གངས་ལྷ་མོས་བསྒྱུར།

ཉིན་ཞིག   མ་རྩ་དུང་ཕྱུར་ཅན་གྱི་ཕྱུག་བདག་ཏཱན་ཉི་ཨར་གོམ་འཆམ་འགྲོ་དུས་བུ་ཆུང་ཞིག་ལམ་ཟུར་དུ་སར་སྒུར་ནས་བསྡད་པར་མཐོང་། བུ་ཆུང་གི་ལག་ཏུ་རྩ་རྐང་ཞིག་བཟུང་སྟེ་ས་ལ་རེག་བཞིན་འདུག ཏཱན་ཉི་ཨར་ཡ་མཚན་དང་བཅས་མར་སྒུར་ནས་བུའི་མགོ་ལ་བྱིལ་བྱིལ་གྱིས། གྲོགས་པོ་ཆུང་ཆུང་། ཁྱོད་ཀྱིས་ག་རེ་བྱེད་ཀྱི་ཡོད། ཅེས་དྲིས།

བུ་ཆུང་མགོ་ཡར་འགྱེ་ཙམ་མ་བྱས་པར་ངས་འབུ་གྲོག་མ་ཞིག་ལ་ལམ་སྣེ་སྟོན་གྱི་ཡོད། ཅེས་ལན་བཏབས། ཏཱན་ཉི་ཨར་གྱིས་དེ་གོ་མ་ཐག་བཟོད་མ་ཐུབ་པར་གད་མོ་ཤོར། འབུ་གྲོག་མ་ཞིག་ལ་ཁྱོད་ཀྱིས་ལམ་སྟོན་རོགས་ག་རེ་དགོས་སམ། ཞེས་བཤད། བུ་ཆུང་གིས་ནན་ཏན་ཆེན་པོས་གྲོག་མ་འདི་གྲོགས་པོ་ཚོ་དང་ཁ་བྲལ་འདུག ད་ལྟ་རྔང་འཚབ་ཆེན་པོས་གང་སར་གྲོགས་པོ་གཞན་འཚོལ་གྱི་འདུག ངས་ཁོ་རང་ཁོ་ཚོའི་རུ་དཔུང་དུ་འཁྲིད་ཀྱི་ཡིན། དེ་འདྲ་བྱས་ན་ཁོ་རང་མུ་མཐུད་འཚོ་ཐུབ་པའི་གོ་སྐབས་ཡོད་པ་རེད། ཅེས་བཤད།

སྐབས་དེར་ཏཱན་ཉི་ཨར་གྱིས་གཞི་ནས་བུ་ཆུང་གིས་རྩ་རྐང་ཞིག་གིས་གྲོག་མ་དེ་ག་ལེར་གྲོག་ཚོགས་སུ་འཁྲིད་བཞིན་པའི་ཞིབ་ཕྲའི་གནས་སྟངས་དེ་མཐོང་། བུ་ཆུང་གིས་ཧུར་བརྩོན་འོག་གྲོགས་ཚོགས་དང་ཁ་གྱེས་པའི་གྲོག་མ་དེ་མཐར་བུ་ཆུང་གིས་གྲོགས་ཚོགས་དབུས་སུ་འཁྲིད་ཐུབ་སྟེ་ཁོས་རོགས་པ་གཞན་མཐོང་ཞིང་། གྲོག་མ་དེས་དེ་མུར་དགའ་སྤྲོ་ཚད་མེད་ཀྱིས་རོགས་པ་གཞན་དང་ར་རྩེ་རེག་རས་ཀྱིས་ཉེ་མདོག་དང་དགའ་སྣང་ཆེན་པོ་མཚོན་གྱི་འདུག

ཏཱན་ཉི་ཨར་གྱིས་བཟོད་མ་ཐུབ་པར་བུ་ཆུང་གི་བྱམས་བརྩེའི་བྱེད་ལས་དེར་ཡིད་རངས་ཆེན་པོ་སྐྱེས། ཁོས་ཁྱོད་ལ་ཐུགས་རྗེ་ཆེ་ཞུ། རོགས་པ་གཞན་དང་ཁ་གྱེས་པའི་གྲོག་མ་དེར་མུ་མཐུད་འཚོ་ཐུབ་པའི་གོ་སྐབས་སྤྲོད་པ་རེད། ཅེས་བཤད། སྐབས་དེར་བུ་ཆུང་གཞི་ནས་མགོ་ཡར་སྟེགས་ཏེ་སྤྱང་གྲུང་འཛོམས་པའི་མིག་གཉིས་ཀྱིས་ཏཱན་ཉི་ཨར་བལྟས་ཏེ། འཛུམ་མདངས་ཤིག་མངོན་བྱུང་། ཆེས་དྭངས་གཙང་གི་འཛུམ་ཆུང་དེ་མཐོང་དུས་ཏཱན་ཉི་ཨར་གྱི་སེམས་ནང་རླབས་ཕྲེང་ཞིག་འཕྱུར།

བུ་ཆུང་དང་ཁ་བྲལ་རྗེས་ཏཱན་ཉི་ཨར་གྱིས་གྲོག་མ་ཞིག་ལ་ལམ་སྣེ་སྟོན་པ་ནི་དངོས་ལྡན་ཡ་མཚན་དང་གསར་གཏོད་ཀྱི་དོན་སྙིང་ལྡན་འདུག་ཅེས་ལམ་བར་དུ་ཁེར་ལབ་དེ་འདྲ་ཤོར།

ཏཱན་ཉི་ཨར་ནི་ཨ་རིའི་ཏཱི་ཁེ་ས་སི་Texasགྲོང་ཁྱེར་གྱི་གང་སར་ཚོང་ཁང་ཡོད་པའི་ཕྱུག་བདག་ཆེན་པོ་ཞིག་རེད། ཁོ་རང་གཞན་ལ་སྦྱིན་པ་གཏོང་རྒྱུ་དགའ་ལ་རྒྱུན་དུ་གཞན་ལ་དཔལ་འབྱོར་གྱི་རོགས་རམ་ཡང་བྱས་ཏེ། དབུལ་སྐྱོབས་བཅས་བྱས་པར་མི་ཚོས་ཁོ་པར་བྱམས་སེམས་ཆེན་པོ་ཞེས་འབོད་ཀྱི་ཡོད། ཐེངས་ཤིག་ལམ་ཟུར་དུ་བུ་ཆུང་ཞིག་གིས་གྲོག་མ་ཆུང་ངུ་ཞིག་ལ་ལམ་སྟོན་པར་མཐོང་བས་ཏཱན་ཉི་ཨར་ལ་སེམས་འགུལ་ཆེན་པོ་ཐེབས། ཁོས་དེ་ནི་ཁ་ཕྱོགས་བོར་བའི་གྲོག་མར་ལམ་ཞིག་བཏོན་ནས་ཁ་བྲལ་དུ་སོང་བའི་གྲོག་མ་དེ་ཚོས་འཚབ་འཚུབ་དང་འཇིགས་རྔང་མ་བྱུང་བ་བཟོས་པ་དེ་ནི་སྤྱང་གྲུང་ལྡན་པའི་བྱ་ཐབས་ཤིག་རེད་ཅེས་བསམ། དགེ་ལས་སྒྲུབ་པ་ནི་དོན་སྙིང་ཞིག་གི་ཕྱོགས་ནས་བཤད་ནའང་དེ་འདྲའི་རྒྱུ་མཚན་ཞིག་ཡིན་པ་རེད།

ཉིན་ཞིག་ཏཱན་ཉི་ཨར་ཚོང་ཁང་སྒོ་འགྲམ་སླེབས་དུས་བུད་མེད་དར་གཞོན་ཞིག་གིས་ཁོའི་ལམ་བཀག བུད་མེད་དེས་བུ་མོ་ལོ་བདུན་ནམ་བརྒྱད་ཙམ་ཞིག་འཁྲིད་འདུག མོས་སྣ་སྟུག་དང་མིག་ཆུ་གཉིས་ཀ་ཤོར་བཞིན་ཏཱན་ཉི་ཨར་ངུ་བཤད་བྱས་དོན། སྐུ་ཞབས་ཏཱན་ཉི་ཨར་ལགས། ཁྱེད་ཀྱིས་ངེད་མ་སྨད་གཉིས་ལ་སྙིང་རྗེ་ཞིག་སྐྱེ་རོགས་ཞུ། ངའི་བཟའ་ཟླ་ན་ཚ་ལྗིད་མོས་འདས་གྲོངས་སུ་སོང་ཞིང་། ང་རང་ཡང་ལས་ཀ་ཤོར་སོང་། ངེད་མ་སྨད་གཉིས་ཀྱི་འཚོ་བ་དཀའ་ངལ་དུ་ལྷུང་ཡོད། ཅེས་བཤད་མ་ཐག་བུད་མེད་དེས་སྣོད་ཁུག་ནས་དེ་འབྲེལ་གྱི་ཡིག་ཆ་ཁག་མིག་བཏོན་བྱས་ཏེ་ཏཱན་ཉི་ཨར་གྱིས་མོ་རང་མ་སྨད་གཉིས་ལ་རོགས་སྐྱོར་ཡོང་བའི་རེ་འདུན་ཞུས།

ཏཱན་ཉི་ཨར་གྱིས་དེ་ཐོས་མ་ཐག་སེམས་ནང་སྙིང་རྗེ་ཡིས་ཁེངས། གལ་ཏེ་གནས་ཚུལ་དེ་སྔོན་བྱུང་བ་ཞིག་ཡིན་ཚེ་ཁོས་ལམ་སེང་དངུལ་བཏོན་པའམ་དངུལ་རྩིས་སྡེ་ཚན་ནས་དངུལ་ཏོག་ཙམ་ཕྱིར་བཏོན་ནས་མ་སྨད་གཉིས་ལ་རོགས་སྐྱོར་བྱེད་སྲིད། འོན་ཀྱང་དེ་རིང་ཁོས་དེ་འདྲ་བྱས་མེད། དེ་བས་མཛའ་བརྩེ་ལྡན་པའི་སྒོ་ནས་བུད་མེད་དེས་སྔོན་དུ་ལས་ཀ་ག་རེ་བྱས་པའི་སྐོར་དྲིས། བུད་མེད་དེའི་གདོང་ལ་མཆི་མས་ཁེངས་ཏེ་ང་སྔོན་མར་དཔལ་འབྱོར་ལས་ཀ་བྱེད་མཁན་ཞིག་ཡིན་ཞེས་བཤད། ཏཱན་ཉི་ཨར་གྱིས་དེ་གོ་མ་ཐག་སེམས་ནང་གསལ་ཐེང་ཐེང་ཞིག་ཤར་ཞིང་བུད་མེད་དེར། ངས་ལས་བྱེད་སྡེ་ཚན་དུ་ཁྱོད་ལ་རྒྱུག་སྤྲོད་ཅིག་བྱ་རྒྱུ་མངགས་ཆོག གལ་ཏེ་གནས་ཚུལ་གཞན་མེད་ཚེ་ཁྱོད་རང་ཚོང་ཁྲོམ་འདིའི་དཔལ་འབྱོར་སྡེ་ཚན་དུ་ལས་ཀ་བྱ་ན་འགྲིག དེ་མིན་ཁྱོད་ལ་ཟླ་བ་གསུམ་གྱི་ཟླ་ཕོག་སྔར་བཏོན་བྱེད་ཆོག ཅེས་པར་བུད་མེད་ཀྱི་གདོང་ལ་དགའ་སྤྲོའི་འོད་ཅིག་འཚེར་ཞིང་ཏཱན་ཉི་ཨར་ཐུགས་རྗེ་ཆེ་ལན་མང་ཞུས།

ལོ་གཅིག་རྗེས་ཚོང་ཁྲོམ་དེར་དཔལ་འབྱོར་སྡེ་ཚན་གྱི་ལྕམ་སྐུ་སུའུ་སྲན་ལགས་ཀྱིས་མོའི་ལས་དོན་གྱི་ནུས་ཤུགས་དང་གསར་གཏོད་ཀྱི་འདུ་ཤེས་ལ་བརྟེན་ནས་མོའི་སྦྱིན་བདག་ཏཱན་ཉི་ཨར་གྱི་ཆེ་མཐོང་དང་གདིང་འཇོག་ཐོབ་ཡོད། ཡཱེ་ཤུའི་འཁྲུངས་སྐར་དུས་ཆེན་གྱི་མཚན་ཚོགས་ཐོག ལྕམ་སྐུ་སུའུ་སྲན་གྱིས་མཚན་ཚོགས་རོལ་མཁན་ཏཱན་ཉི་ཨར་ལ། སྐུ་ཞབས་ཏཱན་ཉི་ཨར་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་རང་ཁ་རང་གསོའི་ལམ་བུ་ཞིག་ཏུ་འཁྲིད་གནང་མཛད་པ་རེད། དུས་མཚུངས་སུ་ང་ལ་མི་ཚེའི་ལ་རྒྱ་ཞིག་ཀྱང་གནང་ཡོད། ཅེས་བཤད་པར། སྐུ་ཞབས་ཏཱན་ཉི་ཨར་གྱིས། ང་ལ་ཐུགས་རྗེ་ཆེ་ཞུ་དགོས་མ་རེད། དེ་ནི་ཁྱེད་ཀྱི་འཇོན་ཐང་དང་ཧུར་བརྩོན་གྱིས་སོ་སོའི་འཚོ་བའི་ནང་དུ་ལན་འདེབས་ཐོབ་པ་ཞིག་རེད། ཅེས་བཤད་པར་སུའུ་སྲན་ངོ་ཚ་དང་བཅས་ཧ་ཅང་མཛེས་སྡུག་ལྡན་པའི་འཛུམ་མདང་ཞིག་མངོན་ཡོད་པ་རེད།

ཉིན་ཞིག་ཏཱན་ཉི་ཨར་ཡཱ་གྷི་པུ་ཟེར་བའི་གཞོན་ནུ་ལོ་ཆུང་ཞིག་གི་འཕྲིན་ཞིག་འབྱོར། དེའི་ནང་ཁོ་རང་ལོ་དེར་མཱ་ཟེ་ཆུ་ཟི་སློབ་ཆེན Massachusetts Institute ལ་རྒྱུག་ཕྲོད་པ་དང་། ཕ་མ་སྔ་མོ་ནས་འདས་པའི་རྐྱེན་གྱིས་འཚོ་བར་དཀའ་ངལ་ཆེ་བས་ད་དུང་ཡང་སློབ་ཆེན་དུ་འགྲོ་སོང་ལ་འཆར་གཞི་གང་ཡང་མེད་པར་ལུས་ཡོད་སྟབས། སྐུ་ཞབས་ཏཱན་ཉི་ཨར་གྱིས་ཁོ་པར་རོགས་སྐྱོར་ཡོང་བའི་རེ་བ་ཞུས་འདུག ཏཱན་ཉི་ཨར་གྱིས་ཡི་གེ་དེར་བལྟས་རྗེས་ཡིག་ལན་ཞིག་བྲིས་པའི་ནང་། ཁྱོད་རང་སློབ་ཆེན་དུ་འཛུལ་རྗེས་ས་ཁུལ་དེར་ཡོད་པའི་ངའི་ཚོང་ཁང་དེར་ཞོར་ལས་བྱེད་ན་འགྲིག ངས་ཁྱོད་ལ་ལོ་གཅིག་གི་ཟླ་ཕོག་སྔ་བཏོན་བྱ་ཆོག ངས་ཁྱོད་དང་འབྲེལ་བའི་གནས་སྟངས་ཚོང་ཁང་དེར་འགྲེལ་བརྗོད་བྱ་ཆོག་ལ་དུས་ཚོད་སླེབས་ན་ཁྱོད་ཀྱིས་དེར་འབྲེལ་བ་བྱས་ན་འགྲིག་ཅེས་ལན་སྤྲད།

ལོ་ཤེས་རྗེས་སུ་མཉེན་ཆས་གསར་གཏོད་ཚོང་ཁང་གི་སྦྱིན་བདག་ཡཱ་གྷི་པུས་སོ་སོའི་ཚོང་ཁ་གསར་པ་དབུ་འབྱེད་མཛད་སྒོའི་ཐོག སྐབས་དེར་ང་ནི་ཆེས་དབུལ་ཞིང་ཕོང་པའི་སློབ་མ་ཞིག་ཡིན། ངས་སྐུ་ཞབས་ཏཱན་ཉི་ཨར་རེ་བ་ཞུས་པ་ཡིན། སྐུ་ཞབས་ཁོང་གིས་དམིགས་བསལ་གྱི་ལམ་བུ་ཞིག་གཏོད་དེ་གུས་པ་རང་ཁ་རང་གསོའི་ལམ་བུ་ཞིག་ཏུ་འཁྲིད་གནང་མཛད་པ་རེད། གལ་ཏེ་དུས་དེར་ཁོང་གིས་གུས་པར་དངུལ་ཏོག་ཙམ་སྤྲད་ནས་བཞག་ན་ངའི་དུས་ཡུན་གྱི་དཀའ་ངལ་སེལ་ཐུབ་ཀྱང་། དེ་འདྲ་བྱས་ན་ངའི་སྒྱིད་ལུག་དང་ངལ་བརྩོན་ལ་བརྟེན་མི་དགོས་པའི་བསམ་བློ་ཞིག་ཀྱང་གསོ་སྐྱོང་བྱེད་སྲིད། གལ་ཏེ་ཏཱན་ཉི་ཨར་གྱི་མཐོང་རྒྱ་ཡངས་པོ་དེ་དག་གིས་ཉིན་དེ་རིང་གི་ངའི་བྱ་བཞག་ལེགས་སྒྲུབ་བྱུང་བ་རེད་ཅེས་བཤད་ཆོག ཁོང་གི་དགེ་བའི་བྱ་བ་དེ་དག་ལ་བློ་གྲོས་དང་མཐོང་རྒྱ་ཆེ་ཞིང་། ཁོང་གིས་རོགས་སྐྱོབས་གནང་མྱོང་བའི་གང་ཟག་ལ་མིའི་ལ་རྒྱ་དང་ནུས་ཤུགས་ཤིག་ཐོབ་ཀྱི་ཡོད། ཅེས་བཤད་ཡོད་པ་རེད།

ཁྲེག་སེ་སི་གྲོང་ཁྱེར་ Texas དུ་དགེ་རྩའི་ལས་འགུལ་གྱི་ཚོགས་ཆེན་འཚོགས་སྐབས། ཏཱན་ཉི་ཨར་གྱིས་སྐུ་མགྲོན་རྣམས་ལ་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་དེ། བརྩེ་བ་ཡི་རྩ་བ་འཛིན་ས་ནི་བརྩེ་བ་སྦྱིན་ཡུལ་དེར་འོད་སྣང་འཚེར་བའི་ལམ་བུ་ཞིག་སྟོན་རྒྱུ་དེ་རེད། དེ་བཞིན་གང་ཟག་དེར་མིའི་ལ་རྒྱ་སྤྲོད་རྒྱུ་ཞིག་རེད། དེ་ནི་ཀུན་སྤྱོད་ཀྱི་རྩ་བ་འཛིན་ས་ཞིག་རེད་ལ། དེ་བས་མིའི་ལ་རྒྱ་དང་། དེའི་ནུས་པ་མཐོར་འདེགས་བྱེད་པ་ཞིག་རེད། ཅེས་པ་དེ་ཡིན། ཏཱན་ཉི་ཨར་གྱི་སྐད་ཆ་དེས་མི་ཚོའི་སེམས་ནང་རྦ་རླབས་ཤིག་འཕྱུར་བཞིན་དྲོ་སྐྱིད་དང་བཀའ་དྲིན་དྲན་པའི་ཚོར་འདུ་ཞིག་འཕྱོ་བཞིན་ཡོད།

ཁྲེག་སེ་སི་གྲོང་ཁྱེར་དུ་པར་འགྲེམས་བྱས་པའི་ཚགས་ཤོག་མང་པའི་ནང་གྲོག་མ་ཞིག་ལ་ལམ་སྟོན་པ་དེ་ནི་བརྩེ་བ་ཡི་ཚད་མཐོ་ཤོས་ཤིག་རེད། བརྩེ་བའི་འབྱུང་ཁུངས་དེའང་གཞན་ལ་གསོན་ལམ་ཞིག་སྟོན་རྒྱུ་དེ་ཡིན་ལ། དེ་ནི་བློ་གྲོས་ཤིག་དང་། དེ་བས་སེམས་ཀྱི་གུ་ཡངས་ཀྱི་བརྩེ་བ་ཆེན་པོ་ཞིག་ཀྱང་ཡིན། ཞེས་དཔྱད་བརྗོད་ཀྱང་སྤེལ་ཡོད་པ་རེད།

ཡོང་ཁུངས། བོད་ཀྱི་བང་ཆེན་དྲ་བའི་གངས་ལྷ་མོའི་ཟིན་བྲིས།
མ་རྩོམ་འབྲེལ་ཐག  http://b5.secretchina.com/news/15/08/30/585602.html