ཐང་སྨད་བདུད་འདུལ་ཚེ་རིང་།

ལྷ་སར་ཆུ་ཤུགས་གློག་ཁང་ཐོག་མ་བཙུགས་པའི་སྐོར།

རང་རེའི་བོད་དུ་དེ་སྔོན་ཚན་རིག་གི་སྟེང་ནས་གློག་གི་རྩ་བའི་རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དམིགས་གསལ་མེད་མོད། འོན་ཀྱང་གློག་གི་ཐ་སྙད་དང་། འབྱུང་ཁུངས། ནུས་པ་ཇི་ཡོད་སོགས་ཚན་རིག་དང་མཐུན་པའི་རིག་གཞུང་གཏན་ནས་མེད་པ་མུན་འཐོམས་ལྟ་བུ་ཞིག་ནི་ནམ་ཡང་མ་ཡིན་ཏེ། འབྱུང་བ་དྲག་ཏུ་འཁྲུགས་ཏེ་ནམ་མཁར་སྤྲིན་ནག་གི་གསེབ་ནས་འོད་དཀར་འཁྱུག་པ་ལ་གློག་ཅེས་པའི་ཐ་སྙད་ཡོད་པ་མ་ཟད། དེའི་འབྱུང་ཁུངས་ཀྱང་འབྱུང་བ་ཚ་གྲང་འཐབ་པ་ལས། གཡུ་འབྲུག་སྔོན་མོའི་སྐད་ཅིག་གྲགས་ཞེས་ཚ་གྲང་འཐབ་པ་ལས་གློག་འོད་འཁྱུག་པ་དང་སྒྲ་གྲགས་པའི་རྒྱུ་མཚན་བཤད་སྲོལ་ཡོད་པ་དང་། དེ་བཞིན་ཆོས་ལུགས་ཀྱི་དཔེ་ཆའི་ནང་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་བཞིན་ཞེས་ཁབ་ལེན་གྱི་ནུས་པའི་ཁྱད་ཆོས་སོགས་ཚན་རིག་དང་ཡོངས་སུ་མཐུན་པ་དེ་དང་དེ་འདྲ་ཇི་སྙེད་ཅིག་བསྟན་ཡོད་པས་འགའ་ཞིག་གིས་བོད་ཀྱི་རིག་གཞུང་ལ་ཚན་རིག་ཡོད་པ་མ་རེད་ཅེས་པའི་བཤད་ཚུལ་དེ་རིགས་ནི་རང་ཉིད་ཐོས་རྒྱ་ཆུང་བའམ། གོ་སྟོབས་ཞན་པའི་དབང་གིས་བབ་ཅོལ་གྱིས་གཏམ་འབའ་ཞིག་ཏུ་ཟད་པ་ལས། བོད་ཀྱི་རིག་གཞུང་ལ་ཚན་རིག་གཏན་ནས་མེད་པ་ནི་མ་ཡིན་ནོ།།

གློག་བཞུ་མ་དར་བའི་གོང་དུ་འཛམ་གླིང་འདི་མིའི་འགྲོ་བ་སྤྱི་དང་མཚུངས་པར་བོད་འདིར་ཡང་མཚན་མོ་གསལ་བྱེད་ཀྱི་སྒྲོན་མེ་ནི་སྐབས་དེ་དང་དེའི་ཆ་རྐྱེན་ལ་གཞིགས་ཏེ་རྫ་དང་། ཟངས་རག ལྕགས་བཅས་ལས་བཟོས་པའི་ཡོ་ཆས་ནང་སྣུམ་ཚིལ་གྱི་བཞུ་མར་དང་། ཤིང་ནགས་ཡོད་པའི་རོང་གི་ས་ཁུལ་ཏུ་སྒྲོན་མེ་ཤིང་ཞེས་ཐང་ཤིང་གི་ཤིང་ཙག་ལ་མེ་སྦར་ཏེ་བཞུ་མར་དུ་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། དེ་རྗེས་ཕྱི་ལོ་1903ལོར་བཤད་སྒྲ་བློན་ཆེན་རྒྱ་གར་རྡོ་རྗེ་གླིང་<大吉岭>དུ་དབྱིན་བོད་གཉིས་ཀྱི་དབར་ཚོང་དོན་དང་འགྲིམ་འགྲུལ། སྦྲགས་ཏར་<邮电通讯>སོགས་འཛུགས་ཕྱོགས་སྐོར་ཆིངས་ཡིག་འཇོག་པར་སྐུ་ཚབ་ཏུ་ཕེབས་རྗེས་རྒྱ་གར་དང་བོད་གཉིས་བར་གྱི་ཚོང་ལམ་འགྲིམ་འགྲུལ་སྒོ་ཕྱེ་སྟེ་བོད་ཀྱི་ཚོང་རྒྱ་གར་དུ་ཚོང་ཟོག་སྒྲུབ་པར་བསྐྱོད་མཁན་ཚོས་ལྷ་སར་ཡང་ལྭ་<洋蜡>ཞེས་པའི་བཞུ་མར་འཁྱེར་ཡོང་བར་བརྟེན་སྐུ་དྲག་དང་། ཚོང་པ་ཆེ་ཁག་ཉུང་ཤས་ཤིག་གིས་ཐུགས་སྤྲོ་གཏོང་སྐབས་བེད་སྤྱོད་བཏང་བར་མཐོང་ཆེན་དང་དགའ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། དེ་རྗེས་རྒྱ་གར་དང་། བོད་དབར་ཚོང་འགྲུལ་ཇེ་རྒྱས་ཇེ་འཕེལ་དུ་གྱུར་སྟབས་ས་བཞུ་ཞེས་པ་ཕུ་མདའ་ཅན་གྱི་ས་སྣུམ་གྱི་བཞུ་མར་དཔེ་གསར་ཧ་ཅང་གསལ་པོ་ཡོད་པ་ཞིག་དང་། དེ་མིན་ཕུ་མདའ་མེད་པའི་ས་བཞུ་ཆེ་ཆུང་སྣ་ཚོགས་དར་བར་བརྟེན་ཁྱིམ་ཚང་འཁོས་ཀ་ཡོད་མཁན་མང་ཆེ་བས་བཞུ་མར་དེ་རིགས་བེད་སྤྱོད་བྱས་ཏེ་དེ་སྔའི་སྣུམ་ཚིལ་གྱི་བཞུ་མར་བེད་སྤྱོད་གཏོང་མཁན་ཇེ་ཉུང་དུ་ཕྱིན་པ་རེད།

དེ་ནས་ཕྱི་ལོ་1911ལོར་རྒྱའི་ལུའུ་ཅུན་དམག་<川军侵藏>བོད་དུ་ལྷགས་འབྱོར་སྐབས་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཕོ་བྲང་པོ་ཏྰ་ལར་བཞུགས་བློས་མ་བཟོད་པར་ཆིབས་བསྐྱོད་ཀྱིས་རྒྱ་གར་ས་ཁོངས་རྡོར་གླིང་<大吉岭>དུ་ཕེབས་ཏེ་ལོ་ཤས་བཞུགས་རིང་ཕྱི་འབྲེལ་གྱི་སྲིད་ཇུས་དང་། དཔལ་འབྱོར། རིག་སློབ། དམག་དོན་སོགས་ཀྱི་སྐོར་ཐབས་ཇུས་འདྲི་གནང་མཛད་ཡུལ་གཙོ་བོ་ལོ་རྒྱུས་ཐོག་བཀོད་པ་ལྟར་དབྱིན་ཇིའི་སྐུ་ཚབ་བློན་ཆེན་ཅལ་སེ་སྤེལ<大英帝国驻西藏代表查尔斯贝尔爵士>ཞེས་པ་དེ་ཡིན་པ་དང་། ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཉིད་ཀྱང་མཁྱེན་པའི་དཔལ་ཡོན་བླ་ན་མ་མཆིས་པར་བརྟེན་སྐབས་དེར་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་འཕེལ་ཕྱོགས་ཐུགས་སུ་ཆུད་སྐབས་བོད་ལྗོངས་འདིར་ཡང་དུས་བསྟུན་ཡར་རྒྱས་ངེས་པར་གཏོང་དགོས་ཤིང་། དེ་ཡང་འགག་རྩ་ལྟེ་བ་ནི་ཚན་རིག་གི་ཤེས་ཡོན་ཡར་རྒྱས་གཏོང་དགོས་ངེས་གཟིགས་ནས་དབྱིན་ཇིའི་སྐུ་ཚབ་བློན་ཆེན་སྦེལ་<贝尔爵士>ལགས་ལ་བོད་ཕྲུག་འགའ་ཤས་དབྱིན་ཡུལ་དུ་སློབ་གྲྭར་བཏང་འཐུས་ཆོག་པའི་བཀའ་མོལ་གནང་བར་ཁོང་ནས་ཀྱང་ཁས་ལེན་ཞུས་པར་བརྟེན་ཕྱི་ལོ་1913ལོར་སྐུ་དྲག་གི་བུ་ཕྲུག་གི་ཁོངས་ནས་ཤེས་རིག་སྦྱང་བ་དང་། ལོ་ན་གཞོན་པ་ཁ་ཤས་འདེམས་སྒྲུག་གནང་ཁོངས་སྨོན་གྲོང་མཁྱེན་རབ་ཀུན་བཟང་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེ། སྐྱིད་སྦུག་པ་དབང་འདུས་ནོར་བུ། སྒོག་མཁར་བ་བསོད་ནམས་མགོན་པོ་བཅས་མི་བཞི་ཐུགས་གཏན་འཁེལ་ཏེ་སྐྱེལ་སྒྲོལ་འགོ་གཙོ་རིམ་བཞི་ལུང་ཤར་བར་བསྐོ་བཞག་དང་བཅས་གཏོང་གནང་མཛད་དོན་ཁོང་ཚོ་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་དུ་<伦敦>འབྱོར་སྐབས་དམིགས་བསལ་གྱི་སྣེ་ལེན་ཐོབ་པ་མ་ཟད། སྐད་གྲགས་ཡོད་པའི་རག་སྦིའི་སློབ་གྲྭ་ཆེན་མོར་< Rugby school >སློབ་གཉེར་བྱས་འཐུས་ཆོག་པ་བྱུང་ཞིང་། སྐབས་དེར་སྐད་སྒྱུར་ནི་དབྱིན་ཇིའི་ལས་བྱེད་པ་བོད་མི་ཤར་བ་ཡིན་པ་ལེགས་ལྡན་ས་ཧེབ་ནས་བྱས་འདུག ཏྰ་ལའི་བླ་མའི་བཀའ་མངགས་ལྟར་སློབ་ཕྲུག་ལྟར་སློབ་ཕྲུག་རྣམས་ལ་ཆེད་ལས་ཡོན་ཏན་སྣེ་རེ་བསླབས་པ་སྟེ། སྨོན་གྲོང་མཁྱེན་རབ་ཀུན་བཟང་ལ་ས་གཤིས་གཏེར་ལས་<矿业>སྐོར་དང་། བྱང་ངོས་པ་རིག་འཛིན་རྡོ་རྗེར་གློག་ལས་<电业>ཀྱི་སྐོར། སྐྱིད་སྦུག་པ་དབང་འདུས་ནོར་བུར་སྦྲགས་ཏར་<邮政通讯>གཏོང་ལེན། སྒོག་མཁར་བ་བསོད་ནམས་མགོན་པོར་དམག་རྩེད་སྤྱོང་བརྡར་<军事典操>བཅས་ཀྱི་ཤེས་ཡོན་སློབ་སྦྱོང་བྱས་པ་རེད། ཕྱི་ལོ་1921ཙམ་ལ་ཁོང་ཚོ་ཚང་མ་སློབ་གྲྭ་ཐོན་ཏེ་བོད་དུ་ཕྱིར་ལོག་ཡོང་ཞིང་ད་ལམ་སྐབས་དོན་བོད་དུ་གློག་འཕྲུལ་ཐོག་མའི་བྱུང་ཚུལ་སྐོར་ནི་བཀའ་ཤག་སྲིད་གཞུང་ནས་སྔོན་མངགས་ཡོད་པ་དབྱིན་ཇིའི་འཕྲུལ་འཁོར་བཟོ་གྲྭ་ལྗིའི། ཨིའི། སིའི།<G,E,C >ཞེས་པ་ནས་གློག་འདོན་འཕྲུལ་འཁོར་རྟ་ཤུགས་<马力>125ཅན་ཆ་ཚང་ཞིག་དང་། དངུལ་པར་ཡོ་ཆས་འཕྲུལ་འཁོར<铸币器>གཅིག དེ་མིན་བཟོ་ལས་འཕྲུལ་འཁོར་འགའ་ཤས་བཅས་རྒྱ་གར་དང་། འབྲས་ལྗོངས་<锡金>བརྒྱུད་བོད་སར་འདོན་འདྲེན་བྱ་རྒྱུར་རྒྱུས་མངའི་བབས་དང་བཅས་བྱང་ངོས་པ་རིག་འཛིན་རྡོ་རྗེ་གཏོང་གནང་མཛད་དེ་ཕྱི་ལོ་1924ཙམ་ལ་གློག་ཆས་རྣམས་ལྷ་སར་འདོན་འདྲེན་མཇུག་འགྲིལ་ཐུབ་པ་བྱུང་བ་རེད། སྐབས་དེར་ཕྲན་རང་སྒང་ཐོག་དབྱིན་ཇིའི་སློབ་གྲྭ་འབྲིང་བར་སློབ་སྦྱོང་བྱེད་མུས་ལ་བརྟེན་ཐོག་མར་དོག་བདེ་གློག་ཁང་ལོ་ཁམས་ཇི་ཙམ་ལ་འཛུགས་སྐྲུན་བྱས་མིན་ཤོད་རྒྱུ་མེད་ཀྱང་ལག་རྩལ་བཟོ་པ་རྒན་གྲས་ཀྱི་ངག་རྒྱུན་ལྟར་ན་ཕྱི་ལོ་1925ཙམ་ལ་བྱང་ངོས་པ་རིག་འཛིན་རྡོ་རྗེས་འགོ་ཁྲིད་བྱེད་པའི་འོག་བོད་རིགས་ལག་རྩལ་བཟོ་པ་མི་གྲངས་བཅུ་སྐོར་དང་། རྡོ་ཤིང་ཨར་འུལ་མི་གྲངས་ལྔ་བཅུ་སྐོར་བཅས་ཀྱིས་ཨར་ལས་འགོ་བཙུགས་ཏེ་བོད་ཀྱི་ཁང་དབྱིབས་ཀྱི་གློག་ཁང་ཀ་བ་བཞི་ཙམ་ཡོད་པ་ཞིག་གསར་རྒྱག་བྱས་ཏེ་ཕྱི་ལོ་1927ཙམ་ལ་ཐོན་སྐྱེད་དངོས་སུ་བྱེད་ཐུབ་པ་བྱུང་འདུག བར་ལམ་དུས་དེབ་འགའ་ཤས་ནས་བོད་ཀྱི་གློག་ཁང་ཐོག་མ་དེ་ཕྱི་རྒྱལ་པས་འཛུགས་སྐྲུན་བྱས་པ་ཞིག་རེད་ཟེར་བ་དེ་ནི་མ་གོ་མ་ཚོད་ཀྱི་བརྗོད་གཏམ་ཁོ་ན་རེད། དེ་རྗེས་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་<十三世达赖喇嘛近侍>ལགས་ཀྱི་འགོ་ཁྲིད་འོག་གྲྭ་བཞིའི་ཐང་དུ་ལྕགས་རི་རྒྱ་ཁྱོན་ཆེ་ཙམ་ཞིག་བསྐོར་རྒྱག་བྱས་ཐོག་དེའི་ནང་ལྟེ་བའི་ལས་ཁུངས་ཚུགས་ཡུལ་ཐོག་རྩེག་གཉིས་ཀྱི་ཁང་ཁུངས་དང་། མཛོད་ཁང་། ལས་ཤག་དངུལ་པར་འཁོར་ལོ་འཛུགས་ཡུལ་བཟོ་གྲྭ་ཡས་མས་གཉིས། ལྕགས་རིའི་མཐའ་སྐོར་དུ་བཟོ་པའི་སྡོད་ཁང་སོགས་གསར་རྒྱག་བྱས་པ་དང་། ཕྱི་ལོ་1931བོད་ལྕགས་ལུག་ཟླ་11ཚེས་18ཉིན་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྐུ་དངོས་ཆེད་ཕེབས་ཀྱིས་འཛུབ་སྟོན་གཟབ་རྒྱས་མཛད་ཐོག་ལས་ཁུངས་ཀྱི་མིང་ལ་གྲྭ་བཞི་གློག་འཕྲུལ་ཁང་ངོ་མཚར་མཐའ་ཀླས་རིག་འཕྲུལ་གཏེར་མཛོད་<此厂后成为近代西藏第一个工业中心>ཅེས་ཕྱག་བསྟར་མའི་མིང་བྱང་དང་ལས་ཁུངས་ཀྱི་དོ་དམ་ཛ་སག་ཚ་རོང་པ་ཟླ་བཟང་དགྲ་འདུལ་དང་། སྐུ་བཅར་ཐུབ་བསྟན་ཀུན་འཕེལ་གཉིས་ལ་བསྐོ་བཞག་བསྩལ་ཐོག་རྩིས་དཔོན་གཅིག་དང་། དེ་མིན་ལས་བྱ་མི་གྲངས་བཅུ་སྐོར་བསྐོ་བཞག་མཛད་དེ་བཟོ་གྲྭ་དེའི་གཙོ་བོའི་ལས་འགན་ནི་སྲིད་གཞུང་གི་དགོས་མཁོ་ལྟར་དངུལ་གྱི་སྒོར་མོ་<银币>དང་། ཟངས་ཊམ།<铜币> ཤོག་དངུལ་<纸币>སོགས་ཀྱི་པར་འདེབས་བྱེད་རྒྱུ་ཡིན་པ་དང་། དེ་སྐབས་དབྱིན་ཇིའི་མེ་མདའ་ཁ་ཐུང་མ་<英制莱复抢>དཔེར་བལྟས་ནས་འཕྲུལ་མདའ་བཟོ་སྐྲུན་བྱེད་རྒྱུའི་ཚོད་ལྟ་བྱས་འདུག་ཀྱང་ལག་རྩལ་གྱིས་མ་འདང་པས་དངོས་སུ་འཕེན་སྐབས་མདེའུ་འགག་ཐོགས་ཀྱིས་ཤད་འགྲོ་མ་ཐུབ་པར་བཅོས་ཐབས་མ་རྙེད་ནས་བཟོ་རྒྱུ་མཚམས་འཇོག་བྱས་འདུག གྲྭ་བཞི་ལས་ཁུངས་དེ་བཞིན་སྲིད་གཞུང་གི་ནོར་སྲིད་དངུལ་རྩའི་ལས་ཁུངས་<政府财政预算处>ཞིག་ཏུ་གྱུར་པར་བརྟེན་གཞུང་གི་འགྲོ་སོང་དངུལ་འབབ་དགོས་རིགས་ཚང་མ་གྲྭ་ལས་ནས་འགན་ལེན་གྱིས་གཏོང་དགོས་པ་རེད། ཕྱི་ལོ་1935ཙམ་ལ་བྱང་ངོས་པ་རིག་འཛིན་རྡོ་རྗེས་དོག་སྡེ་གློག་ཁང་ནས་ལྕགས་སྐུད་འཁྲིད་དེ་ལྷ་ས་རྗེ་འབུམ་སྒང་དུ་གློག་ཁང་བབས་ཚུགས་ཆུང་ངུ་ཞིག་གསར་འཛུགས་བྱས་ཐོག་གཙུག་ལག་ཁང་དང་། བར་བསྐོར་གྱི་གློག་སྐུད་ཁྲིད་ཡུལ་འབྲེལ་མཚུངས་སྐུ་དྲག་དང་། ཚོང་རིགས། མང་ཚོགས་གང་འཚམས་ཀྱི་ཁྱིམ་དུ་གློག་རིན་སྣེ་སེལ་སྤྲོད་རྒྱུར་གློག་བཏང་འདུག

རང་ཉིད་དེ་སྔོན་སྒེར་གྱིས་སློབ་གྲོན་བཏང་སྟེ་རྒྱ་གར་རྡོ་རྗེ་གླིང་<大吉岭>གི་དབྱིན་ཇིའི་སློབ་གྲྭ་ཆེ་བ་ཐོན་ནས་ཕྱི་ལོ་1931ལོར་བོད་དུ་ཕྱིར་ལོག་བྱས་རྗེས་སླར་ཡང་ཕྱི་ལོ་1933ལོར་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་རྒྱ་གར་དུ་གློག་ལས་སློབ་སྦྱོང་བྱེད་པར་གཏོང་གནང་བྱུང་བ་ལྟར་རྒྱ་གར་ཀ་ཏའི་<加尔各答>གློག་གི་ཆེད་ལས་སློབ་གྲྭ་ཆེ་མོར་ཞུགས་སྐབས་ས་ཆུ་མི་འཕྲོད་པའི་དཀའ་ངལ་ཅི་བྱུང་ཡང་སློབ་སྦྱོང་བྱེད་མི་རང་ཉིད་གཅིག་པུ་ལས་མེད་སྟབས་དགོངས་ཞུས་ཕྱིར་ལོག་བྱ་ཐབས་བྲལ་ཏེ་དཀའ་ངལ་འཁུར་བཟོད་ཀྱིས་ལོ་ཤས་སློབ་སྦྱོང་བྱས་པ་ཡིན། ཕྱི་ལོ་༡༩༤༥ལོར་དེ་སྔོན་གློག་ཁང་དོ་དམ་རིམ་བཞི་བྱང་ངོས་པ་རིག་འཛིན་རྡོ་རྗེ་འདས་རྗེས་ང་རང་ལྷ་གཉེར་ལས་ཚན་ཐང་སྨད་པ་གློག་ཁང་དོ་དམ་དུ་བསྐོ་བཞག་གནང་བ་ལྟར་ལས་འཁུར་རྩིས་ལེན་གྱིས་ལས་ཀའི་བྱ་རིམ་ནང་དཀའ་ངལ་སྣེ་མང་ཐུག་པ་ནི། དོག་སྡེ་གློག་ཁང་རྙིང་པའི་མ་འཁོར་<主机>དེ་བཞིན་དུས་རབས་བཅུ་དགུ་པའི་ལོ་རབས་ཉི་ཤུའི་སྐབས་ཀྱི་ཐོན་དངོས་རྙིང་བ་ཞིག་ཡིན་ཁར། དུས་ཡུན་རིང་པོའི་བར་སོར་ལེན་འཁོར་ལོ་<齿轮>གཞན་དག་མེད་པར་གཅིག་པུ་དེ་རང་ཉིན་མཚན་ཁོར་ཡུག་ཏུ་བེད་སྤྱོད་བཏང་བར་བརྟེན་བསྐུལ་ཟད་ཧ་ཅང་ཆེ་བར་གྱུར་ཏེ་གློག་ཤུགས་ཀྱང་བཞི་ཆ་གསུམ་ལྷག་ཙམ་ལས་འདོན་སྤེལ་མ་ཐུབ་པ་དེ་ཡང་བཟོ་བཅོས་ཡང་ཡང་རྒྱག་དགོས་སྐབས་སུ་གློག་ཁང་དོ་དམ་པ་ནས་འཕྲུལ་འཁོར་བསྐུལ་ཟད་ཆེ་བ་དང་། རྒྱུ་ཆའི་མཐུན་རྐྱེན། བཟོ་པའི་ལག་རྩལ་ཞན་པ་སོགས་ཀྱི་གནས་ཚུལ་རྟོག་ཞིབ་མེད་པར་གློག་འདོན་འཐུས་ཚང་ཡོང་མིན་ཞེས་བསྙོན་བཙུགས་ཁ་རྡུང་རྒྱུན་དུ་གཏོང་མུས་ཀྱང་། རང་གི་ལས་འགན་ལ་སོང་ཆུས་འཁྱེར་ཡང་རྐྱལ་ཡིན་བསམ་སྟེ་གློག་འདོན་ལེ་གང་འགྲིག་ཡོང་ཐབས་ཧུར་བརྩོན་གང་ཡོང་བྱས་པ་ཡིན། དེ་ལོའི་ཟླ་11པའི་ནང་ཕྲན་གྱི་བཟའ་ཟླ་ནད་མནར་ཛ་དྲག་ལ་ཐུག་སྟེ་བཀའ་ཤག་ལ་དགོངས་ཞུས་ཀྱིས་རྒྱ་གར་ཀ་ཏར་<加尔各答>བཤགས་བཅོས་བྱེད་པར་བསྐྱོད་ནས་ཕྱི་ལོ་1946ལོའི་ཟླ་5པའི་ནང་ཕྱིར་ལོག་བྱས་པ་དེ་སྐབས་གློག་ཁང་གི་བཟོ་པ་རྣམས་ནས་བརྗོད་གསལ་བར་ལམ་དེར་ང་ཚོས་གློག་ཁང་གི་ལས་འགན་སྔར་བཞིན་ཞུ་མུས་ཐོག གྲྭ་ལས་དོ་དམ་ཛ་སག་ཚ་རོང་པ་ཟླ་བཟང་དགྲ་འདུལ་དང་། མཁན་དྲུང་ཏྰ་བླ་མ་ཐུབ་བསྟན་ནོར་བཟང་ཟུང་གིས་འབྲས་ལྗོངས་སྒང་ཐོག་<锡金钢托克城>ནས་ཨུ་རུ་སུ་དཀར་པོ་ནའི་སེ་ལབ་<白俄罗斯人>ཟེར་བ་གློག་གི་ཤེས་ཡོན་རོབ་ཙམ་ཡོད་པ་ཞིག་གླ་གླས་ཀྱིས་ལྷ་སར་སྐད་བཏང་སྟེ་དོག་སྡེའི་གློག་འཁོར་རྙིང་པར་བཟོ་བཅོས་བྱེད་ཐུབ་ཀྱི་ཡོད་མེད་བརྟག་དཔྱད་བྱ་རོགས་ཞེས་མངགས་པར་ཁོ་པས་ཟླ་གཉིས་ཙམ་རིང་འཁོར་ལོར་བཟོ་བཅོས་ཁྲག་འཁྲུགས་མང་ཙམ་ཞིག་བྱས་མཐར་གྲུབ་འབྲས་སྣེ་གཅིག་མ་ཐོན་སྟབས་གྲྭ་ལས་སུ་སྙན་སེང་ཞུས་དོན། གློག་འཁོར་དེ་བཞིན་ལོ་ཚད་ནས་ཆེས་ཆེར་བརྒལ་ཟིན་ཁར་བསྐུལ་ཟད་ཆེ་བས་བཟོ་བཅོས་བྱ་ཐབས་རེ་བ་བྱ་ཡུལ་མི་འདུག་པས་ཕུགས་ཡུལ་གློག་ཁང་གསར་པ་ཞིག་འཛུགས་བསྐྲུན་བྱ་ཐུབ་ཚེ་ཡག་ཤས་རེད་ཅེས་བཤད་ནས་ཕྱིར་ལོག་བྱས་སོང་བ་ཁོ་པ་དོག་སྡེའི་གློག་ཁང་དུ་<多地电站>སྡོད་རིང་སྤྱོད་ཚུལ་ཧ་ཅང་མི་ལེགས་པ་དང་། སྔར་ཡོད་གློག་ཁང་གི་ལག་ཆ་གནད་ཆེའི་རིགས་སྦས་སྐུངས་རྐུ་འཁྱེར་བྱས་འདུག་ཀྱང་རྩད་གཅོད་བྱ་མཁན་བྱུང་མ་སོང་ཞེས་བརྗོད་འདུག་པ་ལྟར་དེ་ལོ་ཀ་ཏ་ནས་ཕྲན་ཡར་མ་ལོག་གོང་ཀ་ཏའི་<加尔各答>ལྕགས་ཆས་ཚོང་ཁང་ཀྲིའི། ཨིའི། ཐོམ་སོན<T,E Thomison>ཟེར་བའི་ནང་ཨུ་རུ་སུ་ནའི་སེ་ལབ་ཟེར་བས་བོད་ནས་བརྐུས་འཁྱེར་པའི་དངོས་པོ་རྣམས་ཚོང་རྒྱུར་བཞག་ཡོད་པའི་སྐད་གྲགས་ཆེ་ཙམ་གོ་ཐོས་བྱུང་བ་རྩེ་མཐུན་བྱུང་སོང་།

དེ་རྗེས་སྲིད་གཞུང་གི་འགྲོ་སོང་ལོ་རེ་ལས་ལོ་རེར་ཇེ་འཕར་དུ་འགྲོ་བར་བརྟེན་གོང་རིམ་སྲིད་སྐྱོང་དང་། བཀའ་ཤག་ནས་དངུལ་ལོར་པར་རྒྱག་མཚམས་འཇོག་གཏན་ནས་མི་ཡོང་བའི་གློག་འདོན་ལེ་ཐོག་མེད་པ་དགོས་རྒྱུ་ཞེས་ཛ་དྲག་གི་ལས་འགན་བསྐུར་བ་དེ་ལྟར་ཡང་། འཕྲུལ་འཁོར་གྱི་གནས་ཚུལ་ནི་ཇེ་སྡུག་ཇེ་ཞན་དུ་འགྲོ་བ་ལས་འོས་མེད་སྟབས་སྐབས་རེ་དབང་མེད་སྐྱོན་ཤོར་གྱིས་ལས་མཚམས་འཇོག་དགོས་བྱུང་སྐབས་རྒྱུ་མཚན་བརྟག་ཞིབ་མེད་པར་གློག་འདོན་མཚམས་འཇོག་བྱེད་པ་འོས་མིན་ཞེས་བཙན་བཀའ་རྒྱུན་དུ་གཏོང་བཞིན་པར་བརྟེན་སྐབས་ཤིག་གྲྭ་བཞིའི་དོ་དམ་མཁན་དྲུང་ཏྰ་བླ་མ་ཐུབ་བསྟན་ནོར་བཟང་ལ་ཕྲན་ནས་འུ་ཐུག་གིས་བརྗོད་དོན། རང་ངོས་ནས་འཕྲལ་འཁོར་ལ་སྐྱོན་འགྱུར་མི་འབྱུང་བར་གློག་འདོན་པར་མཚམས་འཇོག་མ་དགོས་པའི་ཐབས་ཤེས་གང་ཡོང་མ་ཞུས་པ་གཏན་ནས་མིན་ཀྱང་། འཕྲུལ་འཁོར་དེ་ནི་གོག་རྙིང་ཧ་ཅང་བསྐུལ་ཟད་ཆེ་བ་དཔེར་ན་འཆི་ནད་ཀྱིས་ཟིན་པའི་ནད་པར་སྨན་སྟེར་ཡང་ཕན་པ་མེད་པ་ལྟ་བུ་རེད་ན་བྱ་ཐབས་རྩ་བ་ནས་མི་འདུག་པས་དེ་བས་གློག་འཁོར་གསར་པ་ཞིག་ཐབས་ཤེས་གནང་གལ་ཞེས་བཤད་པར་ཁ་ལོག་ཡིན་པར་ངོས་འཛིན་བྱས་ཏེ་དེ་སྐོར་སྣེ་མགྲོན་ཐུབ་བསྟན་ལེགས་སྨོན་ལ་བཤད་དེ་ཤོད་འགག་ནས་སྦྲོ་འདྲི་བྱེད་དགོས་མངགས་ཡོད་འདུག་པ་ལྟར་སྣེ་མགྲོན་གྱིས་ཕྲན་རང་ཤོད་འགག་ཏུ་བསྐོངས་ནས་ཁྱོད་རང་གིས་གློག་འདོན་བར་མཚམས་མི་ཆོད་པའི་འཁུར་འགན་ཡག་པོ་མ་བླངས་པས་ལོ་པར་མཚམས་འཇོག་བྱ་དགོས་བྱུང་བ་མ་ཟད། ལྷག་པར་གཞུང་ལ་གློག་འཁོར་གཅིག་ལས་མེད་པ་དེ་ལ་འཆི་ནད་འཕོགས་པའི་ནད་པ་རེད་ཅེས་དམའ་འབེབས་བྱས་པ་ནི་ཤིན་ཏུ་མི་འོས་པའི་སྐད་ཆ་རེད་ན་ཞུ་བ་འཁྱེར་ཡོང་དགོས་ཞེས་བརྗོད་པར་རྒྱུ་མཚན་ཞིབ་བཤད་ལ་ཉན་འཇོག་བྱ་རྩིས་ཙམ་ཡང་མེད་པར་བྲག་རྡོ་ལྟ་བུའི་དབང་ཤེད་བེད་སྤྱོད་ཀྱིས་ཤོག་འགག་ཏུ་ཐེངས་མང་བསྐོངས་ཏེ་ཛ་དྲག་གི་དཀའ་ངལ་ཆེན་པོ་སྤྱད་པ་བཅས་དེ་ལྟའི་གནས་ཚུལ་འོག་བློ་གཡེངས་ཁོ་ནའི་ངང་ལས་འཁུར་བྱ་དགོས་བྱུང་མུར་ཕྱི་ལོ1951ལོར་བོད་ལྗོངས་རྒྱ་ཁྱབ་བཅིངས་འགྲོལ་ཐོབ་པར་བརྟེན་རང་ཉིད་ཀྱི་བསམ་པར་ད་ཆ་བདེན་པ་བརྡར་ཡུལ་མེད་པའི་བཙན་ཤེད་བཀའ་འབེབས་རིང་ལུགས་ཀྱི་ལམ་ལུགས་ངན་པའི་འོག་ནས་བཅིངས་འགྲོལ་ཐོབ་ངེས་ཡིན་པར་ངོས་འཛིན་ཐུབ་སྟེ་གུ་དོག་གི་རྣམ་པ་ཡོངས་སུ་སེལ་ནས་དགའ་བ་ཚད་མེད་ཐོབ་བྱུང་།

ཕྱི་ལོ་1952ལོར་བོད་སྡོད་རྒྱའི་དམག་ཁུལ་ཁང་<驻藏解放军>ནས་ཕྲན་ལ་རོགས་རམ་དུ་འགོ་ཁྲིད་རླིས་ཁོའོ་ཀྲང་<李科长>དང་། བཟོ་པ་བཅིངས་འགྲོལ་དམག་མི་བཞི་བཅས་གཏོང་གནང་གིས་ཁོང་ཚོས་གློག་འཁོར་རྙིང་པར་བཟོ་བཅོས་རྒྱག་རོགས་གང་ཡོང་གནང་བྱུང་ཡང་། ཕྱི་ལོ་1954ལོར་ཕན་ཐོགས་རྩ་བ་ནས་མེད་པར་གྱུར་སོང་།

བོད་གཞུང་ནས་ཞང་འདབ་ཏུ་གློག་ཁང་གསར་པ་རྒྱག་རྒྱུའི་ཐོག་མའི་བྱུང་ཚུལ་སྐོར་རོབ་ཙམ་ཟུར་འགོད་བྱ་རྒྱུར། གོང་དུ་བརྗོད་པ་ལྟར་གློག་འཁོར་རྙིང་པར་ཁུངས་ཐུབ་བཟོ་བཅོས་བྱེད་ཡུལ་མེད་པའི་གནས་ཚུལ་དང་ཕྲན་རང་གི་ལས་འཁུར་སྐབས་རྐྱེན་ངན་མང་དག་ཅིག་འཕྲད་པ་མ་ཟད། ཕྱིས་འབྱུང་ལས་འགན་འདི་ནི་གློག་ལས་ཤེས་པ་སུ་འདྲ་ཞིག་གིས་བླངས་ཀྱང་སྲིད་གཞུང་ལ་ཕན་ཐོགས་མེད་ཅིང་དོ་བདག་ལ་དཀའ་ངལ་གོང་གསལ་ལྟར་ལས་ཐར་ཐབས་མེད་པ་བཅས་ལ་བརྟེན་ཕྱི་ལོ་1946ལོར་གྲྭ་ལས་དོ་དམ་ཛ་དག་ཚ་རོང་པ་དང་། མཁན་དྲུང་ཏྰ་བླ་མ་ཐུབ་བསྟན་ནོར་བཟང་། རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་བཅས་ལ་འབོད་སྐུལ་ནན་པོ་ཞུས་དོན། ད་ཆ་གློག་ཁང་གསར་པ་ཞིག་གང་མགྱོགས་འཛུགས་སྐྲུན་གནང་མ་ཐུབ་ཚེ་ད་ལྟའི་མ་འཁོར་དེ་བཞིན་ཡས་མས་གང་ས་ནས་སྐྱོན་ཤོར་གྱིས་འཕྲལ་སེལ་ལས་ཕུགས་འཕེར་བཟོ་བཅོས་བྱ་ཡུལ་རྩ་བྲལ་ལ་བརྟེན་རིང་མིན་ལད་འཕེར་མི་ཡོང་བར་གྱུར་རྒྱུ་ལས་མི་འདུག་པས་བློས་འགན་བཟོད་མིན་སྐོར་བརྗོད་པར། ཛ་སག་ཚ་རོང་གིས་དེ་སྐོར་ངས་ཤེས་ཚོར་བྱུང་ན་གློག་ཁང་གསར་པའི་གནས་ཚུལ་སྐོར་ང་ཚོས་བསམ་ཞིབ་བྱེད་ཀྱི་ཡིན་ཞེས་བརྗོད་བྱུང་། དེ་རྗེས་ཛ་སག་ཚ་རོང་ནས་བརྡ་ཐོ་འབྱོར་གསལ་ཚ་རོང་རང་ཉིད་དང་། ཁོང་གི་བུ་རིམ་བཞི་དཔལ་ལྷུན་སྲས་བདུད་འདུལ་རྣམ་རྒྱལ། ཕྲན་གློག་ལས་ཐང་སྨད་བདུད་འདུལ་ཚེ་རིང་། ལྷ་སར་བཅའ་སྡོད་རྒྱ་གར་གཞུང་གི་སྐུ་ཚབ་<印度驻西藏代表>ཀྱི་རླུང་འཕྲིན་ལས་བྱེད་པ་དབྱིན་ཇིའི་མི་རིགས་ཕོག་སབ་བཅས་ཞང་འདབ་ཏུ་གློག་ཁང་གསར་རྒྱག་བྱ་རྒྱུའི་ས་བབས་བརྟག་ཞིབ་ལ་བསྐྱོད་རྒྱུ་ཡིན་ཞེས་གསལ་བ་ལྟར་གྱི་ཐོག་དམག་ཆེན་གཉིས་པའི་སྐབས་རྒྱ་གར་གཞུང་ནས་འཛིན་བཟུང་བྱས་པ་འཇར་མན་གྱི་མི་རིགས་ཨབ་ཤ་ནེ་ཐར་དང་། ཧ་རར་ཟེར་བ་གཉིས་བཙོན་ཁང་ནས་བྲོས་བྱོལ་གྱིས་བོད་འབྱོར་མགོ་འབུལ་ཞུས་པ་དེ་གཉིས་ནས་རྒན་པ་ཨབ་ཤ་ནེ་ཐར་ཟེར་བ་དེ་ཆུ་བེད་རིས་གཅིག་རྐང་འཛིན་<专业知识>གྱི་ཤེས་ཡོན་ཅན་ཡིན་སྟབས་ཁོ་པ་ཡང་ཚ་རོང་གིས་མཉམ་ཁྲིད་འདུག་པ་བཅས་ང་ཚོ་ཞང་འདབ་ནས་ཆུ་ཡུར་ས་བབས་བརྟག་དཔྱད་བྱེད་པར་རྣ་ཆེན་རི་ཟུར་བར་བསྐྱོད་ཐོག་བཟོ་ཕྱོགས་སྐོར་འཇར་མན་ཨབ་ཤ་ནེ་ཐར་ནས་འཆར་གཞི་ཕུལ་དོན་གནས་སྐབས་རིང་རྔ་ཆེན་རི་ཟུར་གྱི་གཤམ་འོག་ཏུ་རྐ་འགོ་གསར་པ་བཟོས་ནས་གཙང་ཆུ་ཟུར་ཁྲིད་ཀྱིས་ཞང་འདབ་རི་ཟུར་དུ་གློག་ཤུགས་སྟོང་ཝྰ་<千瓦>330སྐོར་ཐོན་སྐྱེད་བྱེད་ཐུབ་པའི་གློག་ཁང་ཞིག་བརྒྱབ་ཚེ་དཀའ་ངལ་དེ་ཙམ་ཆེ་བ་ཡོང་གི་མ་རེད་ཅེས་འཁོད་འདུག་པ་དང་ད་དུང་ཁོ་པས་ངག་ཐོག་ནས་བརྗོད་གསལ་གློག་ཁང་གི་ཆུ་མཇུག་དེ་ནས་སྔར་ཡོད་མ་ཡུར་རྒྱ་སྐྱེད་བཏང་སྟེ་ལྷ་ས་བར་ཀོ་བ་དང་། གྲུ་ཆུང་གཏོང་ཐུབ་པའི་ཆུ་ཡུར་ཆེ་ཙམ་ཞིག་བཟོ་ཐུབ་ཚེ་ཞིང་ལས་ཐོན་སྐྱེད་དང་གྲོང་གསེབ་ཁུལ་ནས་མེ་ཤིང་སྐྱེལ་འདྲེན་ཐོག་ཕན་ཐོགས་ཡོང་གི་རེད། ཕུགས་ཡུལ་རྔ་ཆེན་རི་ཟུར་གྱི་ཡས་མས་གང་འགའ་ཞིག་ཏུ་གཙང་ཆུར་ཟམ་པ་རྒྱག་པ་དང་ཆབས་ཅིག་གློག་ཁང་གཞི་རྒྱ་ཆེ་ཙམ་ཞིག་འཛུགས་སྐྲུན་བྱས་ཚེ་ཨར་ལས་ཀྱི་རྒྱུ་ཆ་ལྷོ་བྱང་གཉིས་སུ་བྲག་རྡོའི་ཆ་རྐྱེན་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན་དཀའ་ངལ་ཆེན་པོ་ཡོང་གི་མ་རེད་ཟེར་འདུག་པར་ཛ་སག་ཚ་རོང་གིས་དེ་ལྟར་བྱས་ཚེ་ལྷ་སའི་གྲོང་ཁྱེར་དང་། གཙུག་ལག་ཁང་བཅས་ལ་གཙང་ཆུ་རྒྱས་སྐབས་ཉེན་ཁ་ཡོངགི་མ་རེད་དམ་ཞེས་དྲིས་སོང་བར་ཁོ་པས་གཙང་ཆུ་རྟ་སྨྱོན་ལྟ་བུར་སྲབ་གཅིག་གཡོགས་ན་མི་ཡིས་ཅི་དགར་ཁ་ལོ་བསྒྱུར་ཐུབ་རྒྱུར་ཡིད་དྭོགས་དགོས་ཀྱི་མ་རེད་ཅེས་དང་། ད་དུང་གཙང་ཆུར་ཐིག་ཚད་གཏན་འབེབས་ཡག་པོ་བྱས་ཏེ་ཆུ་རགས་བརྟན་པོ་བརྒྱབ་ཚེ་སླད་ཕྱིན་ཆུ་ལོག་ཐོན་རྒྱུའི་འཇིགས་སྣང་གཏན་ནས་ཡོང་གི་མ་རེད། ང་ཚོ་འཇར་མན་གྱི་ཡུལ་དུའང་གཙང་ཆུ་འདི་ལས་ཆེ་བ་མང་པོར་ཆུ་མཛོད་གློག་ཁང་བརྒྱབ་ཡོད་པ་དེ་ཚོ་དང་འདྲ་བར་མི་ཚང་མར་གློག་ལྡེང་ངེས་ཡོང་གི་རེད་ཟེར་བ་རྣམས་སྐབས་དེར་ཕྲན་གྱིས་སྐད་བསྒྱུར་བྱས་ཏེ་ཛ་སག་ཚ་རོང་ལ་བརྗོད་པ་ཡིན། དེ་ནས་གྲྭ་བཞི་ལས་ཁུངས་ཀྱིས་བཀའ་ཤག་ཏུ་ཞང་འདབ་རི་ཟུར་དུ་གློག་ཁང་གསར་པ་འཛུགས་སྐྲུན་བྱ་རྒྱུ་གཏན་འཁེལ་ཐོག་དོ་དམ་རིམ་བཞི་དཔལ་ལྷུན་སྲས་བདུད་འདུལ་རྣམ་རྒྱལ་དང་། རྩེ་དྲུང་ཐུབ་བསྟན་སེང་གེ་གཉིས་ལ་བསྐོ་བཞག་དང་འབྲེལ་ལས་ཁུངས་ཚུགས་ཡུལ་གྱི་ཁང་པ་དང་། ཆུ་ཡུར་བཟོ་སྐྲུན་གྱི་ཆེད་དུ་གྲྭ་བཞི་དམག་སྒར་ནས་བོད་དམག་མི་གྲངས་300སྐོར་སྒྲིག་འཛུགས་བྱས་ནས་ཨར་ལས་འགོ་བཙུགས་པ་དང་། ཆུ་ཡུར་གསར་བཟོའི་འགོ་ཁྲིད་ལག་རྩལ་པ་འཇར་མན་ཨབ་ཤ་ནེ་ཐར་གྱིས་བྱས་ཏེ་ཕྱི་ལོ་1948ལོར་རྣ་ཆེན་རི་ཟུར་འོག་གི་ཆུ་འགོ་ནས་ཞང་འདབ་རི་ཟུར་བར་ཡུར་བའི་ནང་ཆུ་འདྲེན་ཚོད་ལྟ་ལམ་རོབ་ཟིན་པ་རེད།

གློག་གི་འཕྲུལ་འཁོར་ཐད། སྔོན་གཏན་འཁེལ་བའི་འཆར་གཞིའི་ལྟར་མ་འཁོར་སྟོང་ཝྰ་<千瓦>120རེ་ཡོད་པ་དང་། འཁོར་ལོ་གཉིས། གློག་གི་ཆུ་ཚོད། ཞང་འདབ་ནས་ལྷ་ས་བར་ལྕགས་སྐུད་ཀྱི་ཀ་བ་ལྡེང་ངེས། དེ་མིན་ལྕགས་སྐུད་སོགས་དབྱིན་ཇིའི་འཕྲུལ་འཁོར་བཟོ་གྲྭ་ལྗིའི་ཨིའི་སིའི་<G,E,C>ཞེས་པ་ནས་བཟོ་སྐྲུན་བྱུ་རྒྱུར་གོང་བཀོད་ལྟར་ལྷ་སར་བཅའ་སྡོད་རྒྱ་གར་སྐུ་ཚབ་ཀྱི་རླུང་འཕྲིན་ལས་བྱེད་པ་ཕོག་སབ་ནས་རྒྱུས་མངའ་བྱས་ཏེ་སྔོན་མངགས་ཟིན་པ་རྣམས་ཕྱི་ལོ་1954ཙམ་ལ་རྒྱ་གར་ཀ་ཏའི་གྲུ་ཁར་<加尔各答港口>འབྱོར་ཟིན་སྟབས་དེའི་གྲྭ་ལས་དོ་དམ་ཛ་སག་བསམ་ཕོ་ཚེ་དབང་རིག་འཛིན་ནས་ཅ་ལག་རྣམས་འདོན་འདྲེན་དུ་རིམ་བཞི་དཔལ་ལྷུན་སྲས་བདུད་འདུལ་རྣམ་རྒྱལ་དང་། ཕྲན་ཐང་སྨད་བདུད་འདུལ་ཚེ་རིང་། ཤོད་དྲུང་སུམ་མདོ་བུ་ཚེ་རིང་བཅས་མི་བཞི་དབྱིན་ཡིག་ཤེས་པར་བརྟེན་སྐད་བསྒྱུར་ཟུར་དུ་མ་དགོས་པར་འགྲོ་དགོས་ཀྱི་བཀའ་བཏང་བར་བརྟེན་ཕྱི་ལོ་1955ལོར་རྒྱ་གར་དུ་བསྐྱོད་ནས་གློག་འཁོར་ཡོ་ཆས་རྣམས་ཀ་ཏའི་གྲུ་ཁ་<加尔各答港口>ནས་རྩིས་ལེན་གྱིས་འབྲས་ལྗོངས་སྒང་ཐོག་<锡金钢托克城>བར་རླངས་འཁོར་ཐོག་དབོར་འདྲེན་བྱས་པ་དང་། སྒང་ཐོག་ནས་<钢托克城>བོད་ཕྱོགས་རླངས་འཁོར་འགྲོ་ལམ་མེད་སྟབས་མི་ཧྲེང་<背夫>གླས་ནས་དཔུང་རྒྱུག་ཐོག་དབོར་འདྲེན་བྱ་དགོས་ཀྱི་དཀའ་ངལ་ཆེ་ནའང་། ཚང་མས་ནུས་ཤུགས་གང་ཡོད་བཏོན་ཏེ་ཅུང་ཡང་བའི་དངོས་པོ་མང་ཆེ་བ་བོད་སར་འདོན་འདྲེན་བྱེད་ཐུབ་པ་བྱུང་མུར་ལྕི་བའི་མ་འཁོར་རྣམས་ཀྱང་དེ་བཞིན་དབོར་འདྲེན་བྱ་རྒྱུ་གྲབས་གཤོམ་བྱེད་སྐབས་ཉིན་གཅིག་གློ་བུར་དུ་གྲྭ་བཞི་ལས་ཁུངས་ནས་གནས་ཡིག་འབྱོར་གསལ། བཀའ་ཚབ་<代理噶伦>ཤན་ཁ་འགྱུར་མེད་རྡོ་རྗེའི་བཀའ་ལྟར་ཁྱོད་ཚོ་མི་བཞི་གློག་ཆས་འདོན་འདྲེན་ལས་མཚམས་བཞག་སྟེ་དེ་འཕྲལ་ཕྱིར་ལོག་བྱ་དགོས་དང་། གློག་འཁོར་ཡོ་ཆས་ལྷག་ལུས་རྣམས་དང་། འགྲོ་གྲོན་གཏོང་བྱེད་དངུལ་འབབ་ཇི་ཡོད་ཀ་སྦུག་ཚོང་དོན་<西藏驻噶伦堡商务厅>དོ་དམ་རིམ་བཞི་སྤོམ་མདའ་ཡར་འཕེལ་དང་། མཁན་ཆུང་བློ་བཟང་རྒྱལ་མཚན་གཉིས་ལ་རྩིས་སྤྲོད་དགོས་ལུགས་གསལ་འདུག་དོན་ལྟར་ཕྲན་རྣམས་ཀྱི་ལས་མཇུག་ཚོང་དོན་དོ་དམ་གཉིས་ལ་རྩིས་སྤྲད་ཐོག་དེ་འཕྲལ་ཕྱིར་ལོག་བྱེད་དགོས་བྱུང་བ་ནས་བཟུང་གནད་ཆེའི་འཕྲུལ་འཁོར་རྣམས་རྩ་བ་ནས་དབོར་འདྲེན་མ་བྱས་པར་འབྲས་ལྗོངས་<锡金>ས་ཐོག་རང་དུ་བསྐྱུར་འཇོག་བྱས་པ་སོགས་སྐབས་དེའི་ཡ་མཚན་ཅན་གྱི་གནད་དོན་དེ་ནི་གསར་བརྗེར་མི་དགའ་བའི་མི་ངན་འགའ་ཞིག་གིས་དམིགས་ཡུལ་ཡོད་པའི་སྒོ་ནས་གཏོར་བཤིག་ཚབས་ཆེ་བཏང་བ་ཞིག་རང་ཡིན་པའི་ངོས་འཛིན་བྱུང་། ལོ་དེ་གའི་ནང་རྒྱ་ནག་དབུས་གཞུང་<中央政府>དང་བོད་གཞུང་གཉིས་མཉམ་སྤྲེལ་ཐོག་སྔར་ཡོད་དོག་བདེའི་ཆུ་ཡུར་ལ་བརྟེན་ནས་གློག་ཁང་ཞིག་གསར་རྒྱག་བྱ་རྒྱུའི་དགོངས་པ་ཕྱོགས་གཅིག་ཏུ་མཐུན་ཏེ་ཆུ་རྫིང་དང་། བྲག་ལྡེབ་ཆུ་ཡུར་སོགས་གསར་བཟོའི་ལས་ཀ་དངོས་སུ་འཚུགས་ཏེ་རྒྱ་རིགས་ལག་རྩལ་བཟོ་པ་རྣམས་དང་། བོད་རིགས་བཟོ་པ། ཨར་ལས་བཟོ་པ་བཅས་ནས་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་གཅིག་ནས་གློག་ཁང་སྒྲིག་ཆས་ཐད་སྔོན་གཏན་འཁེལ་བའི་འཆར་གཞི་ལྟར་གཞན་རེ་མ་དགོས་པར་རང་རྒྱལ་ཧྲང་ཧའི་བཟོ་གྲྭ་ནས་གསར་བསྐྲུན་བྱས་པ་གློག་ཤུགས་སྟོང་ཝྰ་<千瓦>220རེ་ཡོད་པའི་གློག་འདོན་འཁོར་ལོ་སྤུས་དག་ཆ་ཚང་གསུམ་དང་། གློག་ཚད་ལྟ་བྱེད་ཀྱི་ཆུ་ཚོད་སྒྲིག་ཆས། ལྕགས་ལུག་མའི་ཆུ་མདོང་། གློག་ཤུགས་མཐོ་དམའ་སྒྲིག་བྱེད་པན་ཡ་ཅི་<变压器>ཞེས་པ་བཅས་སོ་སོ་ནས་ཆ་ཚང་རེ། དེ་བཞིན་ལྕགས་སྐུད་སོགས་ཇི་དགོས་ཚང་མ་མེས་རྒྱལ་ནས་བོད་ས་མཐོའི་ཐོག་ལམ་རོང་རྩུབ་པའི་དཀའ་ངལ་ལས་རྣམ་པར་རྒྱལ་ཏེ་དུས་ཐོག་འདོན་འདྲེན་ཐུབ་པ་དང་ཆབས་ཅིག་མཛེས་ཤིང་ལྟ་ན་སྡུག་པའི་དོག་བདེ་གློག་ཁང་གསར་པའི་འཛུགས་སྐྲུན་ཡང་ཟིན་པ་བཅས་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་ཕྱོགས་གཉིས་ཀས་ལེགས་སྐྱེས་བཟང་པོ་ཕུལ་བ་ལ་བརྟེན་ནས་ཕྱི་ལོ་1956ལོར་ཐོན་སྐྱེད་དངོས་སུ་འཚུགས་ཏེ་ནོར་གླིང་དང་། རྩེ་པོ་ཏྰ་ལ། གཞན་ཡང་ལྷ་ཁུལ་ལས་ཁུངས་ཁག་དང་། མི་དམངས་ཀྱི་གློག་བཞུའི་དཀའ་ངལ་སེལ་ཐུབ་བྱུང་བ་རེད།

ཡང་ཕྱི་ལོ་1957ལོར་བོད་སྡོད་རྒྱའི་དམག་ཁུལ་ཁང་<驻藏解放军>ནས་བོད་མི་དམངས་ཀྱི་ཆེད་དུ་ཐུགས་འཁུར་བླ་མེད་བཞེས་ཏེ་རྣ་ཆེན་རི་ཟུར་གྱི་ལ་ཉག་འཕྲེད་བཅད་ཐོག་ཕན་ཚུན་བྲག་རི་གཉིས་ཀྱི་དབར་ནས་གཙང་ཆུ་དྲངས་ཏེ་དེར་གློག་ཁང་གཞི་རྒྱ་ཆེ་ཙམ་ཞིག་གསར་རྒྱག་གནང་རྒྱུ་ཐུགས་གཏན་འཁེལ་བ་ལྟར་མི་དམངས་བཅིངས་འགྲོལ་དམག་གི་ལག་རྩལ་བཟོ་པ་དང་། བོད་རིགས་ལས་བཟོ་པ་རྣམས་ཀྱིས་གཞི་རྩའི་འཛུགས་སྐྲུན་ཟིན་པ་དང་རྒྱ་ནག་ནས་སྟོང་ཝྰ་<千瓦>1250རེ་ཡོད་པའི་གློག་འདོན་འཕྲུལ་འཁོར་ཆ་ཚང་དྲུག་དང་། དེ་མིན་གློག་མཁོའི་ཡོ་ཆས་མ་ཚང་བ་མེད་པ་འདོན་འདྲེན་མཛད་དེ་ཕྱི་ལོ་1960ལོར་འཕྲུལ་འཁོར་སྒྲིག་གཤོམ་སོགས་ལེགས་པར་ཟིན་ཏེ་ཐོན་སྐྱེད་དངོས་སུ་བྱེད་ཐུབ་པ་བྱུང་བ་དེ་ནི་བོད་ས་མཐོའི་སྟེང་གི་གློག་ཁང་ཆེ་ཤས་དེ་ཡིན་པ་དང་དེ་ནས་བཟུང་གཞུང་ས་ཆེན་པོའི་ཞི་དྲག་གི་ལས་ཁུངས་ཁག་དང་། བཟོ་གྲྭ། གྲོང་ཁྱེར་མི་དམངས་བཅས་ལ་ཉིན་མཚན་འཁོར་ཡུག་ཏུ་གློག་བཞུ་བེད་སྤྱོད་གཏོང་རྒྱུའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཞིག་ཐོབ་སྟབས་མང་ཚོགས་ནས་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད་དོ།།