མའོ་མོས་བརྩམས་ཤིང་ཚེ་རིང་གིས་བསྒྱུར།

སློབ་གསོ་ནི་མི་སོ་སོ་བདེ་ཐང་ངང་འཚར་ལོངས་བྱུང་བའི་གནད་འགག་དང་རྨང་རྡོ་ཡིན་ལ། དེ་ནི་ཉོག་འཛིང་རང་བཞིན་གྱི་མ་ལག་ལྡན་པའི་ལས་གཞི་ཞིག་རེད། སློབ་གསོ་འདི་ཉིད་ཆ་ཚང་བར་བརྗོད་ཚེ་ཁྱིམ་ཚང་དང་། སློབ་གྲྭ། སྤྱི་ཚོགས་གསུམ་གྱིས་མཉམ་དུ་གྲུབ་ཡོད་མོད། རང་རེའི་ཀྲུང་གོར་སློབ་གསོའི་ཁ་ཕྲལ་བ་དང་མི་འདང་བ། ལྷག་པར་ཁྱིམ་ཚང་སློབ་གསོའི་ཞན་ཆ་དང་སྐྱོན་ཆ་མངོན་པ་ཤིན་ཏུ་གསལ་བོ་རེད། བྱིས་པ་སྐྱེས་ནས་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད། སློབ་གསོའི་འགལ་ཟླའི་རང་བཞིན་དང་། ཕྱོགས་རེའི་རང་བཞིན། བཙན་ཐབས་རང་བཞིན་ང་ཚོའི་མདུན་དུ་སྣང་མེད་དུ་འཇོག་མི་རུང་བར་བསྟར་ཡོང་འདུག

འགལ་བའི་སྐབས་སུ། གལ་ཏེ་ཐག་གཅོད་ཀྱི་བྱ་ཐབས་འོས་མཚམས་ཤིག་མེད་ཚེ། ད་ནི་མཇུག་འབྲས་གཅིག་ཡོད་དེ། འགལ་བའི་ཕྱོགས་གཅིག་གིས་གཟུར་དགོས། གལ་ཏེ་བྱིས་པ་འཇིག་རྟེན་དང་ཁ་བྲལ་ཚེ་དེ་ནི་ཨག་སྐད་བྲལ་བའི་འཐབ་རྩོད་ཅིག་དང་། ཁུ་སིམ་པོའི་འོས་མེད་འགྲིག་ཐབས་ཤིག་དང་། རིག་པ་གསལ་ལ་ངར་ཤུགས་རྒྱས་ཏེ་ཐལ་དྲགས་པའི་ལམ་བུ་ཞིག་བཙལ་བ་ཁོ་ནའོ། །

ཀྲུང་གོའི་ཁྱིམ་ཚང་སློབ་གསོའི་སྐྱོན་ཆ་འགའ་ལ་ཁ་གཏད་ན། སྐད་ཆ་གཅིག་གིས་ཡོངས་སུ་བརྗོད་པར་དཀའ་མོད། ཕྲན་གྱིས་ཁྱིམ་ཚང་སློབ་གསོ་ཅུང་རགས་པའི་སྒོ་ནས་རིམ་པ་གཉིས་སུ་བགར་ཏེ། ནེའུ་ཆུང་སློབ་གསོ་དང་དར་མའི་སློབ་གསོ་གཉིས་ཀྱི་སྒོ་ནས་ཀྲུང་གོའི་ཁྱིམ་ཚང་སློབ་གསོའི་ནག་ཉེས་བཅུ་བགྲང་པར་བྱ།

གཅིག ཐལ་དྲགས་པོས་བྱིས་པར་གཅེས་པའམ་ངན་ལང་དུ་གཏོང་བ་དང་། བློ་རིག་མ་ཡིན་པའི་གཤིས་ཀ་སྐྱེད་བསྲིང་བྱེད་པ་སྣང་མེད་དུ་འཇོག་པ།

བྱིས་པ་ནི་ཕ་མའི་བརྩེ་དུང་གི་འབྲས་བུ་དང་སེམས་ཀྱི་དྭངས་མ་ཡིན་ལ། བྱིས་པར་གཅེས་པ་ནི་ལྷན་སྐྱེས་ཀྱི་འགན་འཁྲི་ཞིག་ཡིན་པར་སྙམ་མོད། ངན་ལང་དུ་བཏང་བ་ནི་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་བརྩེ་བ་གཞན་ཞིག་རེད། འཛམ་གླིང་གི་ས་ཆ་སོ་སོའི་སློབ་གསོའི་ཁྲོད་ཀྲུང་གོའི་ཕ་མས་བྱིས་པ་ལང་ཤོར་དུ་བཏང་བ་ནི་གཞན་ལས་ཁྱད་དུ་འཕགས་པ་ཞིག་རེད། གཅེས་དྲགས་པ་འདི་ནི་མི་གཤིས་ཁྲོད་བརྩེ་བས་བཞག་པའི་ར་མ་ལུག་གི་སེམས་ཁམས་ཤིག་སྟེ། འདི་འདྲའི་རྒྱུན་ལྡན་མིན་པའི་བརྩེ་བ་ཇེ་ཆེར་བཏང་རྗེས། ཞི་འཇམ་ནི་སྒྲོག་ཏུ་གྱུར་ལ། སྙིང་ཉེ་བ་ནི་རྙི་རུ་གྱུར། སློབ་གསོ་བ་མཱ་ཁ་ལེན་ཁུ་ཡིས་སྐད་ཆ་མིང་གྲགས་ཅན་ཞིག་ཡོད་དེ། ཚང་མ་བྱིས་པར་སྟེར་བ་དང་། ཁོའི་ཆེད་དུ་ཡོད་ཚད་བློས་སུ་གཏོང་བ། ཐ་ན་རང་ཉིད་ཀྱི་བདེ་སྐྱིད་ཀྱང་བློས་གཏོང་བར་བྱེད། འདི་ནི་ཕ་མས་བྱིས་པར་བྱིན་པའི་ཆེས་འཇིགས་ཡེར་བའི་ལེགས་སྐྱེས་རེད་ཅེས་གསུངས་ཡོད།

དེ་བཞིན་ངན་ལང་དུ་གཏོང་བ་ལས་གཞན། ཀྲུང་གོའི་ཕ་མ་དག་གིས་བྱིས་པའི་བློ་རིག་མ་ཡིན་པའི་རང་གཤིས་སྣང་མེད་དུ་འཇོག་པའང་ཧ་ཅང་སྐྲག་འོས་པ་ཞིག་རེད། འདིའི་ཕྱོགས་ནས། ཕ་མ་མང་ཤོས་ཀྱིས་རང་ཉིད་ཀྱི་བསམ་གཞིགས་ལྟར་བྱིས་པའི་སེམས་ཁམས་དང་། བརྩེ་བ། སྙིང་སྟོབས། དགའ་ཕྱོགས་སོགས་གཅོམ་པ་ཚབས་ཆེ་སྟེ། ལོ་གསུམ་བཞིའི་སྐབས་ནས་བཟུང་། ཕ་མ་དག་གིས་བྱིས་པར་ཡི་གེ་འབྲི་ཀློག་དང་བློ་སྦྱངས། རྩིས་རྒྱག་སོགས་བཀའ་ཕབ་ནས་སྦྱངས་པར་འཇུག་པ་ལས། བྱིས་པའི་བརྩེ་འདོད་པའི་ལྷན་སྐྱེས་ཀྱི་རང་གཤིས་ལ་འདང་མི་རྒྱག་པར། བཙན་གྱིས་རིག་གནས་སྦྱོང་དུ་འཇུག་པ་དང་། ནམ་ཡང་གཤེ་གཤེ་རུ་སོང་བས། བྱིས་པའི་རང་ཉིད་བརྩི་མཐོང་གི་སེམས་དང་། སྤོབས་པ། རྒྱུན་འཁྱོངས་རང་བཞིན། གསར་གཏོད་ཀྱི་ནུས་པ་སོགས་བློ་རིག་མིན་པའི་གཤིས་ཀ་སྐྱོང་བ་སྣང་མེད་དུ་འཇོག་པར་བྱེད། འོན་ཀྱང་བྱིས་པ་ནི་བྱིས་པ་རེད། གལ་སྲིད་ཁོང་གི་ཆུང་ཆུང་གི་སེམས་པ་ལ་རྒྱུ་མཚན་མང་དུ་བརྗོད་རྒྱུ་ཡོད་ནའང་། ཁོང་གིས་ཕ་མའི་མིག་ཟུང་ཆེར་བགྲད་དང་། ཁུ་ཚུར་གནམ་ལ་གཤར་བ་དེའི་འོག་ནས་ཅི་ཞིག་བརྗོད་ཐུབ་ཨང་།

གཉིས། སེམས་ཁམས་ལ་བཙན་བཀོལ་ཏེ། མི་གཤིས་འཁྱོངས་པ་མེད་བརླག་ཏུ་བཏང་།

སློབ་གསོ་ཞིག་དང་འབྲེལ་བའི་གཏམ་རྒྱུད་ཆུང་ཆུང་ཞིག་ལ་ཤིན་ཏུ་དོན་སྙིང་ལྡན་ཏེ། བརྗོད་པ་ནི་ཀྲུང་གོའི་ཁྱིམ་ཚང་སློབ་གསོ་དང་ཕྱི་རྒྱལ་གཉིས་ཀྱི་ཁྱད་པར་རེད། ཀྲུང་གོའི་བྱིས་པ་ཞིག་གིས་རང་ཉིད་ཀྱིས་བྲིས་པའི་རི་མོ་ཞིག་ཁྱེར་ཏེ་ཕ་མར་བལྟ་རུ་འཇུག་དུས། ཁྱེད་ཀྱིས་ལྟོས་དང་། ངས་བྲིས་པ་འདྲ་པོ་ཨེ་རེད་ཅེས་འདྲི་བར་བྱེད། དེ་བཞིན་ཕྱི་རྒྱལ་གྱི་བྱིས་པས་རང་ཉིད་ཀྱི་ཕ་མར་འདྲི་བ་ནི། ཁྱེད་ཀྱིས་ལྟོས་དང་། ངས་བྲིས་པ་ཡག་གམ་མི་ཡག ༼ འདྲ ༽དང་༼ ཡག ༽འདི་གཉིས་ཡི་གེ་གཅིག་ལས་མ་འདས་མོད། བར་ཁྱད་གནམ་ས་ལྟ་བུ་རེད། ཁོར་ཡུག་གཅིག་འདྲའི་འོག་ནས་དྲི་བ་འདྲི་སྟངས་མི་གཅིག་པ་ལ། དྲིས་ལན་བཏབ་པའང་ཁོ་ཐག་ལ་གཅིག་མི་སྲིད། གནའ་ནས་ད་ལྟའི་བར། ཀྲུང་གོའི་མིའི་བློ་རིག་གཞན་ལས་མི་དམན་མོད། ང་ཚོའི་གསར་གཏོད་ནུས་པ་དང་། བབ་བསྟུན་ནུས་པ། འགྲན་རྩོད་ཀྱི་ནུས་པ་གཞན་ལས་དམན་པ་ནི་བརྗོད་མི་དགོས་པ་ཞིག་རེད། ཕ་མ་ནི་བྱིས་པའི་ཆེས་ཐོག་མའི་དགེ་རྒན་ཡིན་ལ། གལ་ཏེ་ང་ཚོའི་དགེ་རྒན་ལ་ཆུང་དུས་ནས་སེམས་ཁམས་ལ་བཙན་བཀོལ་བའི་སློབ་གསོ་བྱེད་སྟངས་སྤེལ་ནས། རྙིང་ཞེན་གྱི་འདུ་ཤེས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་གསར་བརྗེ་བྱེད་མེད་པར། རྗེས་སུ་སློབ་གསོའི་འགན་ཁུར་ལྗིད་མོ་ཁོ་ཚོའི་སྟེང་དུ་ལྷུང་ཚེ། ང་ཚོའི་མྱོང་བར་བྱ་བ་ནི་ཇི་འདྲའི་སྐྲག་འོས་པ་ཞིག་རེད། འགན་ཐེག་པའི་སྐད་ཆ་ཞིག་བཤད་ན། ང་ཚོའི་བྱིས་པ་ཚོར་ཆེས་ཐོག་མའི་དགེ་རྒན་གྱི་སྐྱེད་བསྲིང་ཁྲོད། རང་ཚུགས་ཀྱི་སྒེར་གཤིས་ཤིག་འཁྱོངས་མེད་ཚེ། འདི་ནི་ཕ་མའི་སྐྱོན་ཆ་མ་ཡིན་པར་ཀྲུང་གོའི་ཁྱིམ་ཚང་སློབ་གསོའི་སྐྱོ་གར་རང་རེད།

གསུམ། དངོས་པོའི་བསླུ་བྲིད་ཀྱིས་རྒྱུ་ནོར་ལ་དགའ་བ་མི་མངོན་པར་སྐྱེད་བསྲིང་བྱས།

ཀྲུང་གོའི་ཁྱིམ་ཚང་སློབ་གསོའི་ནང་དུ་འཚར་ལོངས་བྱུང་བའི་བྱིས་པ་ཞིག་ལ་མཚོན་ན། དངོས་པོའི་བསླུ་བྲིད་ཅེས་པའི་ཐ་སྙད་འདི་ཉིད་ཆ་རྒྱུས་མེད་པ་ཞིག་མིན། རྒྱུས་ལོན་བྱུང་བ་ལྟར་ན། འདི་ནི་ཀྲུང་གོའི་ཕ་མ་རྣམས་ཀྱི་ཐབས་བཀོད་གལ་ཆེན་ཞིག་སྟེ། རྒྱུགས་འབྲས་ཀྱི་སྐར་ཚད་85ཡན་ཞིག་བླངས་ཚེ། བྱིས་པར་རྩེད་སྤྱད་ཉོ་བ་དང་ཞོར་ཟས་ཉོ་བར་བྱེད། གལ་ཏེ་འཛིན་གྲྭ་ཡོངས་ཀྱི་ཨང་གསུམ་པའི་ཡན་དུ་ཚུད་ཚེ། སྒོར་བརྒྱ་སོགས་སྟེར་བར་བྱེད། འདི་བཞིན་བསླུ་བྲིད་ཀྱི་རྣམ་པ་མི་འདྲ་ཡང་ངོ་བོ་དང་མཇུག་འབྲས། སེམས་ཁམས་བཅས་གཅིག་ཏུ་མཐོང་། གལ་སྲིད་མི་ཚེའི་ལྟ་བའི་རེ་སྙེགས་ནི་དངོས་པོའི་སྟེང་གི་འདོད་རྔམ་ཅན་དུ་གྱུར་ཚེ། ང་ཚོས་གང་ཞིག་ནས་རང་ཚུགས་ཀྱི་འགྲན་རྩོད་ཀྱི་འདུ་ཤེས་དང་བདེ་ཐང་གི་མི་གཤིས་གླེང་དགོས་སམ། གནས་ལུགས་སྐབས་ལ་རེར་ཕན་ཚུན་འདྲེས་ནས་ཡོད་དེ། ༼ བདེན་པའི་རྒྱབ་ལངས་ཀྱི་བྱ་དགའ་ ༽ལྟ་བུའི་ངུ་མ་དགོད་ཀྱི་ལམ་ལུགས་ཤིག་སྤེལ་བ་བཞིན་རེད། འདི་ནི་མི་གཅིག་གི་སྐྱོ་གར་མིན་པར། སྤྱི་ཚོགས་ཤིག་གི་སྐྱོ་གར་རེད། ཐ་ན་ཁྲིམས་སྐྱོང་འཐུས་ཚང་དུ་མེད་པའི་རྒྱལ་ཁབ་ཏུ། མི་རིགས་དེ་དང་དེའི་རིག་གནས་ཀྱི་སྐྱོ་གར་ཞིག་མཚོན་པ་རེད། བྱིས་པའི་སེམས་པའི་ངོགས་སུ། འདི་ནི་རྒྱུ་ནོར་ལ་རྔམ་པའི་མི་མངོན་པའི་བསླུ་བྲིད་ཅིག་རེད་ལ། ཡང་གཅིག་བཤད་ན་མཚམས་འདི་ནས་བཟུང་། རུལ་སུངས་ཀྱི་སྒོ་ཡོལ་ཞིག་དལ་མོར་ཕྱེས་པ་རེད།

བཞི། ལུས་པོར་མནར་གཅོད་གཏོང་བ་ནི་རྒྱུགས་སྤྲོད་སློབ་གསོའི་ངན་རོགས་ཆེས་གཙོ་བོ་རེད།

ལུས་པོར་མནར་གཅོད་གཏོང་བ་ནི་ཀྲུང་གོའི་བྱིས་པ་རྣམས་ལ་མཚོན་ན་ཧ་ཅང་ཆ་རྒྱུས་ལྡན་པ་ཞིག་རེད། ལྷག་པར་དུ་ཞིང་གྲོང་དང་སློབ་གསོ་མ་དར་བའི་ས་ཁུལ་གྱི་སློབ་གྲྭའི་ནང་དུ། ཀྲུང་གོའི་ཁྱིམ་བདག་རྣམས་ལ་རྒྱུ་མཚན་སྣ་མང་དུ་ཡོད་དེ། མ་གཅར་ན་ལེགས་པོ་མི་འཁྱོངས་ཞེས་པ་དང་། དབྱུག་པའི་འོག་ནས་ཡ་རབས་འབྱུང་ཟེར་བ་སོགས་རེད། དེ་ལྟར་གནས་ལུགས་དེ་ཉིད་སོ་ཆུན་བཞིན་འཁོར་བཞིན་ཡོད་པ་ནི། དབྱུག་པས་གཅར་རྡུང་ཁྲོད་འཚར་ལོངས་བྱུང་བའི་ཕ་མ་དག་གིས་དབྱུག་པ་བཟུང་ནས་བྱིས་པར་གནས་ལུགས་བཤད་ལ། དབྱུག་པའི་གཅར་རྡུང་འོག་བྱུང་བའི་དགེ་རྒན་དག་གིས་དབྱུག་པ་བཟུང་ནས་རང་ཉིད་ཀྱི་སློབ་མ་སློབ་གསོ་གཏོང་བ་དེ་བཞིན་རེད།
སུས་ཀྱང་ཤེས་གསལ་ལྟར། རྒྱུགས་སྤྲོད་སློབ་གསོ་དང་བྱ་གག་མྱུར་གསོའི་སློབ་ཁྲིད་ལམ་ལུགས་ནི་མི་འགྲིག་པ་རེད། འོན་ཀྱང་རྒྱུགས་འབྲས་ལ་སྒུག་ནས་མིག་དམར་པོར་གྱུར་བའི་ཁྱིམ་བདག་རྣམས་ལ་མཚོན་ན། ཁོང་ཚོས་དེར་ཁ་ཡ་མི་བྱེད་པར། ཆེས་བློ་བདེ་བ་དང་ཡིད་ཚིམ་པ་ནི་སློབ་གྲྭའི་སློབ་གསོར་རྒྱབ་སྐྱོབ་བྱེད་པ་ཡིན་པས། རང་ཉིད་རྒྱུགས་སྤྲོད་སློབ་གསོའི་ངན་རོགས་སུ་གྱུར་བ་ཤེས་མེད། སློབ་གྲྭ་གྲོལ་རྗེས་དཔེ་ཁུག་ཐང་ལ་བཞག་མ་ཐག་ཕ་མས་ཐོག་མར་དྲི་བར་བྱ་བ་ནི། དེ་རིང་བཀོད་སྒྲིག་བྱས་པའི་ལས་བྱ་བྲིས་ཚར་རམ་མ་ཚར། མ་ཚར་གོང་རྩེ་རུ་འགྲོ་འདོད་དམ་ཟེར་བ་སོགས་ནི་མི་ཚང་མ་བརྒྱུད་མྱོང་བ་ཞིག་རེད་ལ། མི་རེ་རེས་དང་ལེན་བྱས་མྱོང་བ་ཞིག་རེད། ད་ལྟ་ཕྱིར་འདང་རེ་བྱས་ན་དགོད་སྤྲོ་བ་ཞིག་ཨེ་རེད།

ལྔ། ཞོགས་བཀའ་དགོང་སྒྱུར་བྱེད་པས་སློབ་གསོའི་དམིགས་འབེན་གྱི་ཕུགས་ཡུལ་རང་བཞིན་དང་གོ་རིམ་རང་བཞིན་མེད་པར་གྱུར་བ།

འདི་ཡང་ཀྲུང་གོའི་ཁྱིམ་བདག་རྣམས་ལ་མཐའ་གཅིག་ཏུ་ལེ་བདའ་བྱེད་མི་རུང་སྟེ། ཁྱིམ་བདག་མང་ཤོས་འཚོ་རྟེན་གྱི་ཆེད་གང་སར་འདུར་རྒྱུགས་བྱེད་བཞིན་ཡོད། འོན་ཀྱང་ཐག་བཅད་ཆོག་པ་གཅིག་ནི། དེ་རིང་ཁོ་ཚོའི་བསམ་པར་དཔོན་པོ་བྱས་ན་བཟང་བས་བྱིས་པ་སློབ་སྦྱོང་ལེགས་པོར་བྱེད་དུ་བཅུག་སྟེ། རྗེས་ཕྱོགས་དཔོན་གནས་ཤིག་རེག་པར་འདོད་པ་དང་། སང་ཉིན་ཁོ་ཚོའི་བསམ་པར་དཔེ་ཆ་བརྩམས་ན་རྒྱུ་ནོར་བཙལ་ཐུབ་པར་སྙམ་ནས། བྱིས་པར་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་སྤུངས་པར་བྱེད། ཡིན་ཡང་། ཁྱིམ་བདག་རང་ཉིད་ཀྱི་བསམ་བློའི་ཆུ་ཚད་མི་འདྲ་བའི་དབང་གིས། དེར་བསྟུན་གྱི་བྱེད་ཐབས་མི་འདྲ་བའང་འབྱུང་སྲིད་པ་རེད། དེ་བས་ཁ་སང་གི་སྐད་ཆ་དེ་རིང་འགྱུར་བ་དང་། ད་ནངས་ཀྱི་བཀོད་སྒྲིག་དགོང་མོར་སྒྱུར་བར་བྱེད་པར་དགའ་བས། ཁྱིམ་ཚང་སློབ་གསོ་ནང་བྱིས་པའི་མ་འོངས་པའི་རིག་གནས་སློབ་ལུགས་དང་ཤེས་བྱའི་ཁ་ཕྱོགས་ལ་ཕུགས་ཡུལ་ལྡན་པ་ཞིག་མེད་ལ། གོ་རིམ་རང་བཞིན་ཅན་ཡང་མི་འདུག ཐ་ན། སྣང་ཚུལ་འདིར་ཐལ་དྲགས་པ་གཉིས་ཡོད་འདུག་སྟེ། གཅིག་ནི་ཁྱིམ་བདག་གིས་བྱིས་པ་བྲན་བཀོལ་བྱེད་པ་དེ། ཁྱིམ་བདག་གི་བཀའ་ནི་བཀའ་ཡིན་པས་དེ་ལས་བདའ་མི་རུང་ལ། མཛུབ་མོས་ཤར་བསྟན་ན་ཤར་དང་ནུབ་བསྟན་ན་ནུབ་ཡིན་དགོས། གཉིས་ནི་ཁྱིམ་བདག་གིས་བྱིས་པར་ཁ་ཡ་སྤུ་ཙམ་ཡང་མི་བྱེད་པ་སྟེ། བྱིས་པར་བཀོད་སྒྲིག་ཅི་ཡང་མི་བྱེད་པར་རྒྱ་ཡན་དུ་བཏང་ནས། ཁྱིམ་ཚང་སློབ་གསོ་རྩ་བ་ནས་སྤངས་ཤིང་དོ་སྣང་ཅི་ཡང་མི་བྱེད་པས། འདི་ལས་བྱུང་བའི་མཇུག་འབྲས་ནི་ཇི་འདྲ་ཞིག་ཡིན་པ་རྟོགས་ཐུབ།

དྲུག བསམ་བློའི་འདུ་ཤེས་ཀྱི་སྟེང་བྱིས་པ་ནི་ཁྱིམ་བདག་གི་ཆེས་ངོ་ཤེས་པའི་རྒྱུས་མེད་པ་དེ་རེད།

གལ་ཏེ་སྔོན་གྱི་ཕྱོགས་ལྔ་ནས་བཤད་པ་དེ་བྱིས་པའི་སློབ་གསོ་གཞིར་བཟུང་བ་ཡིན་ཞེ་ན། རྗེས་ཀྱི་ལྔ་ནི་ཁྱིམ་བདག་རྣམས་ཀྱིས་འཚར་ལོངས་བྱུང་བའི་ན་གཞོན་གྱི་སློབ་གསོར་བཟུང་བ་དེ་ཡིན། སྔ་མོའི་ཁྱིམ་ཚང་སློབ་གསོའི་སྐབས་ཀྱི་ཕ་མ་ནི་དོན་ཕལ་ཆེར་གྱི་ཁྲོད་གཙོ་བོ་ཡིན་མོད། ལོ་ན་སོན་པའི་སློབ་གསོའི་ཁྲོད། སློབ་གྲྭས་ཕ་མའི་འགན་ཁུར་ལྕི་མོ་ཕྲག་ཏུ་ཁུར་ཡོད། དེ་དུས་ཕ་མས་དབུགས་རིང་ཞིག་འཕེན་ཞོར། བྱིས་པ་སློབ་གྲྭར་བསྡད་རྗེས་དགེ་རྒན་གྱིས་བྱིས་པར་སློབ་གསོ་གཏོང་ངེས་པས། རང་ཉིད་ཀྱིས་ངལ་གསོས་ཆོག་ལ། བྱིས་པ་ཟླ་གཅིག་གམ་ཡང་ན་ལོ་ཕྱེད་ནང་དུ་ཡུལ་ལ་ཐེངས་ཤིག་ལོག་པར་བྱེད་པས། ཕ་མས་སློབ་གསོ་གཏོང་ཐབས་མེད་ཅེས་བརྗོད་པར་བྱེད། སྐབས་འདིར་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཆ་ཚང་བའི་གཅིག་མཐུན་བྱུང་མེད་པས། འགལ་བ་བྱུང་འགོ་བརྩམས་པ་རེད། འགལ་བ་བྱུང་བ་བསྟུན། ཕྱོགས་གཅིག་ནས་བྱིས་པ་མྱུར་མོར་འཚར་ལོངས་བྱུང་བ་དང་། ཁོར་ཡུག་གསར་བ་དང་གྲོགས་པོ་གསར་བ་སོགས་མི་མིའི་འབྲེལ་བ་འཛུགས་པ་དང་གཏན་ཆགས་སུ་འགྲོ་བཞིན་ཡོད་ལ། ཕྱོགས་གཞན་ཞིག་ནས་ཁྱིམ་བདག་གིས་བྱིས་པའི་རྒྱུུས་ལོན་མེད་པར་གྱུར། རྒྱུན་པར་ངོ་འཕྲད་ཀྱིན་མེད་རྐྱེན། རྗེས་སུ་ངོ་འཕྲད་ཀྱང་སྤྱིར་བཏང་གི་སྐད་ཆ་འགའ་ལས་བརྗོད་པར་མི་བྱེད་ལ། མཐའ་མར། བྱིས་པ་ཁྱིམ་བདག་རྣམས་ཀྱི་ཆེས་ངོ་ཤེས་པའི་རྒྱུས་མེད་པ་ཏུ་གྱུར་ལ། རྒྱུས་ཡོད་པ་བྱིས་པའི་སྔོན་ཆད་ཡིན་པ་དང་། རྒྱུས་མེད་པ་བྱིས་པའི་བསམ་པའི་འདུ་ཤེས་དང་མ་འོངས་པ་རེད།

བདུན། བྱ་གཞག་གྱི་ཕྱོགས་སུ་བྱིས་པ་ནི་ཁྱིམ་བདག་གི་མངོན་འགྱུར་བྱེད་མ་ཐུབ་པའི་ཕུགས་བསམ་གྱི་ལག་ཆར་གྱུར་བ།

ངེད་ཀྱི་སྐབས་སུ་ཆ་རྐྱེན་སྡུག་པོ་ཡིན་ལ་སློབ་ཆེན་དུ་འགྲོ་བའི་སྐལ་བ་མ་ལྡན། དེ་བས་ཁྱོད་ཀྱིས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ། སློབ་ཆེན་འགྲིམས་ནས་ཡོན་ཏན་སྦྱངས་དགོས་ཞེས་ཀྲུང་གོའི་ཁྱིམ་བདག་ཕལ་ཆེན་གྱིས་འདི་ལྟར་འདོད་ཀྱིན་ཡོད་ལ། མ་མཐར་ཡང་སློབ་སྦྱོང་བྱས་ནས་སློབ་ཆེན་བཟང་པོ་ཞིག་ཏུ་འཕྲོད་དགོས་ཞེས་པ་ནི་ཁྱིམ་བདག་རྣམས་ཀྱི་རེ་བ་ཉག་གཅིག་རེད། སློབ་ཆེན་དུ་འཕྲོད་རྗེས་ཁྱོད་ཀྱིས་ལྟོས་དང་། ངས་ཀྱང་སློབ་ཆེན་བཏོན་མོད་དཔོན་གནས་དགའ་ཞིག་རེག་མ་ཐུབ། དེ་བས་ཁྱོད་ཀྱིས་སློབ་ཆེན་འགྲིམས་ཚར་རྗེས་ངེས་པར་དུ་དཔོན་གནས་ཆེན་པོ་ཞིག་རེག་དགོས་ཞེས་པ་ལྟ་བུ་འདི་ནི་ཁྱིམ་བདག་རེ་འགའ་ཞིག་གི་བསམ་བློ་ཡིན་ལ། དེའི་རྐྱེན་གྱིས་བྱིས་པ་སློབ་ཆུང་འགྲིམ་པའི་སྐབས་ནས་བཟུང་འབྲེལ་བ་སྣ་ཚོགས་འཚོལ་བ་དང་། སློབ་འབྲིང་བཟང་པོ་ཞིག་ཏུ་འགྲིམ་དུ་འཇུག་ལ། རྗེས་སུ་བྱིས་པས་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་ཕྱིར་ཡུལ་ལ་ལོག་ནས། ཕ་མར་ངས་སློབ་ཆེན་གང་ཞིག་འདེམས་དགོས་ཞེས་འདྲི་བར་བྱ་བ་ཡིན།

འདི་ནི་ཀྲུང་གོའི་བྱིས་པ་རེད་ལ་ཉིན་འགའི་རྗེས་སུ་སློབ་ཆེན་དུ་འགྲོ་དགོས་ཀྱང་ད་དུང་ཕ་མར་ཆེད་ལས་དང་སློབ་གྲྭ་འདེམས་སུ་འཇུག མཇུག་འབྲས་འདི་འདྲ་ནི་ཀྲུང་གོའི་རང་བཞིན་གྱི་ཁྱིམ་ཚང་སློབ་གསོའི་ངན་འབྲས་རེད། ཕ་མའི་ངག་ལ་ཉན་དུ་འཇུག་པ་དང་དགའ་ཕྱོགས་དང་ཕུགས་བསམ་ཚང་མ་ཕ་མར་བསྟུན་དགོས་པས་ན། བྱིས་པ་ནི་ཕ་མའི་ཕུགས་བསམ་མངོན་འགྱུར་བྱེད་སྤྱད་ཀྱི་ལག་ཆ་ལས་མ་འདས།

བརྒྱད། ཀུན་སྤྱོད་ཀྱི་ཕྱོགས་སུ་ཁྱིམ་བདག་དང་སློབ་གྲྭའི་སློབ་གསོ་ཚང་མ་སྟོང་བ་ཉིད་རེད།

གནད་དོན་འདི་ང་ཚོས་ཀུན་སྤྱོད་ཀྱིས་རྒྱལ་ཁབ་སྐྱོང་བ་ཞེས་པ་དང་སྦྲེལ་ན་ལྷག་པར་དོན་སྙིང་ལྡན་པ་ཞིག་རེད་ལ། ཡང་གཅིག་བཤད་ན་ཀྲུང་གོའི་ཀུན་སྤྱོད་ཀྱི་གནད་དོན་འུ་ཐུག་པའི་ཚད་ཡིན་པ་སྟོན་ཐུབ། གལ་ཏེ་ཀུན་སྤྱོད་ནམ་ཡང་ཁ་ནང་དུ་བཟུང་བ་ཙམ་དུ་བྱས་ན་ང་ཚོར་ཡོད་པ་དང་རྟོགས་པའི་ཀུན་སྤྱོད་ཉམས་དམས་སུ་སོང་ཡོད་དམ་མེད།

འདི་ནི་བློ་རིག་མ་ཡིན་པའི་མངོན་ཚུལ་ཞིག་སྟེ། ཀྲུང་གོའི་ཁྱིམ་ཚང་སློབ་གསོའི་ནང་དུ་ཆེས་གཙིགས་ཆེན་དུ་འཛིན་པའི་བློ་རིག་གི་ཆ་ཡིན་པ་ལས། གཞན་ཀུན་སྤྱོད་དང་ལུས་རྩལ། མཛེས་དཔྱོད། ངལ་རྩོལ་སོགས་ཀྱི་ཕྱོགས་འཕེལ་རྒྱས་སུ་གཏོང་བ་སློབ་གྲྭར་ཡང་སྟོང་ཆར་ལུས་འདུག་པས་ཁྱིམ་བདག་ལྟ་ཅི། ཆུང་དུས་བྱ་དགའ་གནང་དུས་སྟེང་དུ་བྲིས་པ་ལས་ཤེས་ཐུབ་སྟེ། སློབ་མ་འདི་ནི་སློབ་སྐབས་འདིའི་ནང་དུ་སྤྱོད་རིག་རྩལ་མཛེས་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་ལ་རྒྱུགས་འབྲས་རྨད་དུ་བྱུང་བས། བྱ་དགའི་བདག་རྐྱེན་འདི་གནང་སྟེ་སྐུལ་མ་བཏང་བ་ཡིན་ཞེས་བྲིས་ཡོད། འོན་ཀྱང་དོན་དངོས་སུ་རྒྱུགས་ཤོག་སྟེང་དུ་སྐར95བླངས་བ་གཅིག་པུ་རེད། དེ་ལས་མ་འདས།

དགུ། འཚོ་བའི་ཕྱོགས་སུ་རྒྱུ་དངོས་ཀྱི་རྒྱབ་སྐྱོར་བྱས་པ་ཐལ་དྲགས་པ།

འདི་ནི་གཅེས་དྲགས་པ་དང་འབྲེལ་བ་ལྡན་ལ་ཡང་ཚང་མ་ཆ་མཚུངས་ཤིག་མ་རེད། གལ་ཏེ་བྱིས་པ་ཆུང་དུས་སུ་ཁ་གདངས་ན་ཟ་མ་དང་ལག་བསྲིངས་ན་གྱོན་པ་ཡིན་ཚེ། རྗེས་སུ་འཚར་ལོངས་བྱུང་ནས་ཕྱི་རོལ་དུ་སློབ་གྲྭ་འགྲིམ་དུས། རྒྱུ་དངོས་ཀྱིས་རྒྱབ་སྐྱོར་ཐལ་དྲགས་བྱེད་པ་སྨྲོས་མ་དགོས།

བྱིས་པ་ཆུང་དུས་སུ་སྒོར་མོའི་ཡོང་ཁུངས་ལ་རིགས་འགའ་ཡོད་དེ། རྒྱུགས་སྐར་ཚད་ཐིག་ཏུ་ལོངས་པའི་༼ བྱ་དགའ ༽དང་། ཕ་མར་དངོས་པོ་ཉོ་རོགས་བྱས་རྗེས་ཀྱི་སྒོར་སིལ་མ། ཁྱིམ་བདག་གིས་རླངས་འཁོར་འདུག་སྤྱད་ཟ་མ་བཟའ་སྤྱད་དུ་བྱིན་པའི་སྒོར་མོ། ཤ་ཉེ་གྲོགས་པ་དག་གིས་བྱིན་པའི་དགའ་རྟགས། ལྷག་པར་དུ་ལོ་གསར་གྱི་སྐབས་སྟེར་བའི་སྒོར་མོ། གུང་གསེང་གི་སྐབས་གླ་བྱས་པའི་སྒོར་མོ་བཅས་ཕལ་ཆེར་འདི་འདྲ་རེད། ཡོང་ཁུངས་འདི་དག་གིས་ཕ་མས་རྒྱབ་སྐྱོར་བྱས་པའི་རྒྱུ་དངོས་དང་གླེང་རིན་མེད་པ་ཞིག་ཡིན་མོད། གལ་སྲིད་ཐལ་དྲགས་ཚེ་རྒྱུ་ནོར་གྱིས་ཀླད་པ་ཁེངས་པ་ཞིག་ལ། ཀུན་སྤྱོད་ཀྱང་ག་འདྲ་ཞིག་ཡོད་པ་རྟོགས་ཐུབ།

བཅུ། ཕོ་མོའི་སློབ་གསོ་ནི་བྱིས་པ་འཚར་ལོངས་བྱུང་བའི་བཀག་རྡོར་གྱུར་འདུག

ཀྲུང་གོའི་སློབ་གསོ་མཚམས་འདིར་སླེབས་ཀྱང་ཕོ་མོའི་སློབ་གསོ་ནི་འོས་འཚམས་ཅན་ཞིག་གཅིག་ཀྱང་མི་འདུག ཁྱིམ་ཚང་སློབ་གསོ་ནང་དུ་ཕོ་མོའི་འབྲེལ་བ་ནི་གཞའ་གཞོལ་དགོས་པའི་གནད་དོན་ཞིག་ཏུ་བཟུང་བས། བྱིས་པའི་དྲིས་པ་ལ་ལན་དངོས་སུ་གཅིག་གིས་ཀྱང་འདེབས་པར་མི་བྱེད། སློབ་གྲྭའི་ནང་དུའང་དེ་བཞིན་རེད། དེ་བས་ཕོ་མོའི་ཤེས་བྱ་གཅིག་ཀྱང་མེད་པའི་བྱིས་པ་ཞིག་ལ་མཚོན་ན། གཉེན་མ་སྒྲིག་པར་བྱིས་པ་ཆགས་པ་དང་། ན་གཞོན་གྱིས་བཙན་གཡེམ་བྱེད་པའི་སྣང་ཚུལ་མང་པོ་བྱུང་དུས། ང་ཚོའི་སློབ་གསོའི་ཕམ་ཁ་ཡིན་པ་ངེས་ཤེས་གསལ་བོ་ཞིག་འདྲོངས་པར་བྱེད་པ་ལས། དོན་རྐྱེན་བྱུང་བ་ལས་དེའི་འབྲས་བུ་ཞིག་ཞིབ་འཇུག་བྱ་རྒྱུ་ནི་དགོས་མེད་རེད།