གྱིམ་ཤིང་ཀོང་ཇོ་(金城公主)

གྱིམ་ཤིང་ཀོང་ཇོ་(金城公主)

འཕྲུལ་གྱི་ལྷ་བཙད་པོ་ཁྲི་ལྡེ་གཙུག་བཙན་མཆོག་གི་བཙུན་མོ་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོ་(金城公主)དང་འབྲེལ་བའི་བོད་བཙན་པོའི་ལོ་རྒྱུས་ནི་ཧ་ཅང་གླེང་རིན་ཡོད་པ་ཞིག་སྟེ། རང་རེའི་ལོ་རྒྱུས་ཡིག་ཚང་རྙིང་པ་དག་ལས་འདིའི་སྐོར་གྱི་བྱུང་བ་ལ་རྐུན་པོ་སྡར་མ་ལྕག་གིས་གྲབ་པ་ནང་བཞིན་འདི་ཡིན་དང་དེ་མིན་གྱི་འཇུ་ཡུ་བཟུང་ཐག་གང་ཡང་མེད་པའི་སྨྱོ་ལབ་འབའ་ཞིག་གནང་ཡོད་པས་བདེན་ཁ་ཡང་པའི་ཀློག་པ་པོ་ཁ་ཅིག་ལ་ཚབ་ཆེ་བའི་འཁྲུལ་བ་དང་ཉིང་འཁྲུལ་གྱི་བྱིན་ཆེན་འབེབས་ཀྱིན་འདུག་པས་སོ།།

དེས་ན་ཐོག་མར་འུ་ཅག་གིས་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོའི་ཡབ་ཡུམ་དང་འཁྲུངས་ལོ་བཅས་ཀྱི་སྐོར་ནས་ཅུང་ཟད་ཅིག་མ་མོལ་ཐབས་མེད་ཡིན།

དེ་ཡང་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོའི་ཆུང་དུས་ཀྱི་མིང་ལ་ལིས་ནུའུ་ནུའུ་(李奴奴)ཟེར་ཞིང་། ཝུའུ་ཛེ་ཐན་(武则天)གྱི་ཧྲན་ལིད་(圣历)ཁྲི་ལོ་དང་པོ་སྟེ་སྤྱི་ལོ་༦༩༨ས་ཕོ་ཁྱི་ལོར། ཐང་ཀའོ་ཙུང་ལིས་ཀྲི་(唐高宗李治)ཡི་བུ་བཞི་པ་གཡུང་ཝང་ལིས་སུའུ་ཇེའི་(雍王李素节)བུ་གཡུང་ཝང་ལིས་ཧྲོའུ་ལིའི་(雍王李守礼)བུ་མོར་འཁྲུངས་པ་ཡིན་ཏེ།

《ཐང་ཡིག་གསར་མ་ལས་ཐུ་བྷོད་ཀྱི་སྐོར》ལས་“གཡུང་ཝང་གི་ཐབས་ཡོད་པ་ལི་ཧྲིག་ལིའི་བྱ་བའི་སྲས་མོ་ཅིན་ཁྲིན་ཀོང་ཇོ”ཞེས་བྱུང་ཞིང་།

《སྲིད་སྐྱོང་མེ་ལོང》ལས་“དམག་དཔོན་ཆེན་མོ་སྟག་སྒྲ་ཀླུ་ཁོང་སོགས་ཀྱིས་སྔོན་གྱི་པིན་ཝང་གི་ཆོ་ལོ་ཅན་ལི་ཧྲོའུ་ལིའི་ཚ་བོ་ལི་ཁྲེང་ཧུང་གོང་མའི་ཁྲིར་བཀོད”ཅེས་བྱུང་བ་དང་།

《ཞོལ་རྡོ་རིང་གི་ཡི་གེ》ལས་བློན་ཆེན་པོ་སྟག་སྒྲ་ཀླུ་ཁོང་གིས་རྒྱ་རྗེ་ཁྲང་ཨན་མཁར་ནས་ཕུད་དེ་གྱིམ་ཤིང་ཀོང་ཇོའི་མིང་པོ་ལ་རྒྱ་རྗེ་བྱེད་དུ་བཅུག་ཚུལ་བྲིས་འདུག་པ་དག་ལས་གསལ་པོར་ཤེས་ཐུབ།

(ཡང་རྒྱ་ཡི་ལོ་རྒྱུས་འགའ་རེར་ཐང་ཀའོ་ཙུང་གི་བུ་བརྒྱད་པ་དང་ཝུའུ་ཛེ་ཐན་གྱི་བུ་ཆུང་བ་ཐང་རུའེ་ཙུང་ལི་ཏན་(唐睿宗李旦)གྱི་བུ་མོ་ཡིན་པ་ཡང་བཤད་ཡོད་པར་ཐོས།)

གང་ལྟར་ཐང་ཀྲུང་ཙུང་ལིས་ཞན་(唐中宗李显)གྱི་ཅིང་ལུང་(景龙)ཁྲི་ལོ་བཞི་པ་དང་ཐང་རུའེ་ཙུང་ལི་ཏན་གྱི་ཅིང་ཡུན་(景云)ཁྲི་ལོ་དང་པོ་སྟེ་སྤྱི་ལོ་༧༡༠ལོར་གྱིམ་ཤིང་ཀོང་ཇོ་རྒྱ་རྗེའི་སྲས་མོའི་(帝女)ཐོབ་ཐང་གི་ཐོག་ནས་བྷོད་ཆེན་པོའི་ཆབ་སྲིད་ཀྱི་བཙུན་མོར་གཤེགས་པ་ཡིན།

དེ་ཡང་སྤྱི་ལོ་༧༠༤སྟེ་ཤིང་ཕོ་འབྲུག་གི་ལོར་ཡབ་བཙན་པོ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་མཆོག་འཇང་ཡུལ་དུ་སྐུ་གཤེགས་པའི་ལོ་དེེའི་དཔྱིད་ཀར་འཁྲུངས་པའི་ལྷ་བཙད་པོ་ཁྲི་ལྡེ་གཙུག་བཙན་མཆོག་(《ཏུན་ཧོང་གི་ཡིག་རྙིང》ལས། “འབྲུགི་ལོ་ལ་བབ་སྟེ། དཔྱིད་ཁོ་བྲང་ཙལ་དུ་རྒྱལ་གཙུག་རུ་བལྟམ། ……དགུན་བཙན་ཕོ་ཆབ་སྲིད་ལ་མྱ་ལ་གཤེགས་པ་ལས། དགུང་དུ་གཤེགས”ཞེས་བྱུང་།) དགུང་ལོ་བདུན་ལ་ཕེབས་པའི་དུས་སུ། མཛངས་ཤིང་དཀུ་ཆེ་བའི་བཙན་མོ་ཨ་ཕྱི་ཁྲི་མ་ལོད་མཆོག་གིས་བྷོད་བཙན་པོའི་ཆབ་སྲིད་ཀྱི་དགོས་མཁོ་དུ་མར་དམིགས་ནས་སྤྱི་ལོ་༧༠༩ལོའི་དགུན་ཁར་རྒྱ་ནག་ཏུ་ཞང་བཙན་ཏོ་སོགས་གཉེ་པོར་མངགས་ཏེ་སྤྱི་ལོ་༧༡༠ལོའི་དཔྱིད་ཀར་དགུང་ལོ་བཅུ་གསུམ་ཅན་གྱི་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོ་བག་མར་བསུས།

དེ་ཡང་།《ཏུན་ཧོང་གི་ཡིག་རྙིང》ལས། “ཁྱིའི་ལོ་ལ་བབ་སྟེ།(ལྕགས་ཕོ་ཁྱི་སྟེ་སྤྱི་ལོ་༧༡༠) བཙན་པོ་བལ་པོ་ན་བཞུགས། ཕྱི་(ཨ་ཕྱི)དྲོན་ན་བཞུགས། མཁྲིས་ཕ་ཏང་དུ་འདུན་མ་བསྡུས་སྟེ་བཙན་མོ་ཁོང་ཅོ་གཤེགས་པའི་ཡོ་བྱད་བཀྲལ། ཞང་བཙན་ཏོ་རེ་ལྷས་བྱིན་ལས་སྩོགས་པས། གཉེ་པོས་བཀྱི་སྟེ། (གཉེ་པོ་ཞེས་པ་ནི་བག་མ་བསུ་སྐྱེལ་བྱེད་མཁན་གྱི་མི་སྟེ་ཁམས་གོ་འཇོའི་ཡུལ་སྐད་དུ་ད་ལྟའང་དེ་ལྟར་གྲགས)བཙན་མོ་ཀིམ་ཤིང་ཁོང་ཅོ་ར་སའི་ཤ་ཙལ་དུ་གཤེགས། དགུན་བཙན་པོ་སྟངས་དཔྱལ་བྲག་དམར་ན་བཞུགས།”ཞེས་བྱུང་ཞིང་།

《ཐང་ཡིག་རྙིང་མ་ལས་ཐུ་བྷོད་ཀྱི་སྐོར》ལས། “ཟླ་བཅུ་གཅིག་པར། བྷོད་ནས་བློན་ཆེན་ཞང་བཙན་ཏོ་སོགས་ཀོང་ཇོ་བསུ་བར་མངགས།”ཞེས་དང་། “ཁྲི་ལོ་བཞི་པའི་ཟླ་དང་པོར། གོང་མ་ཧྲི་ཕཱིན་ཞན་(ད་ལྟའི་陕西省兴平县ཡིན་ཟེར)དུ་ཕེབས་ཏེ་ཀོང་ཇོ་སྐྱེལ།”ཞེས་བྱུང་།

《ཐང་ཡིག་གསར་མ་ལས་ཐུ་བྷོད་ཀྱི་སྐོར》ལས། “བྷོད་ནས་ཞང་ཏོ་རེ་ལྟ་སྦྱིན་སོགས་ཀོང་ཇོ་བསུ་བར་བཏང་། གོང་མས་ཀོང་ཇོ་ལོ་ན་གཞོན་པར་སེམས་ནས་དར་དང་གོས་ཆེན་ཡུག་ཁྲི་ཕྲག་འགའ་ཙམ་དང་། རྩེད་མོ་མཁན་དང་བཟོ་བོ་སྣ་ཚོགས་པའི་རྫོང་སྟ་གྱ་ནོམ་པ་བསྟར”ཞེས་སོགས་བྱུང་།

《སྲིད་སྐྱོང་མེ་ལོང》ལས། “གོང་མས་གྱིམ་ཤང་ཀོང་ཇོ་བོད་ལ་སྐྱེལ་དུ་ ……ཚེས་ཉེར་ལྔའི་ཉིན། གཡོན་རུའི་ཞའོ་ཝེ་དམག་དཔོན་ཆེན་མོ་དབྱང་ཅུས་(杨矩)བྱ་བར་བཀའ་ཕབ་སྟེ་སྐྱེལ་དུ་བཏང་། ཚེས་ཉེར་བདུན་ཉིན་གོང་མ་སྐུ་དངོས་ཀྱིས་ཀོ་ཇོ་ཧྲི་ཕིང་ཞེས་པའི་བར་དུ་བསྐྱལ།”ཞེས་བྱུང་།

དེ་ཡང་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོ་བྷོད་བཙན་པོའི་རྒྱལ་སྲིད་ཀྱི་བཙུན་མོར་ལེན་པའི་དགོས་པ་ནི་“བོད་ན་ཁབ་འོས་པ་མ་རྙེད”པ་དང་། “དབོན་ཞང་གི་མཛའ་འབྲེལ་མཐུད”པ་གང་ཡང་མ་ཡིན་པར། བཙན་མོ་འབྲོ་བཟའ་ཁྲི་མ་ལོད་དང་དབས་ཁྲི་གཟིགས་ཞང་ཉེན་ལ་སོགས་པ་ཆབ་སྲིད་ཀྱི་མཁྱེན་རྟོགས་དཔག་ཏུ་མེད་པའི་རྒྱལ་བློན་དག་གི་འདུན་གྲོས་བགྱིས་པའི་དགོངས་པ་ལྟར་བྷོད་ཆེན་པོའི་ཆབ་སྲིད་ཀྱི་དབུ་རྨོག་དཀར་པོ་འབའ་ཞིག་བཙན་ཞིང་མཐོ་བའི་ཆེད་དུ་སྟེ། བྷོད་ཀྱིས་གྱིམ་ཤིང་ཀོང་ཇོ་བཙུན་མོར་བླངས་བའི་ཉིན་དང་པོ་ནས་བཟུང་སྟེ་“ཀོང་ཇོ”དང་“དབོན་ཞང”གི་ངོ་སོ་ཁ་ལ་ཁྱེར་ཏེ་ཐང་གི་ས་རིས་འཕྲོག་པ། ཐང་གི་དམག་ཇུས་སློབ་པ། ནང་དབྱེན་གྱི་སྦྱོར་བ་རྩོམ་པ་སོགས་གང་ཇི་སྙེད་ཅིག་སྒྲུབ་འདུག་པས་སོ།།

དེ་ཡང་། 《ཐང་ཡིག་རྙིང་མ》ལས། “བྷོད་ནས་ཕོ་ཉ་བ་མངགས་ཏེ་དབྱང་ཅུ་སྐྱེས་ཀྱིས་ཚིམས་པར་བྱས་ཤིང་། ཧི་ཞི་གྱིག་ཆུའི་ས་ཆ་ཀོང་ཇོའི་བགོ་སྐལ་དུ་བསླངས་པ་ལ། དབྱང་ཅུ་ནས་གོང་མའི་སྙན་དུ་གསོལ་ཏེ་ས་ཆ་དེ་བྷོད་ལ་བྱིན། དེར་གྱིག་ཆུ་བྷོད་ཀྱིས་བཟུང་། ས་དེེར་རྩྭ་ཆུ་འཛོམས་པས་དམག་སྒར་འདེབས་པ་དང་ཕྱུགས་ཀྱི་འཚོ་སྐྱོང་ལ་ཤིན་ཏུ་སྨན་ཞིང་། ཐང་གི་ས་ཆ་དང་ཐག་ཉེ་བས། བྷོད་རྣམས་བློ་གྱུར་ཏེ་དམག་བྱེད་མགོ་བཙུགས། ……དབས་ཁྲི་གཟིགས་བྱ་བ་སོགས་ཀྱིས་དམག་མི་ཁྲི་ཚོ་བཅུ་ལྷག་ལིན་ཐའོ་ཅུན་ལ་དྲངས། ལན་ཀྲིག་དང་ཝེ་ཀྲིག་སོགས་ལའང་དམག་དྲངས་ཏེ་རྟ་ལུག་མང་པོ་འཕྲོགས། དབྱང་ཅུ་སེམས་འགྱོད་པ་དང་། གོང་མས་བཀྱོན་ཕབ་པར་འཇིགས་ཏེ་དུག་བཏུང་སྟེ་ཤི”ཞེས་དང་། ཐང་ཡིག་གསར་མ་ལས་ཀྱང་དེ་དང་མཐུན་པར་བྱུང་བ་དང་།

ཡང་《ཐང་ཡིག་རྙིང་མ》ལས། “བྷོད་ཀྱི་ཕོ་ཉ་བས་གོང་མ་ལ། ཀོང་ཇོས་མོ་ཧྲི་དང་། ལིས་ཅིས། ཙོ་ཀྲོན། ཝུའུ་ཞོན་བཅས་ཀྱི་གླེགས་བུ་རེ་འདོད་ཅེས་ཞུས་པ་ལ།(དེ་དག་ནི་དམག་གི་བསྟན་བཅོས་དཔེ་མེད་པ་རྐྱང་རྐྱང་ཡིན) གོང་མས་དྲུང་ཡིག་ལ་བུ་ཡིག་ཏུ་འབྲི་རུ་བཅུག་སྟེ་གནང་ཞེས་དང་།

རྒྱའི་བློན་ཆེན་ཡུས་ཞིག་ལེ་ཞེས་པས་གོང་མར་ཕུལ་བའི་ཡི་གེ་ལས། “བྷོད་པ་རང་རེ་དང་དགྲ་ཟླར་ལངས་གཤིས། དེབ་ཐེར་སོགས་གནང་བར་མི་འོས། དེར་མ་ཟད་བྷོད་པ་རྣམས་དཔའ་ཞིང་མཛངས་ལ། དེས་ཤིང་རྣོ་བ། ཀློག་ལ་བརྟུན་པ་ཤིན་ཏུ་ཆེ་བར་འདུག་ཅེས་ཀྱང་ཐོས་པས། གལ་སྲིད་ངེད་ཀྱི་དེབ་ཐེར་རྣམས་ཁོ་ཚོའི་བློ་ལ་ངེས་ཚེ། དམག་གི་བྱ་བ་ལ་མཁས་པར་འགྱུར་བ་གདོན་མི་ཟ།”ཞེས་དང་། “གཙུག་ལག་སློང་བ་ནི། བློན་བརྟུལ་པོ་བདག་གིས་གཞིགས་ན་ཀོང་ཇོ་རང་གི་བསམ་ཚུལ་མིན་ལས་ཆེ་སྙམ།”ཞེས་སོགས་དང་།

“བྷོད་རྣམས་ཀྱིས་སྙིང་ནད་བཅངས་ཡོད་ནའང་། ཕྱི་ཚུལ་གྱི་རྣམ་འགྱུར་འཇམ་པའི་ཁུལ་དུ་བྱས”ཞེས་དང་། “བྷོད་རྣམས་ནི་གཡོ་ཆེ་བས་འདུམ་མི་བྱེད”ཅེས་སོགས་ལ་ཅུང་ཟད་རེ་སོམས་དང་དཔའ་ཞིང་མཛངས་ལ་གཡོ་དང་སྒྱུ་ཆེ་བའི་ཆབ་སྲིད་པ་མཚུངས་པ་མེད་པའི་བྱེད་སྤྱོད་ཤ་སྟག་ཏུ་མཐོང་ཡོང་ངོ་།།

དེ་མིན་བྱིས་པ་ཅོལ་ཆུང་འགས་འཕྲུལ་གྱི་ལྷ་བཙན་པོ་དག་གིས་རྒྱ་རྗེར་ཚིག་ཅམ་བུ་ཉུང་ཟད་རེ་སྨྲས་པ་ལ་གླེན་འདེང་འདྲ་མེད་པ་རེ་རྒྱག་སྟེ་ལོ་རྒྱུས་ཀྱི་བྱུང་བ་ལ་ལོག་པར་རྟོག་པ་ནི་ཤིན་ཏུ་སྙིང་རྗེ་བའི་གནས་སོ།།

ད་ནི་སྐབས་འདིར་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོ་ལྷ་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡུམ་ཡིན་མིན་གྱི་བདེན་རྫུན་ཕུ་ཐག་ཕྱེ་བའི་སྐད་ཆ་འགའ་ཞིག་ཀྱང་མ་ལབ་ཐབས་མེད་ཡིན་པས། ལོ་རྒྱུས་ཁུངས་མ་དང་ཁུངས་མ་གཤིབས་ཏེ་ཅུང་ཟད་ཅིག་གླེང་ན། མ་གཞི་ནི་ཚང་མར་རྒྱུས་ཆེ་ཞིང་ཧ་ཅང་གྲགས་ཆེ་བའི་གཏམ་རྒྱུད་རིང་མོ་དེའི་རྫུན་རྐུབ་བརྟོལ་བར་ལས་སླ་མོ་ཞིག་སྟེ། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོ་དང་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོའི་འདས་ལོ་གཉིས་གསལ་པོར་ཤེས་ན་རྫུན་གྱི་རྔ་མ་བརྒྱ་ཐམ་པ་དུས་གཅིག་ལ་ཆད་པ་ཡིན་ནོ།།

དེ་ལ་བཙན་པོ་མཆོག་ནམ་ཞིག་ལ་འཁྲུངས་པ་ཡིན་ཞེ་ན། བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་པ་དག་གི་འདོད་པ་ནི་《སྦ་བཞེད》ལས་མེ་ཡོས་ཏེ་སྤྱི་ལོ་༧༨༧ནམ་ཡང་ན་ས་ཡོས་༧༩༩དང་། 《དེབ་དམར》དང་《མཁས་པའི་དགའ་སྟོན》《རྒྱལ་རབས་གསལ་མེ》སོགས་ལས་ལྕགས་ཕོ་རྟ་སྟེ་༧༩༠ཐམ་པ་དང་། བུ་སྟོན་རིན་པོ་ཆེས་ས་རྟ་སྟེ་༧༧༨དང་། ལྔ་པ་ཆེན་པོས་དྲུག་ཅུ་སྐོར་ཕྱི་མའི་ཆུ་རྟ་སྟེ་༨༠༢ལོ་བཅས་ལ་འཁྲུངས་པར་བཞེད་པ་ཐམས་ཅད་ནི། ཞོལ་རྡོ་རིང་གི་ཡི་གེ་དང་ཐང་ཡིག་སོགས་བསྡུར་ཙམ་བྱས་པས་མཁའ་ལ་འཇའ་བཞིན་གཏན་མེད་དུ་ཡལ་འགྲོ་སྟེ།

དེ་ཡང་། 《ཞོལ་རྡོ་རིང》ལས། “བཙནཿཕོཿཁྲྀཿསྲོངཿལྡེཿབརྩནཿཐུགསཿསྒམསཿལའཿབཀའཿགྲོསཿགྱྀཿརྒྱཿཆེཿབས། ཆབཿསྲྀདཿགརཿམཛད་དོཿཅོགཿདུའངཿལེགསཿསྟེཿ། རྒྱའྀ་ཁམསཿསུཿགཏོགསཿཔའྀཿཡུལཿདངཿམཁརཿམངཿཔོཿབཅོམཿསྟེཿབསྡུསཿནས། རྒྱཿརྗེཿཧེའུཿའགྀཿཝངཿཏེཿརྗེཿབློནཿསྐྲགཿསྟེ། ལོཿགཅིགཿཅིངཿརྟགཿཏུཿདཔྱཿདརཿཡུགཿལྔཿཁྲིཿཕུལཿཏེ། རྒྱཿདཔྱའཿའཇལཿདུཿབཅུགཿགོ། དེའྀཿའོགཿདུ། རྒྱཿརྗེཿཡབཿཧེའུཿའགྀཿཝངཿཏེཿགྲོངསཿསྟེ། རྒྱཿརྗེཿསྲསཿཝངཿབེངཿཝངཿརྒྱལཿཔོརཿཞུགསཿནས། བོདཿལཿདཔྱའཿའཇལཿདུཿམཿརུངཿསྟེཿབཙནཿཕོཿཐུགསཿསྙུངཿབའྀཿཚེཿངནཿལམཿཀླུཿཁོངཿགིས། རྒྱཿཡུལཿགྱྀཿཐྀལད་། རྒྱཿརྗེའྀཿཕོཿབྲངཿཀེངཿཤིར་། བོདཿགྱྀསཿདམགཿདྲངཿབའྀཿབཀའཿགྲོསཿགྱྀཿམགོཿཆེནཿཕོཿགསོལདཿནྶཿ། ཀེངཿཤིརཿདྲངཿབའྀཿདམགཿདཔོནཿཆེནཿཕོར། ཞངཿམཆིམསཿརྒྱལཿརྒྱལཿཟིགསཿཤུཿཐེངཿདང་། བློནཿསྟགཿསྒྲཿཀླུཿཁོངཿགཉིས། བཀའཿསྩལདཿཏེཿ། ཀེངཿཤྀརཿདྲངསཿནསཿཅིའུཿཅྀརཿགྱྀཿརབཿངོགསཿསུཿརྒྱཿདངཿཐབཿམོཿཆེནཿཔོཿབྱསཿཏེ། བོདཿགྱིསཿགཡུལཿབཟློགཿནས། རྒྱཿམངཿཔོཿབཏུངསཿཔས། རྒྱཿརྗེཿཀྭངཿཔེངཿཝངཿཡང་། ཀེངཿཤྀའིཿམཁརཿནསཿབྱུངཿསྟེའ། སཤེམཿཅིའུརཿབྲོསཿནས། ཀེངཿཤྀཿཕབཿསྟེཿ”ཞེས་དང་།

《སྲིད་སྐྱོང་མེ་ལོང》ལས། (ཐང་ཏའེ་ཙུང་ལིས་གཡུད་(唐代宗李豫)ཀྱི་ཀོང་ཏེ་(广德)ཁྲི་ལོ་དང་པོའི་༧༦༣ཟླ་བཅུ་པ) “ཚེས་དགུའི་ཉིན་བོད་དམག་ཁྲང་ཨན་དུ་མཁར་དུ་སླེབས། ཀའོ་ཧུའེ་དང་བོད་ཀྱི་དམག་དཔོན་ཆེན་མོ་སྟག་སྒྲ་ཀླུ་ཁོང་སོགས་ཀྱིས་སྔོན་གྱི་པིན་ཝང་གི་ཆོ་ལོ་ཅན་ལི་ཧྲོའུ་ལིའི་ཚ་བོ་ལི་ཁྲེང་ཧུང་གོང་མའི་ཁྲིར་བཀོད”ཅེས་དང་།

《ཐང་ཡིག་རྙིང་མ》ལས། “ཀོང་ཏེ་ཁྲི་ལོ་བཅུ་པའི་ཟླ་བཅུ་པར། བྷོད་ཀྱིས་འ་ཞ་དང་ཏང་ཞང་གི་འཇང་པ་བསྡོམས་པས་དམག་ཁྲི་ཚོ་ཉི་ཤུ་ལྷག་ཁྲིད་དེ། ……བྷོད་ཀྱི་དམག་དཔོན་ཆེན་མོ་སྟག་སྒྲ་ཀླུ་ཁོང་སོགས་ཀྱིས་པིན་ཝང་གི་སྲས་ཀོང་ཝུའུ་ཝང་ལི་ཁྲིན་ཧུང་བྱ་བ་གོང་མར་བསྐོས། བྷོད་དམག་རྒྱལ་ས་ཁྲང་ཨན་དུ་ཉིན་བཅོ་ལྔ་བསྡད་དེ་ཕྱིར་ལོག”ཅེས་པ་དག་གིས་ང་ཚོར་སྤྱི་ལོ་༧༦༣ལོར་ངེས་པར་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་འཁྲུངས་ཟིན་པ་དེ་གསལ་གསལ་ཐིང་ཐིང་དུ་ཤོད་ཀྱིན་འདུག་པས་སོ།། དེས་ན་དོན་ངོ་མར་བཙན་པོ་ཁྲོ་སྲོང་ལྡེ་བཙན་གྱི་འཁྲུངས་ལོ་ག་དུས་ཡིན་ཞེ་ན།

《ཏུན་ཧོང་གི་ཡིག་རྙིང》ལས། “རྟའི་ལོ་ལ། ……བཙན་པོ་སྲོང་ལྡེ་བརྩན་བྲག་མར་དུའ་བལྟམ། ཡུམ་མང་མོ་རྗེ་ནོངས་ཕར་ལོ་གཆྀག”ཅེས་བྱུང་བ་བཞིན། ཆུ་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ༧༤༢ལོར་སྐུ་འཁྲུངས་པ་ཡིན།

འོ་ན་རྒྱ་མོ་བཟའ་གྱིམ་ཤིང་ཀོང་ཇོ་ནམ་གཤེགས་པ་ཡིན་ཞེ་ན། 《ཏུན་ཧོང་གི་ཡིག་རྙིང》ལས། “ཡོས་བུའི་ལོ་ལ། (ས་མོ་ཡོས་ཏེ། ༧༣༩) དབྱར་བཙན་པོ་ཆབ་སྲིད་ལ་བེག་ཏུ་གཤེགས། སྲས་ལྷས་བོན་དྲོན་ན་བཞུགས་བཞུགས་པ་ལས་ནོངས། བཙན་པོ་ཡབ་དགུན་བོད་ཡུལ་དུ་སླར་གཤེགས། བཙན་མོ་ཀིམ་ཤེང་ཁོང་ཅོ་ནོངས་པར་ལོ་ཆིག”ཅེས་བྱུང་བ་དང་།

《ཐང་ཡིག་གསར་མ》ལས། (ཐང་ཞོན་ཙུང་ལིས་ལུང་ཅིའི་(唐玄宗李隆基)ཁའེ་ཡོན་(开元)ཁྲི་ལོ་ཉེར་བདུན་པ་སྟེ་སྤྱི་ལོ་༧༣༩) “ལོ་དེར་ཅིན་ཁྲིན་ཀོང་ཇོ་དགུང་དུ་གཤེགས། ལོ་དེའི་རྗེས་མར་ཀོང་ཇོའི་མདང་བཏང་།”ཞེས་བྱུང་།

《ཐང་ཡིག་རྙིང་མ》ལས། “ཁའེ་ཡོན་ཁྲི་ལོ་ཉེར་དགུ་པའི་དཔྱིད། (སྤྱི་ལོ་༧༤༡)ཅིན་ཁྲིན་ཀོང་ཇོ་གཤེགས། བྷོད་ཀྱིས་ཕོ་ཉ་བ་མངགས་ཏེ་གཏམ་དེ་ཞུས།”ཞེས་བྱུང་བ་དང་།

ཡང་《ཏུན་ཧོང་གི་ཡིག་རྙིང》ལས། “སྦྲུལ་གྱི་ལོ་ལ། (ལྕགས་མོ་སྦྲུལ་ཏེ་སྤྱི་ལོ་༧༥༡) བཙན་པོ་དབྱར་ཆབ་སྲིད་ལ་གཤེགསྟེ། རྒྱའི་མཁར་དར་ཁ་ཧྱན་ཕབ། ……བཙན་པོ་སྲས་ལྷས་བོན་དང་། བཙན་མོ་ཁོང་ཅོ་གཉིས་ཀྱི་མདང་བཏང་།”ཞེས་འབྱུང་བ་ལྟར། གྱིམ་ཤིང་ཀོང་ཇོ་བོད་དུ་མི་ལོ་༣༠ཙམ་བསྡད་དེ་སྤྱི་ལོ་༧༣༩སྟེ་རང་ལོ་༤༢ལོར་འདས་ཤིང་ལོ་གཉིས་ཀྱི་རྗེས་ནས་བོད་ཀྱི་ཕོ་ཉ་བས་རྒྱ་རྗེར་ཞུས་པ་དང་བོད་དུ་བཙན་པོ་སྲས་ལྗང་ཚ་ལྷས་བོན་དང་ལྷན་དུ་དུར་མཆོད་ཕུལ་བ་ཡིན་ཞེས་སྨྲའོ།།

དེས་ན་གྱིམ་ཤིང་ཀོང་ཇོ་འདས་ནས་མི་ལོ་གསུམ་ལྷག་གི་རྗེས་ནས་ལྷ་སྲས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་བལྟམས་པ་ཡིན་པས་ཁོང་གཉིས་ལ་ཡུམ་སྲས་ཀྱི་འབྲེལ་བ་ཞིག་ནི་མནའ་སྐྱེལ་ན་ཡང་འགྲུབ་ཐབས་མེད་དོ།།

མ་ཟད་《ཏུན་ཧོང་གི་ཡིག་རྙིང》ལས་ཀྱང་། “ཁྲི་ལྡེ་གཙུག་བརྩན་དང་། སྣ་ནམ་ཟའ་མང་མོ་རྗེ་བཞི་སྟེང་སུ་བཤོས་པའི་སྲས། ཁྲི་སྲོང་ལྡེ་བརྩན།”ཞེས་དངོས་སུ་གསལ་བས་སྙོན་འཛུགས་པའི་གོ་སྐབས་ལར་ནས་མི་འདུག་པས། “ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན།། སྣ་ནམ་ཞང་གི་དོན་མི་འཚལ།།”ཞེས་ཚར་གྲངས་བྱེ་བ་དུང་ཕྱུར་དུ་བགྲངས་བར་བྱེད་ཅིང་། “རྒྱ་མོས་ནུ་མ་བསྟན། སྨྲེ་ངག་བཏོན། ཆོ་ངེ་བོས”ཞེས་སོགས་ཉམ་ཐག་པའི་ཚིག་གླེགས་བམ་གང་བསྒྲིགས་པར་བྱེད་ཀྱང་སྡུག་གྱོང་འབའ་ཞིག་ལས་གང་ཡང་མ་ཡིན་ནོ།།

མ་གཞི་རྒྱའི་ཡིག་ཚང་རྙིང་པ་དག་ལས་གྱིམ་ཤིང་ཀོང་ཇོ་ལ་སྲས་བརྒྱུད་བྱུང་བའི་སྐོར་ཚིག་ཟུར་ཙམ་ཡང་མེད་པར་ཐོས་ཀྱང་། རང་རེའི་མཁས་པ་རྒན་པོ་དག་གིས་“དད་ལྡན་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་དུ”བརྩམས་པའི་རྒྱལ་རབས་ལོ་རྒྱུས་དག་གི་བྱིན་བརླབས་ཀྱིས་དེང་གི་རྒྱ་མི་དག་གིས་ཧ་ལས་ལས་ཀྱིས་公元763年,吐蕃攻陷大唐首都长安。而当时的吐蕃首领赤松德赞王就是金城公主所生的儿子(我不说谁知)ཞེས་ཡིན་མདོག་སྟོན་གྱིན་པ་ཡང་མཐོང་ངོ་།།

གང་ལྟར་ཡང་དེ་ལྟ་བུའི་ཁུངས་བཙུན་པའི་ཡིག་ཚང་དག་བསྡུར་ཏེ་ལབ་པའི་སྐད་ཆ་ཉུང་ངུ་དེ་ཙམ་གྱིས་གྱིམ་ཤིང་ཀོང་ཇོ་དང་འབྲེལ་བའི་“རོ་སྒྲུང”དག་གི་བསྟན་པ་རྨང་ནས་བཤིགས་པ་ཡིན་ནོ།།

ཞེས་པའི་གཏམ་ཐུང་འདིས་ཆེས་མ་མཐར་ཡང་རང་དང་འབྲེལ་ཡོད་པའི་བོད་ཀྱི་བྱིས་པ་ཆུང་ཆུང་འགའ་ཞིག་གིས་དོན་དངོས་ཀྱི་ལོ་རྒྱུས་ཁོང་དུ་ཆུད་དེ་རང་ངོ་རང་གིས་ཤེས་པའི་རྒྱུར་གྱུར་ཅིག།

༢༠༡༥/༩/༥ཡི་ནུབ་མོར།