ཀརྨ་པའི་བཀའ་སློབ།
_གླིང་ཚང་ལོ་མ་སེར་པོས་ཡི་གེར་ཕབས།

བོད་ཀྱི་ནང་པ་སངས་རྒྱས་པའི་བསྟན་པ་འདི་གཞི་རྩའི་ཆ་ནས་རྒྱ་གར་ནས་ཆོས་ལུགས་མི་འདྲ་བ་སོ་སོར་བྱས་ནས་བོད་དུ་དར་ཡོང་བ་དེ་འདྲ་མ་རེད། བོད་ནས་བླ་མ་བརྒྱུད་པ་མི་འདྲ་བ་དང་དགོན་པ་ཆགས་ཚུལ་མི་འདྲ་བའི་དབང་གིས་མིང་མི་འདྲ་བ་ཁ་ཤས་བྱུང་བ་རེད་མ་གཏོགས་གཞི་རྩའི་དོན་དག་སྟོན་པ་གཅིག་དང་བསྟན་པ་གཅིག་ཡིན་པར་ཐེ་ཚོམ་ཡོད་མ་རེད། ཡིན་ན་ཡང་། ང་རང་ཚོས་སྟོན་པ་གཅིག་དང་བསྟན་པ་གཅིག་ཡིན་པ་རིམ་གྱིས་བརྗེད་འགྲོ་གི་ཡོད་རེད། རྒྱུ་མཚན་གང་ཡིན་ཞེ་ན། སྟོན་པ་རྫོགས་པའི་སངས་རྒྱས་འདས་ནས་ལོ་ཉིས་སྟོང་ཙམ་འགྲོ་ཚར་བར་མ་ཟད་སྟོན་པའི་བསྟན་པ་དེ་ཡང་རྒྱ་གར་ནས་སྡེ་བ་བཅོ་བརྒྱད་གྱེས་པ་དང་དེ་བཞིན་དུ་བོད་དུ་ཡང་བསྟན་པ་སྔ་དར་དང་ཕྱི་དར་ལ་སོགས་པ་མང་དུ་བྱུང་བ་རེད། དེ་ལྟར་གྱེས་ནས་རྒྱུན་རིང་པོ་ཕྱིན་དུས་མང་པོ་ཞིག་གི་སེམས་ནང་དུ་སྟོན་པ་གཅིག་པ་དང་བསྟན་པ་གཅིག་པ་ཡིན་པའི་ཚོར་སྣང་ཇེ་ཞན་དུ་གྱུར་ནས་ང་ཆེ་ང་བཙན་དང་ཆོས་བརྒྱུད་ཕན་ཚུན་བར་འཐེན་འཁྱེར་གྱི་སྐད་ཆ་མང་དུ་འགྲོ་བསྡད་ཀྱིན་ཡོད་རེད། དེ་ཚོ་ཡག་པོ་ཡོད་མ་རེད། རྒྱུ་མཚན། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་གང་འདྲ་བྱས་ནས་འཇིག་གི་ཡོད་པ་སངས་རྒྱས་ཀྱི་ལུང་བསྟན་ནང་བསྟན་པ་འཛིན་པའི་གང་ཟག་དག་ནང་ཕན་ཚུན་རྩོད་པ་བྱས་ནས་འཇིག་འགྲོ་གི་རེད་གསུང་བ་བཞིན་བསྟན་པ་འཛིན་པའི་གང་ཟག་དག་ནང་ཕན་ཚུན་རྩོད་པ་བྱེད་པ་དེ་བསྟན་པ་འཇིག་པའི་རྒྱུ་དང་བདུད་སྙིང་དུ་ཞུགས་པའི་ལས་ཀ་རེད་མ་གཏོགས་ཡག་པོ་གང་ཡང་མ་རེད། ང་ཚོ་ག་ཚོད་ཐབས་སྡུག་པོ་ཡིན་ན་ཡང་། བསྟན་པ་བཤིག་པའི་ལས་མ་བསགས་ན་ཡག་པོ་རེད་ཟེར་ནས་ངས་ནམ་རྒྱུན་བཤད་ཀྱིན་ཡོད། ཚང་མས་དེ་ལ་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་རེད་འདུག ངས་འདི་ནས་ཉི་ཧོང་ནས་བྱུང་བའི་སྒྲུང་ཞིག་བཤད། ཉི་ཧོང་ནས་མི་གཉིས་ཟ་ཁང་ཞིག་གི་ནང་དུ་འཛོམས་པ་རེད་ཟེར། ཁོ་གཉིས་ཕན་ཚུན་སྐད་ཆ་བཤད་སྐབས་གཅིག་གིས་ངའི་མི་ཚེའི་ནང་བཟོད་པ་ཟེར་བའི་ཚིག་གཉིས་པོ་འདི་ལས་ལྷག་ཅིག་མི་འདུག་ཟེར་ནས་བཤད་དུས་གཞན་དེས་ཁོའི་མི་ཚེའི་ནང་བཟོད་པ་ཟེར་བའི་ཚིག་གསུམ་པོ་  (ཉི་ཧོང་སྐད་དུ་བཟོད་པ་ལ་ཚིག་གཉིས་ཅན་དང་ཚིག་གསུམ་ཅན་ཞིག་ཡོད་འདུག)འདི་ལས་ལྷག་ཅིག་མི་འདུག་ཟེར་ནས་བཤད། མཐར་ཁོ་རང་གཉིས་ཀྱིས་བཤད་རྒྱུར་བཟོད་པ་ཡིན་ཡང་བཤད་ཚུལ་ཚིག་གཉིས་གསུམ་མ་མཐུན་ནས་རྒྱག་རེས་ཤོར་བ་རེད་ཟེར། དེ་ནང་བཞིན་བོད་གངས་ཅན་ལྗོངས་སུ་ཆོས་བརྒྱུད་ཕན་ཚུན་བར་བཤད་སྟངས་མི་འདྲ་བ་རེད་མ་གཏོགས་བཤད་རྒྱུ་རྩ་བར་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་སོགས་གཅིག་པ་རེད། ཡིན་ན་ཡང་། བཤད་སྟངས་མི་འདྲ་བས་གཅིག་གིས་གཅིག་ལ་ཁྱོད་ཀྱིས་ངས་བཤད་པ་ནང་བཞིན་བཤད་ཀྱིན་མི་འདུག་ཟེར་ནས་སྐབས་ལན་རེ་རྒྱག་རེས་ཤོར་གི་ཡོད་རེད། བཤད་རྒྱུའི་དོན་དག་གཅིག་པ་ཡིན་ན་བཤད་སྟངས་མི་འདྲ་ན་ཁྱད་ཆེན་པོ་མི་འདུག

དཔེར་ན། སྔགས་ཀྱི་གྲྭ་ཚང་ཁག་ལ་ཆོ་ག་ཕྱག་ལེན་མི་འདྲ་བ་མང་བར་མ་ཟད་མཐའ་ན་རྡོ་རྗེ་དྲིལ་བུ་བཞག་སྟངས་ཚུན་ཆད་ལ་རྙིང་མ་དང་གསར་མ་སོགས་ལ་མི་འདྲ་བ་མང་པོ་ཡོད་རེད། ཡིན་ན་ཡང་། དེ་དག་ཕྱག་ལེན་མི་འདྲ་བ་ཙམ་དང་བཤད་པ་མི་འདྲ་ཙམ་ཞིག་རེད་མ་གཏོགས་དོན་གྱི་སྙིང་པོ་སྟོན་པ་དང་བསྟན་པ་གཅིག་མིན་པ་མཚོན་ཐུབ་གི་མ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཕྱིའི་རྣམ་པ་དང་བཤད་པ་མི་འདྲ་བ་ཙམ་ལ་བལྟས་ནས་ང་ཚོའི་བར་མི་འདྲ་བ་དཔེ་མེད་ཅིག་འདུག་བསམ་པ་དེ་ཡག་པོ་རྩ་བ་ནས་མི་འདུག སྤྱིར་བཏང་རྣམ་པ་མི་འདྲ་བ་ཡོད་འོས་པ་ཞིག་རེད། གང་ཡིན་ཞེ་ན། སེམས་ཅན་མཐའ་ཡས་པ་ལ་མོས་པ་དང་དགའ་ཕྱོགས་མི་འདྲ་བ་རེ་ཡོད་དུས་དེ་དག་དང་མཐུན་པའི་ཆོས་ཚུལ་བཤད་པ་མི་འདྲ་བ་མང་པོ་ཡོད་འོས་པ་ཞིག་རེད་འདུག ཡིན་ན་ཡང་། ནང་དོན་རྩ་བའི་ཆ་ནས་ང་ཚོ་སྟོན་པ་དང་བསྟན་པ་གཅིག་གི་རྒྱུད་པ་ཡིན་པ་ཧ་གོ་དགོས་པ་གལ་ཆེན་པོ་རེད་འདུག་བསམ་པ་ག་དུས་ཡིན་ནའང་དྲན་བསྡད་གི་འདུག མ་གཞི་ནས་ཁྱེད་རྣམ་པ་ལ་མང་པོ་ཞིག་བཤད་དགོས་རྒྱུ་མ་རེད། མང་ཆེ་བ་ཞིག ང་ལས་ལོ་ཆེ་བ་རེད་འདུག་པས་ཁྱེད་རྣམ་པ་ཉམས་མྱོང་དང་རྣམ་དཔྱོད་ཡོད་རེད། ཁྱེད་རྣམ་པས་བརྟག་དཔྱད་དང་བསམ་གཞིག་བྱས་ན་ཧ་གོ་རྒྱུ་རེད། ངས་འདྲ་མི་འདྲ་ཟེར་ནས་སྐད་ཆ་བཤད་དགོས་ཡ་ཆེར་མི་འདུག ད་དེ་ཙམ་ཡིན། ཐུགས་རྗེ།