་ཁྱི་ལོར་རྩིས་དཔོན་ལུང་ཤར་བས་སྲིད་འགྱུར་བྱེད་རྒྱུའི་གསང་བའི་རྩ་འཛུགས་ཤིག་བཙུགས་ཡོད་འདུག་དེའི་ཁོངས་མི་ཕྱག་དཔེ་དོ་དམ་རྩེ་དྲུང་ཐུབ་བསྟན་དགེ་ལྡན་༼ ཡོངས་གྲགས་ཀྱི་མིང་དཀར་མེ་ཁང་གི་ཀོང་ཕྲུག་ཟེར ༽གྱིས་རྩེ་ཕོ་བྲང་དུ་ཉིན་ལྟར་དྲུང་ཇ་འཚོགས་པའི་བར་གསེང་གི་གོ་སྐབས་དང་བསྟུན་ནས་རྩེ་སྐོར་ལས་དཀྱུས་ཀྱི་ཁྲོད་དུ་གླེང་ཕྱོགས་སྤེལ་ནས། དེ་སྔའི་ལུང་བསྟན་ཞིག་ནང་མཆོད་རྟེན་མགོ་མེད་འོང་ཟེར་བ་ཡོད་པས་ད་ལྟ་རྒྱལ་དབང་བཅུ་གསུམ་པའི་གསེར་སྡོང་གསར་བཞེངས་གནང་མུས་མཇུག་འཁྱོངས་རྒྱུར་གེགས་བར་ཆེན་པོ་ཡོང་ཉེན་ཡོད་པ་རེད། དེར་བརྟེན་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་འཁྲུལ་བྲལ་གདན་ཞུ་ཐུབ་པ་དང་། བསྟན་སྲིད་ལ་ཉམས་ཆག་མེད་པར་ཡར་རྒྱས་གནས་ཐབས་སོགས་ཀྱི་ཆེད་ང་རང་ཚོ་གཞུང་གི་བཀའ་དྲིན་གྱིས་འཚོ་བ་ཡིན་སྟབས་གཞེན་སྐུལ་ཞུ་འོས་པ་ཡིན་ཚུལ་སོགས་སྐུལ་སློང་བྱས་པར་རྩེ་སྐོར་མི་མང་པོས་ཁོ་པ་ཚོ་གསང་བའི་རྩ་འཛུགས་ཡོད་པ་སོགས་ཤེས་ཀྱི་མེད་སྟབས་ལེགས་ཕྱོགས་གཞེན་སྐུལ་ཞུ་འོས་མོས་མཐུན་བྱེད་མཁན་རྣམས་རྩེ་དྲུང་ཀོང་ཕྲུག་གིས་དྲུང་ཇ་གྲོལ་མཚམས་རྩེ་སྐོར་མིགསུམ་རེ་བཞི་རེ་ཡས་མས་ཙམ་མཉམ་དུ་ཡོང་སྟེ་ཁོ་པའི་སྡོད་ཤག་གི་སྒོ་འགྲམ་དུ་འབྱོར་དུས་ནང་དུ་འཁྲིད་ནས་གཞེན་སྐུལ་ཞུ་རྒྱུ་ཟེར་བར་མོས་མཐུན་ཡོད་ན་གན་རྒྱ་ཞིག་ལ་མིང་རྟགས་འགོད་དུ་འཇུག་གི་ཡོད་འདུག

ཉིན་ཞིག་རྩེ་དྲུང་འཇམ་དབྱངས་སྨོན་ལམ་དང་། ང་གཉིས་དྲུང་ཇ་གྲོལ་ཏེ་ཕྱིར་ལོག་སྐབས་ཀོང་ཕྲུག་ཐུབ་བསྟན་དགེ་ལྡན་མཉམ་འཕེལ་གྱིས་ཁོ་པའི་སྡོད་ཤག་སྒོ་རྩར་སླེབས་སྐབས་ཤག་ལ་ཇ་འཐུང་བར་ཤོག་ཟེར་དོན་ང་གཉིས་ཁོ་པའི་སར་བསྐྱོད་སྐབས་ཁོ་པས། གསེར་སྡོང་གསར་བཞེངས་གེགས་མེད་ལྷུན་གྲུབ་ཡོང་བ་དང་། མཆོག་སྤྲུལ་ཡང་སྲིད་འཁྲུལ་བྲལ་གདན་ཞུ་ཐུབ་པ། བསྟན་སྲིད་མི་ཉམས་པའི་མཛད་ཕྱོགས་བཅས་གཞེན་སྐུལ་ཞུ་རྒྱུར་མཁན་ཆུང་། རྩེ་མགྲོན། ཤོད་མགྲོན། ལས་དཀྱུས་སོགས་རྩེ་དྲུང་མང་པོས་བྱང་རྟགས་བཀོད་པ་འདི་ལ་གཟིགས་ཏེ་མོས་མཐུན་ཡོད་ན་མིང་རྟགས་འགོད་རོགས་ཟེར་བ་ལྟར་གན་རྒྱར་བལྟས་པས་སྦུག་ཚིག་དང་། སོགས་སྒྲ་གང་ཡང་མི་འདུག་པས་ང་གཉིས་ནས་བློ་མོས་ཡོད་རུང་། དེ་རིང་ཐེའུ་རྩེ་འཁྱེར་མེད་པས་གནངས་གཞེས་ཞིག་ལ་མིང་རྟགས་འཛུགས་པར་ཡོང་རྒྱུ་བྱས་ཏེ་ཕྱིར་ལོག་ཐོག་རྩེ་དྲུང་འཇམ་དབྱངས་སྨོན་ལམ་དང་། ང་གཉིས་སྡོད་ཁང་ཁྲོམ་གཟིགས་ཁང་དུ་གཅིག་པར་བརྟེན་ཁོ་པའི་ཤག་ཏུ་ཕྱིན་ཏེ་གན་རྒྱར་ཚིག་སྐྱོན་སྦུགཚིག་གང་ཡང་མེད་པ་དང་། མཁན་ཆུང་། རྩེ་མགྲོན། ཤོད་མགྲོན། ལས་དཀྱུས་སོགས་མི་གྲངས་བཞི་བཅུ་ལྷག་ཙམ་གྱི་མིང་རྟགས་བཀོད་འདུག་པས་ང་གཉིས་ཀྱང་མིང་རྟགས་འགོད་པར་འགྲོ་རྒྱུའི་ནང་མོལ་བྱུང་། དེ་རྗེས་ཉིན་ཞིག་འཇམ་དབྱངས་སྨོན་ལམ་དང་ང་གཉིས་ཐེའུ་རྩེ་འཁྱེར་ཏེ་མིང་རྟགས་བཀོད་པ་ཡིན། རྗེས་སུ་གན་རྒྱར་མིང་རྟགས་བཀོད་པ་བཅས་ཁྱོན་བསྡོམས་རྩེ་དྲུང་བརྒྱད་ཅུ་ལྷག་ཙམ་འདུག ཉིན་ཞིག་ཀོང་ཕྲུག་ཐུབ་ཕྲུག་དགེ་ལྡན་ནས་གན་གསལ་རྣམས་ཀོང་ཕྲུག་ཁོ་པའི་ཤག་ཏུ་ཚོགས་འདུར་ཡོང་གྲོགས་ཞེས་གཅིག་ལ་གཅིག་བརྒྱུད་ཀྱི་ལན་འབྱོར་བྱུང་བས་རྩེ་དྲུང་རྣམས་རིམ་འབྱོར་ཁང་མིག་འབྲེལ་མཚུངས་གཉིས་དང་། སྒོ་རྭ། བར་འཁྱམས་བཅས་པར་མཉམ་ཚོགས་པར་ཀོང་ཕྲུག་ཐུབ་བསྟན་དགེ་ལྡན་ནས་བསྟན་སྲིད་སྤྱི་དོན་གྱི་གཞེན་སྐུལ་སྙན་ཞུ་འབུལ་རྒྱུར་འགྱུར་བ་ཡོད་མེད་དྲིས་སོང་བར་ཚང་མས་མགྲིན་དབྱངས་གཅིག་གྱུར་གྱི་གཞེན་སྐུལ་སྙན་ཞུ་འབུལ་རྐྱང་ཡིན་ཞེས་བཤད་སོང་། དེ་རྗེས་ཀོང་ཕྲུག་ནས་ང་རང་ཚོ་རྩེ་སྐོར་ནས་གཞེན་སྐུལ་ཞུ་རྒྱུ་ཤོད་སྐོར་ཁ་ཤས་ཀྱིས་མཁྱེན་ཏེ་སྒྲིག་འཛུགས་སུ་འཛུལ་རྒྱུ་གསུང་བ་གནངས་ཉིན་འདི་གར་ཕེབས་པ་ཡོད་པས་ཚང་མ་གནངས་ཉིན་ཕེབས་རོགས་ཞེས་བརྗོད་སྐབས། རྩེ་དྲུང་འགའ་ཤས་ནས་ང་ཚོའི་ནང་ཤོད་སྐོར་ཞུགས་ན་རྡོག་རྩ་གཅིག་སྒྲིལ་འཐོར་ཞིག་འགྲོ་ཉེན་ཡོད་པ་རེད་ཅེས་ལྐོག་ལབ་རྒྱག་མཁན་བྱུང་སོང་། དེའི་གནང་ཉིན་རྩེ་དྲུང་འཚོགས་སར་ཤོད་དྲུང་བཤེར་དཔང་རྒྱལ་མཁར་ནང་པ་དང་། ཤོད་དྲུང་སྨན་རི་བ། ཤོད་དྲུང་བྲག་མཐོན་པ། དེ་མིན་མི་གཅིག་བཅས་ཡོང་སྟེ་སྨན་རི་བས་ང་ཚོ་ཤོད་སྐོར་ནི་སྐྱེས་ཙམ་ནས་ས་བཟང་གདན་བཏིངས། ཁང་བཟང་མགོ་ལ་གྱོན་ཏེ་འཚོ་བའི་སྡུག་བསྔལ་མེད་པས་བསྟན་སྲིད་འདི་ཙམ་ཉག་ཕྲག་ཐུག་དུས་ང་ཚོས་རྐང་ལེན་བྱེད་དགོས་ཀྱང་རྩེ་སྐོར་ནས་གནང་བ་ཐུགས་རྗེ་ཆེ། ང་ཚོ་ཤོད་སྐོར་མི་ཉི་ཤུ་རྩ་གསུམ་ཡོད། དེ་རིང་མིང་ཞུ་གི་མིན། ང་ཚོ་བཞི་སྤྱི་འཐུས་སུ་བཅར་བ་ཡིན། སྲིད་གཞུང་གིས་གོ་གནས་བསྐོ་འཐེན་དྲང་པོ་རྩ་བ་ནས་མེད་པས་རྩ་རྩམ་ཤིང་རྩ་གཉིས། རྩམ་བཞེས། ཤིང་གཉེར་བཅས་གསུམ་གྱོང་གུད་ཡོད་པ་ཤོད་སྐོར་ཕ་གཞིས་ཡོད་པའི་ཁ་གཏད་རྩེ་དྲུང་གྲྭ་རྐྱང་ནས་གནང་མུས་དང་། ཆབ་སྲིད་ཀྱི་དབང་ཆ་འཛིན་མཁན་བཀའ་བློན་བཞིའི་ཁོངས་སུ་རྩེ་སྐོར་གཅིག་ལས་མེད་པ་སོགས་དྲང་པོ་མིན་པ་དངོས་ས་གསལ་འཕྲོད་ཡོད་པས་རྩེ་སྐོར་ལ་བཀའ་བློན་བླ་མ་གཅིག་འཕར་དུ་ཕུལ་ཏེ་རྩེ་ཤོད་བཀའ་བློན་གཉིས་རེ་གནང་རྒྱུ། ད་ལྟ་བཀའ་ཤག་ནང་བཀའ་བློན་ཁྲི་སྨོན་གྱི་དབང་ཤུགས་སུ་ཕྱིན་ཏེ་གང་ཅིའི་ཐད་དྲང་པོ་དྲང་བཞག་རྩ་བ་ནས་མེད་ལུགས་སྐད་ཆ་མང་པོ་བཤད་སོང་། རྩེ་དྲུང་བློ་བཟང་བཀྲ་ཤིས་༼བཙན་རྒོལ་སྐབས་ཀྱི་སྲིད་ཚབ༽ཀྱིས་ཤོད་སྐོར་རྣམ་པས་ང་ཚོ་རྩེ་སྐོར་ལ་བཀའ་བློན་བླ་མ་འཕར་མ་གཅིག་གནང་རྒྱུ་དེ་ནི་ཕྱེད་བརྒྱད་ཡིན་མིན་མི་ཤེས། འགྲོ་རྒྱུགས་བྱེད་མིན་མི་ཤེས་ཟེར་བའི་དཔེ་ལྟར་མ་ཟད། ང་ཚོ་རྩེ་དྲུང་འདིར་ཡོད་ནང་བཀའ་བློན་བླ་མ་འཇོན་མཁན་གཅིག་ཀྱང་མེད། བཀའ་བློན་བླ་མ་འཕར་མ་ཞུ་གི་མིན་ཐུགས་རྗེ་ཆེ། བཀའ་བློན་ཁྲི་སྨོན་དྲང་མི་དྲང་ང་ལ་ཞུ་རྒྱུ་མེད། གཞན་དག་རྣམ་པ་ཚོར་གསུང་རྒྱུ་ཨེ་ཡོད་ཅེས་བཤད་པར་རྩེ་དྲུང་མང་པོས་ང་ཚོ་གོ་གནས་བསྐོ་འཐེན་ཡིག་ཚངས་ནས་གནང་བས་བཀའ་ཤག་དང་འབྲེལ་བ་མེད། བཀའ་བློན་ཁྲི་སྨོན་པ་དྲང་མིན་ང་ཚོར་ཞུ་རྒྱུ་མེད། ཁྲི་སྨོན་གྱིས་མ་དྲང་བ་གནང་ཡོད་ན་ཤོད་སྐོར་ནས་ཟུར་དུ་སྙན་ཞུ་འབུལ་གྲོགས། ང་ཚོ་རྩེ་སྐོར་ཐེ་ཚོགས་བྱེད་ཀྱི་མིན་ཟེར་བ་སོགས་རྩོད་གླེང་འཁྲུག་པོ་མང་པོ་བྱས་སོང་། སྐབས་དེར་ང་རང་ནས་བཀའ་བློན་ཁྲི་སྨོན་གྱིས་དྲང་མིན་གནང་བའི་དབང་དུ་བཏང་ན་ཡང་། ཆོག་མཆན་ཐག་གཅོད་སྐྱབས་མགོན་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་གནང་བས་དགོངས་འགལ་དུ་གྱུར་ཏེ་རྒྱལ་ཚབ་དགོངས་པ་དགོས་ལུགས་བཀའ་ཕེབས་ཚེ་ང་ཚོས་ག་འདྲ་བྱེད་དམ་བཤད་པར་ཀོང་ཕྲུག་ཐུབ་བསྟན་དགེ་ལྡན་ནས་སྐྱབས་མགོན་རྒྱལ་ཚབ་རིན་པོ་ཆེར་ནང་སྙན་ཞུས་ཏེ་ཞལ་བཞེས་ཐོབ་ཡོད་པ་འདིར་བཤད་ན་ཕྱི་གྱར་མི་འབྱུང་བ་ཁྱེད་རང་ནས་ཁས་ལེན་ཐུབ་བམ་ཟེར་སྟབས་ཁས་ལེན་ཐུབ་དང་མི་ཐུབ་ལནའདེབས་མ་ཐུབ་པར་གདོང་པ་སྨད་ཕྲག་པ་གློད་དེ་མ་བསྡད་ཐུ་མེད་བྱུང་། ད་དུང་རྩེ་དྲུང་གཞན་དག་གིས་རྩོད་གླེང་མང་པོ་བྱས་མཐར་ཀོང་ཕྲུག་ཐུབ་བསྟན་དགེ་ལྡན་ནས་སྙན་ཞུ་འབུལ་དང་མི་འབུལ་རྩེ་དྲུང་བསྟན་པ་འཇམ་དབྱངས་ལ་དོ་ནུབ་ང་ཚོས་བཀའ་སློབ་ཞུས་ཏེ་སྙན་ཞུ་ཕུལ་གསུང་ན་འབུལ་རྐྱང་ཡིན་དྰ་ཟེར་སོང་། ཤོད་སྐོར་ནས་བཀའ་བློན་ཁྲི་སྨོན་དྲང་མིན་སྐོར་རྩེ་དྲུང་དང་འབྲེལ་བ་དེ་ཙམ་མེད་པའི་རྩོད་གླེང་ཛ་དྲག་རྣོ་ངར་ཅན་བྱུང་བ་དེས་བྱས་མཐར་གན་རྒྱ་ནང་གསལ་རྩེ་དྲུང་བརྒྱད་ཅུ་ལྷག་ཙམ་ནས་ཀོང་ཕྲུག་ཐུབ་བསྟན་དགེ་ལྡན་གྱི་རྗེས་རྒྱུགས་མི་བཅོ་ལྔ་སྐོར་ཚོ་ཁག་གཅིག་དང་། སྐད་ཆ་ཤོད་སྟངས་དང་རྣམ་འགྱུར་སྟོན་སྟངས་བཅས་དེ་ལ་ངོ་རྒོལ་བྱེད་མཁན་མི་བཞི་བཅུ་ཙམ་ཁག་གཅིག བར་གནས་སྡོད་མཁན་མི་སུམ་ཅུ་ཙམ་ཁག་གཅིག་བཅས་ལངས་ཕྱོགས་མི་འདྲ་བ་ཚོ་ཁག་གསུམ་དུ་གྱུར་ནས་གཅིག་གིས་གཅིག་ལ་དོགས་ཟོན་བྱེད་དགོས་པ་ཞིག་ཏུ་གྱུར་སོང་། དེ་རྗེས་ཚོགས་འདུར་ཀོང་ཕྲུག་ཐུབ་བསྟན་དགེ་ལྡན་ནས་རྩེ་དྲུང་བསྟན་པ་འཇམ་དབྱངས་སར་མདངས་དགོང་བཅར་ས་མ་བྱུང་བས་དོ་དགོང་བཅར་རྒྱུ་ཡིན་ན་སང་ཉིན་ཚོགས་འདུར་ཚང་མ་ཡོད་དགོས་བཤད་སོང་། ཕྱིར་འཐེན་བྱེད་པར་ཉེན་པ་ཧ་ཅང་ཆེ་བས་འགྲོ་སྡོད་གང་ཅིར་དོགས་ཟོན་གྱི་སྡོད་མུར་ལྷ་གཉེར་བློ་བཟང་བསྐལ་བཟང་དང་། རྩེ་དྲུང་གནས་ཆུང་ཐུབ་བསྟན་མཚན་ལེགས་གཉིས་ངའི་ཤག་ཏུ་ཡོང་སྟེ་ཕྱིར་འཐེན་བྱེད་མཁན་བློས་འཁེལ་མི་ལྔ་དྲུག་མ་བྱུང་ན་ཉེན་ཁ་ཧ་ཅང་ཆེ་བས་ང་རང་གསུམ་གྱི་ཐོག་སུ་དང་སུ་དགའ་ནང་གྲོས་ཀྱིས་ལྐོག་སྤན་རྩེ་འཇམ་དབྱངས་སྨོན་ལམ་དང་། རྩེ་དྲུང་ཐུབ་བསྟན་བྱང་ཆུབ་༼རྗེས་སུ་དྲུང་ཡིག་ཆེན་མོ་རྒྱ་མཚོ་བཀྲ་ཤིས་ཟེར༽ཡིག་སློབ་བློ་བཟང་ཚེ་དབང་གསུམ་གདན་ཞུ་བྱ་རྒྱུར་མོས་མཐུན་བྱུང་ཡང་། གློ་བུར་དགྲ་ཉེན་ཇི་ཡོང་མི་ཤེས་པས་ཤོ་སྦག་རྒྱག་ཁུལ་གྱིས་ང་ཚོ་མཉམ་ཚོགས་བྱས་དོན་ཚང་མ་ཕྱིར་འཐེན་བྱེད་རྒྱུར་གྲོས་མཐུན་ཐོག་སང་ཉིན་ཚོགས་འདུར་མི་ལྔ་ཁང་པ་དང་བར་འཁྱམས་ཁག་བགོས་ཀྱིས་བསྡད་དེ་ཀོང་ཕྲུག་ཅན་ཁོ་ཚོའི་ཕུགས་དོན་གར་ཐུག་བསྔོག་འདོན་ཐུབ་ཐབས་བྱ་རྒྱུ་དང་། བློ་བཟང་ཚེ་དབང་ཡིག་སློབ་ལོ་ན་ཆུང་སྟབས་དོགས་པ་བྱེད་པས་ཚོགས་ཁག་ཚང་མར་ཕྱིན་ནས་སྐད་ཆ་ཉན་རྒྱུ་བྱས།

དེའི་སང་ཉིན་ཚོགས་འདུར་ཚང་འཛོམས་བྱུང་མཚམས་ཀོང་ཕྲུག་ཐུབ་བསྟན་དགེ་ལྡན་ནས་མདངས་དགོང་རྩེ་དྲུང་བསྟན་པ་འཇམ་དབྱངས་ལ་བཀའ་སློབ་ཞུས་པར་སྙན་ཞུ་འབུལ་རྐྱང་བྱས་ན་འགྲིག་ཅེས་གསུང་བྱུང་། ང་ཚོས་བཟོས་པའི་སྙན་ཟིན་འདི་ཡིན་ཞེས་སྙན་ཟིན་ཀློག་སོང་བར། ༸གོང་ས་སྐྱབས་མགོན་བཅུ་གསུམ་པའི་གསེར་སྡོང་རིན་པོ་ཆེ་གསར་བཞེངས་གནང་མུས་གེགས་མེད་ལྷུན་གྲུབ་ཡོང་བ་དང་། མཆོག་སྤྲུལ་ཡང་སྲིད་རིན་པོ་ཆེ་མགྱོགས་མྱུར་འཁྲུལ་བྲལ་ངེས་རྙེད་གདན་ཞུ་ཐུབ་པ། བསྟན་སྲིད་མི་ཉམས་གོང་འཕེལ་ཡོང་བ་སོགས་ལས་སྦུག་ཚིག་མེད་པ་དང་། གཤམ་དུ་བཀའ་བློན་ཁྲི་སྨོན་པས་གང་ཅིའི་ཐད་འདྲ་དྲང་མ་བྱས་པའི་གནས་ལུགས་བཀོད་པ་སྒྲོག་སྦྱང་ཐོག་སྙན་ཞུ་འབུལ་མཁན་འཐུས་མི་ཤོད་སྐོར་ཁ་ཤས་དང་། རྩེ་དྲུང་བཅུ་སྐོར་ནང་ངག་དབང་བསམ་གཏན་དང་། ང་རང་གི་མིང་བཀོད་པ་སྒྲོག་སྦྱང་བྱས་སོང་། རྩེ་དྲུང་གཞན་དག་དང་། ང་ཚོ་ནང་གྲོས་བྱེད་མཁན་མི་ལྔས་ཁྲི་སྨོན་སྐོར་རྩོད་གླེང་གིས་ཁོ་ཚོའི་བསམ་ཕུགས་ལོན་ཐབས་ཀྱི་སྐད་ཆ་བཤད་ཀྱང་རྩ་དོན་ཤོད་ཀྱི་མི་འདུག སྙན་འབུལ་འཐུས་མི་ངག་དབང་བསམ་གཏན་དང་ཐུབ་བསྟན་བསྟན་དར་བློས་འགེལ་མི་ཐུབ་པས་འདི་གཉིས་བརྗོད་དགོས་ཞེས་མིང་སྟེང་ཨང་ཀི་རེ་བརྒྱབ་པ་ཡིག་སློབ་བློ་བཟང་ཚེ་དབང་གིས་མཐོང་འདུག

དེ་རྗེས་སྙན་འབུལ་འཐུས་མི་རྣམས་རྩེ་དྲུང་གླིང་ཁའི་གཤམ་རྐུན་མ་གླིང་ཁར་འཚོག་རྒྱུ་བྱས་པ་ཤེས་བྱུང་། ང་ཚོ་གོང་གསལ་མི་དྲག་ནང་གྲོས་ཀྱིས་ང་རང་རྐུན་མ་གླིང་ཁར་ཚོགས་འདུར་འགྲོ་རྒྱུ་བྱས། ཁོ་ཚོ་ལྔས་རྩེ་དྲུང་གླིང་ཁའི་ཡས་མས་སུ་བསྡད་དེ་མེ་མདའི་སྐད་སྒྲ་ཐོས་ན་བལྟ་བར་ཡོང་རྒྱུ་བྱས། ངས་ཤོག་སྒྲིལ་ཆུང་ཆུང་གཅིག་ནང་། ང་རང་དོ་དགོང་ལོག་མ་བྱུང་ན་རྐུན་མ་གླིང་ཁའི་ནང་རྩེ་དྲུང་། དྲུང་འཁོར་འདི་དང་འདི་ཡོད་པ་དེ་ཚོས་ལྐོག་གསོད་བྱས་པ་རེད་ན་ཡིག་ཚང་ལ་སྙན་གསེང་ཞུ་དགོས་ཞེས་བྲིས་ཏེ་སྡོང་ཤག་གི་སྣམ་བུའི་འོག་བཞག་པ་ཡིན། སྙན་འབུལ་འཐུས་མིའི་ནང་ལྕང་ཅན་བསོད་ནམས་རྒྱལ་པོ་སོགས་ཤོད་སྐོར་འགའ་ཤས་དང་། རྩེ་དྲུང་བཅུ་གྲངས་བཅས་འདུག་པ་ཅོ་སྒྲོས་མོལ་སྒྲོས་ལས་དོན་གནད་མ་བཤད་མ་མུར་གཡོག་པོ་གཅིག་ཡོང་སྟེ་ད་ཉིན་ཚོགས་འདུ་གནང་རྒྱུ་མིན་འདུག རྩེ་པོ་ཏ་ལ་ནས་སྲིད་བློན་གླང་མདུན་གྱིས་རྒྱང་ཤེལ་གཟིགས་ཀྱི་འདུག་པས་གྲོལ་ན་དགའ་ཞུས་ཤོག་གསུང་ཚུལ་ལན་བསྐྱལ་སོང་བར་ལྕང་ཅན་བསོད་ནམས་རྒྱལ་པོས་ད་བྱས་ན་གྲོལ་བ་དགའ་གི་རེད་ཅེས་ཁ་ཐོར་ཏེ་གླིང་གསེབ་ག་ས་ག་ནས་ལོག་སོང་། ངག་དབང་བསམ་གཏན་དང་། ང་རང་གཉིས་རྩེ་དྲུང་གླིང་ཁའི་ཐང་སྡེར་ལམ་ཆེན་ཐོག་ནས་ལོག་ཡོང་བ་ཡིན། ང་ཚོ་ནང་གྲས་ཡོད་པ་མི་ལྔའི་ཁོངས་ནས་ཐུབ་བསྟན་མཚན་ལེགས་དམག་སྒར་གསར་པའི་འགྲམ་ཐུག་འཕྲད་བྱུང་། གར་ཕེབས་དྲིས་པར་དམག་མི་གཅིག་རྩད་གཅོད་བྱེད་པར་ཡོང་ལུགས་ཟེར་བ་དང་། ལྷ་གཉེར་བློ་བཟང་སྐལ་བཟང་དང་ཐུབ་བསྟན་བྱང་ཆུབ་ཀླུ་སྒུག་རྒྱལ་སྒོའི་རྩར་འདུག་པ་གླིང་བསྐོར་ལ་འགྲོ་མཁན་ཡིན་ཟེར། བློ་བཟང་ཚེ་དབང་ཀླུ་སྒུག་ནོར་འཛིན་སྐྱིད་ཚལ་བརྒྱུད་སྔོན་ལ་འགྲོ་བ་མཐོང་བྱུང་། དེ་ནས་རང་ཤག་ཏུ་འབྱོར་མཚམས་ནང་གྲོས་ཡོད་པ་བློ་བཟང་བསྐལ་བཟང་སོགས་ང་རང་སྡོད་ཤག་ཏུ་སླེབས་བྱུང་བར་གནས་ལུགས་ཞིབ་ཕྲ་བཤད་པས་དེ་རིང་ཁོ་ཚོའི་ངན་གྲོས་གཏོར་ཐུབ་པས་འགྲིག་པ་རེད་ཟེར།

དེ་རྗེས་བཀའ་ཤག་ཏུ་སྙན་ཞུ་འབུལ་བར་འགྲོ་གི་རེད་ཟེར་དོན་འཐུས་མི་ཁོ་ཚོའི་རྗེས་སུ་བཀའ་ཤག་སྒོ་འགྲམ་དུ་བསྡད་པ་ཡིན། དེའི་མཚན་མོ་རྩ་གཉེར་ལས་སྦྲེལ་ཁྲི་སྨོན་སྲས་ཕྱག་མཛོད་དབང་འདུས་འགྱུར་མེད་སར་ཕྱིན་ཏེ་ཤོད་སྐོར་ནས་ས་དབང་ཆེ་མོས་དྲང་བོ་མ་གནང་བའི་ལོ་རྒྱུས་འཁོད་པའི་སྙན་ཞུ་དེ་རིང་བཀའ་ཤག་ཏུ་ཕུལ་སོང་ལུགས་སྔ་ཕྱིའི་གནས་ཚུལ་ཞིབ་ཕྲ་བཤད་དེ་ས་དབང་ཆེ་མོར་དོགས་ཟོན་ལྷོད་མེད་གནང་དགོས་ཞུ་གྲོགས་བཤད་པར། རིམ་བཞི་ཀ་ཤོད་པས་གསང་བརྡ་གནང་བྱུང་བས་པྰ་ལགས་ཁ་ཉིན་འབྲས་སྤུངས་ལ་ཕེབས་ཚར་སོང་། མི་གཞན་དག་གིས་སྙན་ཞུ་འབུལ་མཁན་གྲས་སུ་རྩ་གཉེར་ལས་སྤྲེལ་ལྷའུ་རྟ་ར་འདུག་ཟེར་བར་བདེན་པ་ཨེ་ཡིན་བསམ་བྱུང་ཟེར་བས་ངོ་ཚ་ཁ་སྐྱེངས་གདོང་བསྟན་མི་ནུས་ཙམ་དུ་གྱུར་པ་དང་། གསང་བརྡ་རྗེས་ལུས་ཞབས་འདྲེན་ཞུས་སོང་། དེ་ནས་ཉིན་ཤས་སོང་མཚམས་རྩིས་དཔོན་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་ཤོད་གཟིམ་འགག་ལ་བསྐོངས་འགུག་ཐོག་ལས་ཞབས་ཆབས་ཅིག་གནས་དབྱུང་གིས་དཔོན་ཆས་ཞྭ་གོས་ལྷམ་གསུམ་བཤུ་སྐབས་ལུང་ཤར་པས་ལྷམ་ནང་ནས་ཡི་གེ་ཞིག་བཏོན་ཏེ་ཁ་ལ་ཟས་པ་ཤོད་མགྲོན་གཟིམ་ནས་འགྲམ་པ་བཙིར་ནས་འདོན་ཐབས་བྱས་ཀྱང་ཁྱུར་མིད་བཏང་ཚར་བ་དང་། ལྷམ་ཡ་གཅིག་སྔོན་བཤེར་སྐབས་མཐུ་སྔགས་འཁོར་ལོའི་སྟེང་ཁྲི་སྨོན་ནོར་བུ་དབང་རྒྱལ་ནན་ཞེས་ཡོད་པ་རེད་ཅེས་ཡོང་གྲགས་བཤད་སོང་། ལུང་ཤར་བ་རྩེ་ཤར་ཆེན་ལྕོག་བཙོན་ཁང་དུ་བཅུག ལྕང་ཅན་བསོད་ནམས་རྒྱལ་པོ་དང་། རྒྱལ་མཁར་ནང་པ། སྨན་རི་བ། བྲག་མཐོན་པ། མིང་མི་དྲན་པའི་ཤོད་དྲུང་གཅིག སྐུ་སྲུང་རུ་དཔོན་ཆ་པ་སྲས་དབང་ཆེན་གཡུ་ལྷ། མཆོད་རྫས་དོ་དམ་རྩེ་དྲུང་མཁྱེན་རབ་ཆོས་འཕེལ། རྩེ་དྲུང་ཀོང་ཕྲུག་ཐུབ་བསྟན་དགེ་ལྡན་བཅས་འཛིན་བཟུང་བཙོན་འཇུག་ཐོག་རིམ་བཞི་ཀ་ཤོད་ཆོས་རྒྱལ་ཉི་མ་ཡང་ལས་ཞབས་གནས་དབྱུང་གིས་ཤར་ཆེན་ལྕོག་ཏུ་དོ་དམ་གནང་། གྱོད་དོན་ཞིབ་གཅོད་པ་མཁན་དྲུང་མཁྱེན་རབ་དབང་ཕྱུག་དང་། དམག་སྤྱི་སྣང་དཀར་བ། ལྷ་གཉེར་བདེ་མཁར་བ། རྩེ་དྲུང་བསྟན་པ་འཐམ་དབྱངས་བཅས་ཀྱིས་ལུང་ཤར་ལ་འདྲི་བརྩད་ཞུ་བ་བླངས་སྐབས་ངོས་ལེན་མི་ཞུ་བར་ཀ་ཤོད་ཆོས་རྒྱལ་ཉི་མས་གསང་གནད་རེ་རེ་བཞིན་གདོང་བཤེར་ར་སྦྲག་བཏང་བས་ལུང་ཤར་བ་ཕྲག་པ་གློད། མིག་ས་ལ་བལྟ་ཞིང་སྨྲ་བའི་ལྕེ་དྲུང་ནས་ཆད་པ་ལྟར་གྱུར་ནས་ནག་ཉེས་ངོས་ལེན་མ་ཞུས་རང་ཞུས་སུ་གྱུར་པ་རེད་ཅེས་གོ་ཐོས་བྱུང་། ལུང་ཤར་བའི་གསང་བའི་སྒྲིག་འཛུགས་ཀྱི་གན་རྒྱ་ཞིག་ཡོད་པ་རེད་ཅེས་ཡོངས་གྲགས་ཀྱང་། ནང་དོན་གང་ཡོད་ཤེས་རྟོགས་རྩ་བ་ནས་མ་བྱུང་། གོང་གསལ་རྩེ་དྲུང་གན་རྒྱ་འཇོག་མི་ཚང་མ་རྩེ་ཡིག་ཚང་དུ་འགུག་འབོད་ཀྱིས་གཞུང་གི་བཀའ་མེད་པར་རང་མཚམས་གན་རྒྱ་བཞག་སྟེ་ཟུར་ཚོགས་བྱས་པ་མ་འོས་པས་སོ་སོས་གང་བྱས་ཞུ་བ་འབུལ་དགོས་བཀའ་ཕེབས་ལྟར་མི་སོ་སོས་ཞུ་བ་བྲིས་ཕུལ་ལྟར་ང་རང་གིས་ཀྱང་ཕུལ་བ་ཡིན།

ལུང་ཤར་ཞིབ་གཅོད་པས་འཆར་གཞི་ཕུལ་བར་ལུང་ཤར་གྱི་མིག་འབྲས་གཉིས་འདོན་རྒྱུ་འཁོད་པ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དགེ་སློང་ལ་བརྟེན་ཉེས་པའི་ལྟུང་བ་འཕོག་རྒྱུར་སྲིད་བློན་ནས་ཆོག་མཆན་གནང་གྲོགས་གསུང་པ་ལྟར་སྲིད་བློན་གླང་མདུན་ཀུན་དགའ་དབང་ཕྱུག་ནས་ཆོག་འཆན་བཀོད་དེ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་གྱི་མིག་འབྲས་གཉིས་བཏོན་ཏེ་ཞོལ་བཙོན་ཁང་དུ་བཅུག ལྕང་ཅན་བསོད་ནམས་རྒྱལ་པོ་དང་། ཆ་པ་དབང་ཆེན་གཡུ་ལྷ། མཆོད་རྫས་དོ་དམ་མཁྱེན་རབ་ཆོས་འཕེལ་བཅས་ཀོང་པོ་ཁུལ་ཁྲལ་འཛིན་རྒྱང་འབུད་བཏང་། ཀོང་ཕྲུག་ཐུབ་བསྟན་དགེ་ལྡན་དང་། རྒྱལ་མཁར་ནང་པ། སྨན་རི་བ། བྲག་མཐོན་པ་སོགས་ཀྱང་རྒྱང་འབུད་དུ་བཏང་སོང་།

ཡིག་ཚངས་ལས་ཁུངས་ནས་ཀོང་ཕྲུག་སར་གན་རྒྱ་འཛུགས་མི་རྩེ་དྲུང་རྣམས་དབྱེ་འབྱེད་རྩ་ཞིབ་མ་གནང་བར་ཡངས་བཟོས་ཀྱིས་མཁན་ཆུང་སོ་སོར་ཉེས་པ་གསེར་སྲང་བཞི་རེ། རྩེ་མགྲོན་དང་། ཤོད་མགྲོན། ལས་ཚན་པ་སོ་སོར་ཉེས་པ་གསེར་སྲང་དོ་རེ། རྩེ་དྲུང་དཀྱུས་མ་སོ་སོར་ཉེས་པ་གསེར་སྲང་གང་རེ་བཅས་བཏང་སྟེ་ཐག་གཅོད་གནང་སོང་། ང་རང་སྐབས་དེར་རྩ་གཉེར་ལན་ཚན་པ་ཡིན་སྟབས་ཉེས་པ་གསེར་སྲང་དོ་འཁེལ་བྱུང་༼གསེར་སྲང་རེར་དངུལ་སྲང་དགུ་དང་ཞོལ་ལྔ་རེ་རྩིས་དངུལ་སྲང་བཅུ་དགུ་རེད༽།དངུལ་འབོར་ཆེན་པོ་མིན་ཡང་། རི་བོང་ཅལ་རྒྱུགས་ཀྱི་བཀའ་ཉེས་གསེར་སྲང་ཕོག་པའི་མིང་ཤས་དེ་སྤྱི་ཚོགས་རྙིང་པའི་ལོ་རྒྱུས་དེབ་ཐེར་ཐོག་འཁོད་པའི་མི་ཞིག་ཡིན།