སྤྲུལ་སྐུ་རྫུན་མ་ཝུའུ་ཏ་རོང་སོགས་ཀྱིས་རྙོག་ཟིང་བསླངས་ནས་བོད་བརྒྱུད་ནང་བསྟན་དང་བོད་རིགས་མི་དམངས་ལ་དམའ་འབེབས་བྱས་པའི་རྐྱེན་གྱིས་རྒྱ་ཆེའི་སེར་སྐྱ་མི་དམངས་ཀྱིས་ཁོང་ཁྲོའི་ངང་ནས་དགག་པ་བརྒྱབ་པ་ནི་འོས་ཤིང་རིགས་པ་དང་དགོས་ངེས་ཡོད་པ་ཞིག་རེད། འོན་ཀྱང་བོད་རིགས་ནང་ཁུལ་ལ་དོ་སྣང་བྱེད་དགོས་པའི་གནད་དོན་ཁ་ཤས་བྱུང་འདུག་པས་ཐག་གཅོད་ལེགས་པོ་བྱེད་དགོས་ངེས་རེད་བསམ་གྱི་འདུག།

སྤྱིར་བཤད་ན་བོད་ཀྱི་ཆོས་ལུགས་དང་རིག་གནས་ནི་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་བཟང་པོ་རང་ལ་ཡོད་ན་ངོམ་རྒྱུ། མི་ལ་ཡོད་ན་སྨོན་རྒྱུའི་གཅེས་ནོར་རེད། ལོ་རྒྱུས་ཐོག་བླ་སྤྲུལ་མཁན་གསུམ་དང་རྒྱ་ཆེའི་ཆོས་པ་རྣམས་ཀྱིས་ཆོས་དང་རིག་གནས་དར་འཕེལ་བཏང་པའི་ཐད་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད་པ་ནི་ཚང་མས་ཤེས་གསལ་རེད། དེང་དུས་ལ་ཆ་བཞག་ནའང་མཁས་དབང་ཧ་ཅང་མང་པོ་བྱུང་ཡོད། དཔེར་ན། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་། དགེ་བཤེས་ཤེས་རབ་རྒྱ་མཚོ། ཨ་ལགས་ཚེ་ཏན་ཞབས་དྲུང་གསུམ་ནི་བླ་མ་ཆེན་པོ་རེད་ལ། མཁས་པ་ཆེན་པོའང་རེད། ཁོང་རྣམ་པ་གསུམ་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་གི་བོད་རིགས་ས་ཁུལ་གྱི་ལུང་བ་ཆུང་ཆུང་ཞིག་ནས་འཁྲུངས་པ་རེད། ལུང་བ་ཆུང་ཆུང་དེ་འདྲ་ཞིག་ནས་མཁས་པ་ཆེན་པོ་དེ་འདྲ་གསུམ་ཐོན་པ་ནི་ངོ་མཚར་ཅན་གྱི་བྱ་བ་ཞིག་རེད། ངས“ཞུན་ཧྭ་རྫོང་གི་སྐྱེ་བོ་དམ་པ་རྣམ་གསུམ”ཞེས་གུས་ཞབས་ཞུས།

དེང་དུས་ལའང་མཁས་དབང་མང་པོ་ཡོད་པ་དཔེར་ན། མང་ཚོགས་ཀྱི་ཁ་རྒྱུན་ལ་“སྟོད་ཕྱོགས་སྟོད་ཀྱི་བྱ་བྲལ། སྨད་ཕྱོགས་སྨད་ཀྱི་གུང་ཐང་། གངས་ལྗོངས་མི་ཡི་གཙུག་རྒྱན།”ལྟ་བུའོ།།

ཆོས་ལུགས་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་མཁན་པོ་སོགས་ཚུད་པའི་ཆོས་པ་རྣམས་ཀྱིས་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་བའི་ཐད་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད། མང་ཚོགས་ཀྱི་ངག་རྒྱུན་དུ། “གཞིས་སྡོད་རྒྱ་ཡིག་དགའ་བ། གྱེས་སྡོད་དབྱིན་ཡིག་དགའ་བ། གཞིས་གྱེས་གཉིས་ཀྱི་བར་ལ། བོད་ཡིག་གྲྭ་བའི་ལས་འགན།” ཟེར་བའི་ཐོག་ནས་གསལ་པོ་མཐོང་ཐུབ།

འོན་ཀྱང་དགེ་རྒན་ཐུབ་བསྟན་ཕུན་ཚོགས་སོགས་ཀྱི་མཁས་པ་ཚོས་ཡང་ནས་ཡང་དུ་སྐྱོན་བརྗོད་དང་དགག་པ་བརྒྱབ་པ་ལྟར། ཆོས་ཆོས་བཞིན་དུ་མ་བྱས་པར་ཆོས་མིན་ཆོས་ལ་བསྙད་དེ་ཆོས་ལུགས་ཁ་གྱེར་གྱིས་ལས་ངན་སྤྱོད་ངན་བྱེད་མཁན་ཡང་མི་ཉུང་ཤས་ཤིག་འདུག ཁོ་བ་ཚོས་ཅོད་པན་མགོ་ལ་བརྒྱབ། ཆོས་འབག་ངོ་ལ་གྱོན། ཆོས་གོས་ལུས་ལ་དཀྲི ལག་ལ་དྲིལ་བུ་ཟླ་རོ{ཌ་མ་རུ}བཟུང་། ཁ་ལ“རྒྱལ་གཅེས་ཆོས་གཅེས”ཀྱི་འདོན་པ་འདོན། ཁྲིམས་མེད་ལུགས་མེད་ཆོས་ཁྲིམས་འགལ་བ། མི་ཆོས་དང་མི་མཐུན་པའི་ལས་ངན་སྤྱོད་ངན་སྣ་ཚོགས་སྤེལ་བ་རེད།

སྔོན་བྱོན་མཁས་པ་རྣམས་ཀྱིས“ཆོས་ཆོས་བཞིན་དུ་མ་བྱས་པ་ནི་ངན་སོང་དུ་འགྲོ་བའི་རྒྱུ”ཞེས་གསུངས། ངན་སོང་ཁས་མ་བླངས་པ་དང་། ངན་སོང་དུ་འགྲོ་བར་སྐྲག་སྣང་མ་བྱས་ན་ཆོས་པ་ངོ་མ་ཞིག་མ་ཡིན་པར་རྫུན་མ་རྫུན་ནག་ཡིན་པ་ཐག་གིས་ཆོད། མི་ངན་དེ་ཚོར་རྒྱ་བོད་དང་། སེར་སྐྱ། མང་ཚོགས་དང་ལས་བྱེད་སོགས་ཀྱི་དབྱེ་བ་མེད་པར་སུན་འབྱིན་དང་། ཐེར་འདོན། དགག་རྒྱག བཀག་འགོག་བཅས་བྱེད་དགོས་པ་ནི་སྨོས་མེད་རེད།

འོན་ཀྱང་ཆོས་པ་རྫུན་མ་དང་ཆོས་ཁྲིམས་གཙང་མ་མི་སྲུང་མཁན་མི་ཐ་ཤལ་པ་དེ་ཚོར་ངོ་རྒོལ་བྱེད་དུས་བོད་རིགས་ནང་ཁུལ་ལ་མཐུན་སྒྲིལ་དམ་པོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ནང་ཁུལ་ལ་སྐྱོན་འཛུགས་དང་ཚིག་ངན་བཤད་རེས་བྱེད་མི་རུང་། བོད་ཀྱི་གནའ་གཏམ་ལ། “ཞབས་བྲོ་ཕྱི་ལ་རྒྱག་བསམ་ན། ནང་ལ་རྡོ་གྲ་སྒྲིག་དགོས།” ཞེས་པ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ངོ་མ་རེད།

གནད་འགག་ཆེ་བའི་དུས་སྐབས་འདིར་ཆོས་ལུགས་གྲུབ་མཐའ་དག་དང་། ས་གནས་ས་ཕྱོགས་ཀྱི་དབྱེ་བ་མེད་པར་མཐུན་སྒྲིལ་དམ་ཟབ་ཀྱིས་ལོ་རྒྱུས་རྒྱུན་རིང་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པའི་བོད་ཀྱི་རིག་གནས་ང་ཚོ་ཁ་བ་ཅན་སྤྱི་ཡི་ཕ་ནོར་རིན་ཐང་བྲལ་བ་དེ་སྲུང་སྐྱོང་དང་དར་སྤེལ་གཏོང་རྒྱུ་དེ་ནི་གལ་འགངས་ཆེ་ཤོས་དེ་རེད། པཎ་ཆེན་སྐུ་ཕྲེང་བཅུ་པས་བཀའ་སློབ་གནང་བ་ལྟར། རང་ཉིད་ཀྱི་གཅེས་པའི་མིག་འབྲས་བཞིན་དུ་སྲུང་སྐྱོང་ལེགས་པར་བྱས་ཏེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བཏང་ནས་བསྟན་པ་བསྐྱར་དར་ཡོང་བའི་ཆེད་དུ་ཚང་མས་མཐུན་སྒྲིལ་དམ་ཟབ་དང་འབད་བརྩོན་ལྷོད་མེད་བྱེད་རྒྱུའི་རེ་བ་ཡོད།

དེས་ན། “སྐྱེ་བོ་དམ་པ་རྒུད་གྱུར་ཀྱང་།།

དམ་པའི་སྤྱོད་པ་ལྷག་པར་མཛེས།།

མེ་ནི་ཐུར་དུ་ཁ་བསྟན་ཡང་།།

མེ་ལྕེ་གྱེན་དུ་འབར་བ་མཐོང་།། ” མི་གཅིག་ལ་ཆ་བཞག་ན་དེ་འདྲ་རེད། མི་རིགས་གཅིག་ལ་ཆ་བཞག་ནའང་དེ་འདྲ་རེད། ད་ལྟ་ང་ཚོར་དཀའ་ངལ་མི་ཉུང་བ་ཞིག་ཡོད་ཀྱང་། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ང་ཚོ་བོད་ཀྱི་རིག་གནས་ལ་འཕེལ་རྒྱས་ཆེན་པོ་ཞིག་ཡོང་ཐུབ་རྒྱུ་ང་ལ་ཡིད་ཆེས་བརྟན་པོ་ཡོད། དེ་ནི་སུ་ཞིག་གིས་ཀྱང་བཀག་འགོག་བྱེད་མི་ཐུབ་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་རེད།

འཇམ་དཔལ་རྒྱ་མཚོས།

སྤྱི་ལོ་༢༠༡༥ལོའི་ཟླ་༡༡ཚེས༢༢

བོད་རྩིས་ཉི་ལྡོག་ཉིན་བཟང་པོར། གུས་པས་སྦྱར།