དཔའ་དམ་བཟུང་ནས་གཡུལ་དུ་བསྐྱོད་དུས། ང་རྒྱལ་དང་སྤོབས་པས་ཁྱོད་ཀྱི་གོམ་སྟབས་རེ་རེར་རྒྱལ་ཁའི་རོལ་དབྱངས་དཀྲོལ། ཡིན་ཡང་། ཁྱོད་ནི་རྒྱལ་ཁ་ཁོ་ནའི་སླད་དུ་བློ་སྤོབས་རྒྱས་པ་མ་ཡིན་ཏེ། བརྙས་བཅོས་དང་ཐུབ་ཚོད། དགྲ་ཤ་དང་ཞེ་སྡང་ཁུར་ནས་རྩོམ་རིག་གི་གཡུལ་དུ་ཞུགས། དམར་པོ་ཁྲག་གི་གནས་མལ་དུ་རྐང་ཚུགས་བརྟན་པོས་ཀྲོང་ངེར་འགྱིང་བ་ན། རིགས་ཞེན་གྱི་འཛུམ་མདངས་ནི་རྒྱལ་རྔ་ཡིན་ལ། རྩོམ་རིག་གི་དཔའ་དམ་ནི་གསར་གཏོད་དང་ཐོད་བརྒལ། བློ་སྤོབས་དང་དད་པ་ཡིན་ཏེ། བདག་ཅག་གིས་དེ་ལྟར་སྟབས་འཕྲལ་གྱི་དྲག་ཆས་སྤྲས་ནས་དུས་རབས་ཤིག་གི་སྒོ་ཐེམ་བརྒལ།

ལོ་རྒྱུས་ཐོག་གི་དད་པ་ནི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་བཞིན་གྱེས་འཐོར་གྱིས་བཞུར་ཡང་། རྩོམ་རིག་གི་དད་པས་གྱེས་འཐོར་གྱི་ཆུ་ཆེན་གཅིག་ཏུ་བསྡུས་ནས་དཔུང་གིས་འབབ། རྩོམ་རིག་གི་དད་པ་ནི་སྒམ་དཀྱེལ་དང་བརྩེ་ཞེན་གྱིས་ཁེངས་ཤིང་སྲ་མཁྲེགས་དང་བརྟན་བརླིང་གིས་གནས་ལ། དད་པའི་དཀྱིལ་སྙིང་དུ། གསར་གཏོད་དང་ཐོད་བརྒལ་སྙིང་སྟོབས་ཀྱིས་བསྐྲུན་པའི་འབྱུང་འགྱུར་གྱི་འབབ་སྟེགས་གནས་ལ། དེ་གར་དྲང་བདེན་གྱི་ཁྱེའུ་བཞུགས།

སྟོང་ཕྲག་ལོ་ལ་དོན་སྙིང་བོར་བའི་རུས་སྒྲོམ་ཞིག ཟང་ཟིང་དུས་སུ་རྣམ་ཤེས་འཁྱམ་པའི་བེམ་པོ་ཞིག འགལ་འདུའི་ཀློང་ནས་ཕྱོགས་ཞེན་འཁྲབ་པའི་གདོན་འདྲེ་དག རྩོམ་རིག་གི་དད་ཞགས་དཀར་པོས་དམ་དུ་བཅིངས་ནས་གཅིག་ཏུ་བསྡུས། ཡིན་ཡང་། དམ་པ་རྣམས་བཞུད་ཤུལ་དུ། གནོད་སྦྱིན་དག་གིས་མཆེ་སྡེར་བསྒྲད་དེ་གང་སར་རྒྱུ་ཞིང་། བདག་ཅག་གི་དད་པ་འཇོམས་པར་བྱེད། བདག་ཅག་གི་གསར་གཏོད་བསྒྱེལ་བར་བྱེད། བདག་ཅག་གི་དྲང་བདེན་གཏོར་བར་བྱེད།

མིའི་རིགས་ཀྱི་དྲང་བདེན་དང་མཐུན་སྒྲིལ་ནི་ཤ་དང་རུས་པའི་བརྩེ་དུང་ལྟ་བུ་ཡིན་ལ། རུས་ཚུགས་ཇི་ལྟར་རྫིག་ཀྱང་ཤ་ཁྲག་གི་མཛེས་པ་མེད་ན་བེམ་པོའོ། ། དྲང་བདེན་གྱི་རུས་ཚུགས་ལ་མཐུན་སྒྲིལ་གྱི་ཤ་ཁྲག་འཛོམས་ཚེ་ཡིད་དུ་འོང་བའི་མིའི་བྱད་གཟུགས་འགྲུབ་ཅིང་། རིག་རྩལ་གྱི་སྟངས་སྟབས་དང་རྩོམ་རིག་གི་རྒྱན་གོས། ཚན་རྩལ་གྱི་མཇུག་ལྡོག་ལྡན་ཚེ་རོལ་གར་འདི་ཉིད་ཆེས་མཛེས་སྡུག་གིས་ཕྱུག་པ་ལ་ཨང་། ཡིན་ཡང་། དད་པའི་བདེན་ལུགས་ལ་ཁ་གཡར་ནས་རང་ཁེ་སྒྲུབ་མཁན་ཁག་ཅིག་གིས། མི་རྣམས་ཀྱི་ཡིད་སེམས་ལ་སྨུག་ལོང་གི་ན་བུན་གཏུབ་ཅིང་། འགལ་རྐྱེན་གྱི་བཀག་རྒྱ་སྟོང་ཕྲག་བྲིས། མི་རྣམས་ཀྱི་འཚོ་གནས་ལ་འཇིགས་སྐུལ་དང་ཉམས་ཉེན་གྱི་སྡོམ་དྲ་འཐེན། མི་རྣམས་ཀྱི་མ་འོངས་པའི་མདུན་ལམ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་ཟུར་ཟ་དང་དམའ་འབེབས་བྱེད། མི་རྣམས་ཀྱི་ཕུགས་བསམ་གཏོར་ནས་བྲན་དུ་བསྒྱུར་མགོ་རྩོམ།

ཡིན་ཡང་། རྩོམ་རིག་གི་དད་པ་ནི་དྲང་བདེན་ལ་ཡིད་རྟོན་པ་ལས་བཙན་ཤེད་དང་འཇིགས་སྐུལ་ལ་གཉའ་སྒུར་བ་མ་ཡིན་ཞིང་། ལྷ་བླ་མའི་དགོངས་པ་ཡང་བྱམས་སེམས་དང་སྙིང་རྗེ་ཡིས་ཤ་ཚ་དང་དྲོད་འཁོལ་སྦྱིན་པ་ལས། ཁྲིམས་ཆད་དང་ཟུར་འབུད་གཏོང་བ་ག་ལ་ཡིན། བདག་ཅག་གི་དད་པ་ནི་ངེས་ཤེས་དང་ལར་རྒྱའི་དབུས་ནས་སྐྱེས་པའི་མཐུན་སྒྲིལ་དང་མདུན་སྐྱོད་ཡིན་པ་ལས། རྙིང་ཞེན་གྱིས་གཅུན་པའི་བག་ཁུམ་གྱི་བློ་ངོར་དམྱལ་བ་དང་ངན་སོང་གི་འཇིགས་སྐུལ་བཏང་སྟེ། མི་རྣམས་སྔར་བཞིན་རྨོངས་དད་ཀྱི་ལམ་དུ་ཁྲིད་པ་ག་ལ་ཡིན།

ཤེས་རིག་གི་བྱམས་བརྩེ་ལས་གྲུབ་པའི་འཇིག་རྟེན་དུ། རྩོམ་རིག་གི་དད་པ་འདི་སྔར་བཞིན་ཐེར་ཟུག་གིས་གནས་པས། འབྱུང་བོའི་ཚོགས་ཀྱི་གནོད་སེམས་ཇི་འདྲ་ཆེ་ཡང་རུང་། རྙིང་ཞེན་གྱི་ཨུ་ཚུགས་ཇི་འདྲ་སྲ་ཡང་རུང་། གྱེན་ཏུ་ལྡོག་པའི་ཆུ་བོ་ཞིག་ལོ་རྒྱུས་ཀྱིས་བསྐྲུན་མི་སྲིད་དེ། བདག་ཅག་གི་མདུན་བསྐྱོད་ལ་སུ་ཡིས་བཀག་རྒྱ་སྤྲོད་ནུས་ཨང་།

(༢༠༡༣ལོར་སི་ཁྲོན་ཏུ་གནས་བསྐོར་ལ་ཐེངས་ཤིག་སོང་ནས་དེ་གའི་ཧ་ལས་པའི་མང་ཚོགས་ཀྱི་གནས་སྟངས་ཤིག་མཐོང་རྗེས་སེམས་ཧ་ཅང་མི་སྐྱིད་པའི་ངང་བྲིས་པ་དེ་རིང་གློག་ཀླད་ལས་མཐོང་ནས་སྤེལ་འདོད་བྱུང་།)