སྤྱིར་སྒོར་ཁུག་ནང་གི་སྒོར་མོའི་མང་ཉུང་དེ་མི་ཚེའི་རིན་ཐང་གི་ཚད་ཐིག་མཇལ་བྱེད་མ་ཡིན་རུང་། འོན་ཀྱང་ནམ་ཞིག་སྐྱེ་བོ་གང་དེར་སྒོར་མོ་མཁོ་བའི་སྐབས་སུ། གཞན་སུ་ལ་ཡང་རྐུ་འཕྲོག་སློང་གསུམ་བྱེད་མི་དགོས་པར་བག་ཡངས་ངང་རང་གི་ཨམ་ཕྲག་ལས་ལེན་རྐྱང་བྱས་ཆོག་ན། དེ་ཡང་ཁྱིམ་ཐབ་འཁོར་བ་འཛིན་མཁན་ཞིག་གི་རང་དབང་དང་བདེ་སྐྱིད་ཆེ་ཤོས་དེ་ཅི་ལ་མིན།

གཅིག རྒྱུ་ནོར་དང་འཚོ་བ།

སངས་རྒྱས་ཆོས་ལུགས་པས་འཇིག་རྟེན་འཁོར་བ་ནི་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་ཞེས་གསུངས་པ་ལྟར། མི་ཚེའི་རིང་མོ་ནི་དཀའ་ཁག་དང་སྡུག་བསྔལ་གྱིས་ཁེངས་པ་ཞིག་ཡིན། སྤྱིར་མི་ཡི་སྡུག་བསྔལ་ལ་སྐྱེ་རྒ་ན་འཆི་བཅས་རང་བྱུང་ཆོས་ཉིད་ཀྱིས་བསྐྱེད་པའི་རྒྱུ་རྐྱེན་ཆེན་པོ་བཞི་དང་། འདོད་ཆགས། ཞེ་སྡང་། གཏི་མུག་བཅས་མི་ཡི་གཉུག་གཤིས་ལས་བྱུང་བའི་ཉོན་མོངས་དུག་གསུམ་བཅས་ཡོད་པ་ལས་གཞན། ནམ་རྒྱུན་འཚོ་བའི་ཁྲོད་དུ་གང་ཟག་ཕལ་མོ་ཆེའི་ལུས་སེམས་གཉིས་ལ་མནར་གཅོད་གཏོང་བའི་སྡུག་བསྔལ་གྱི་འབྱུང་ཁུངས་ཆེས་གཙོ་བོ་ཞིག་ནི་དབུལ་ཕོངས་རེད། བོད་སྔ་རབས་མཁས་པས་“འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བའི་གནས་སྐབས་ཡོད་མ་ཡིན། །”ཞེས་ཁྱིམ་པའི་སྤྱི་ཚོགས་ལས་འདའ་བར་བརྩོན་ཞིང་། “རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་ཡིན་”ཞེས་འབྱོར་ཕྱུག་ལོངས་སྤྱོད་ཐམས་ཅད་སྤོང་བར་འབད་མྱོང་། རགས་ཙམ་བལྟས་ན་མེས་པོའི་བསམ་བློ་དེ་ཧ་ཅང་གཏིང་ཟབ་ཅིག་ཏུ་སྣང་ཡང་། ཞིབ་ཏུ་བརྟགས་ན་བུ་ཚའི་དབང་ཐང་རྒྱས་པའི་ཐབས་ལམ་ཞིག་གཏན་ནས་མ་རེད་སྙམ། དོན་ལ་འཁོར་བ་ན་སྡུག་བསྔལ་མང་བ་བདེན་རུང་དེས་མི་ཚེ་ལ་དོན་སྙིང་མེད་པ་མཚོན་མི་ཐུབ་ཅིང་། རྒྱུ་ལོངས་སྤྱོད་མི་རྟག་པ་ཡིན་པ་བདེན་རུང་དེ་ལ་བེད་སྤྱོད་ཀྱི་རིན་ཐང་མེད་ཅེས་སུ་ཡིས་སྨྲ།

མི་ལོ་སྟོང་ཕྲག་ཙམ་གྱི་རིང་ལ་སངས་རྒྱས་ཆོས་ལུགས་ཀྱིས་སློབ་གསོ་མྱངས་པའི་མགོ་ནག་བོད་པ་རྣམས་ལ་མཚོན་ན། འཁོར་བ་ན་“སྡུག་བསྔལ་མང་ཞིང་རྒྱུ་ནོར་ལོངས་སྤྱོད་མི་རྟག་པ་ཡིན་”ཞེས་པའི་གོ་བ་ཞིག་སྔ་མོ་ནས་སྐྱེ་ཡོད་ནའང་། ལག་ལེན་དངོས་ཀྱི་སྟེང་ནས་འབད་པས་བསགས་པའི་རྒྱུ་ནོར་ཐམས་ཅད་གད་སྙིགས་བཞིན་ཕངས་མེད་དུ་འདོར་དགོས་ཟེར་དུས། ཁྱིམ་པ་ཕོ་མོ་རྣམས་ཀྱིས་བསྒྲུབ་མི་ཐུབ་པར་མ་ཟད། རབ་བྱུང་ཆོས་པ་དག་གིས་ཀྱང་འགྲུབ་པར་བྱེད་དཀའ་བ་ནི་མིག་མཐོང་ལག་ཟིན་རེད།
དེ་ཡང་སྔོན་ཆད་བོད་ཀྱི་གྲྭ་ས་ཆེན་པོ་ཞིག་ཏུ་འདི་འདྲའི་དགོད་གཏམ་ཞིག་ཡོད་དེ། དམ་ཆོས་ཀྱི་གཞུང་བཀའ་པོད་ལྔ་ལ་སྦྱངས་པའི་དགེ་བཤེས་དབུལ་བོ་ཞིག་ཡོད་པ་ལ། མི་གཞན་གྱིས་ལུག་ཤ་རྐང་ཡས་ཤིག་ཕུལ་བར་སེར་སྣས་ཟ་མ་ཕོད་པར་རང་ཤག་གི་ཀ་ངོས་ལ་བཏགས་ཏེ་བཞག ཉིན་ཞིག་ལུག་ཤ་རྐུན་མས་འཁྱེར་བས་དགེ་བཤེས་ཁོང་ཉིན་རྒྱུན་བློ་འགྱོད་དང་སེམས་སྡུག་གིས་མནར་ཏེ་ལུས་ཡོད། དེར་དགེ་ཕྲུག་ཚོས་ཁོང་ལ། “དགེ་བཤེས་ལགས། ཁྱེད་ནི་ཆོས་གཞུང་ལ་ནང་བྱན་ཆུད་པའི་མཁས་པ་ཆེན་པོ་རེད། འཁོར་བའི་སྡུག་བསྔལ་གྱི་རྩ་བ་ནི་བདག་འཛིན་ཞེན་ཆགས་ཀྱི་བློ་ཡིན་ཞེས་ཁྱེད་ཀྱིས་རྟག་ཏུ་གསུངས་མྱོང་ལ། རྒྱུ་ནོར་མི་རྟག་པ་ཡིན་པའང་ཁྱེད་ཀྱིས་སྔ་མོ་ནས་མཁྱེན་ཡོད་པས་ལུག་ཤ་རྐང་ཡས་ཤིག་བློས་མི་ཐོངས་རྒྱུ་ཅི་ཡོད་”ཅེས་སེམས་གསོ་བྱས་པ་ན། དགེ་བཤེས་ཀྱིས་དབུགས་རིང་ཞིག་འབྱིན་ནས། “ཉིན་དཀར་འུར་ཟིང་གི་ཁྲོད་དུ་དོན་དེ་ལན་རེར་བརྗེད་འགྲོ་མོད། མཚན་མོ་མལ་དུ་ཉལ་སྐབས་ལུག་ཤ་རྐང་ཡས་དེ་མིག་ལམ་ལ་ཤར་ནས་གཉིད་ཐུབ་པ་མི་འདུག་”ཅེས་ལན་བཏབ་པ་རེད་ཟེར། སྤྱིར་དོན་རྐྱེན་དེ་འདྲ་ཞིག་དངོས་སུ་བྱུང་ཡོད་མེད་ང་ཚོས་ཁ་ཚོན་གཅོད་ དཀའ་ནའང་། གང་ལྟར་དེས་མི་ཡི་བདག་འཛིན་གྱི་བློ་འདོར་དཀའ་བའི་གནས་ལུགས་ཟབ་མོ་ཞིག་བསྟན་ཡོད། དེ་བས་མི་ཚེའི་བདེ་བ་དོན་དུ་གཉེར་བའི་འཇིག་རྟེན་ཁྱིམ་པ་ཞིག་ལ་མཚོན་ན། སངས་རྒྱས་ཆོས་ལུགས་ལས་བསྟན་པའི་སྡུག་བསྔལ་ཅི་ཡང་མེད་པའི་བདེ་བ་ཅན་གྱི་ཞིང་ཁམས་ཤིག་ལ་རེ་སྨོན་དང་དད་མོས་རེ་བྱས་ཆོག་པ་ལས། མཐར་གཏུགས་ན་སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། རང་གི་བློ་གྲོས་དང་ལག་ཟུང་ལ་བརྟེན་ནས་འབྱོར་ཕྱུག་ལོངས་སྤྱོད་ལྡན་པའི་འཚོ་བ་སྐྱིད་པོ་ཞིག་རོལ་རྒྱུ་དེ་ལུགས་མཐུན་གྱི་དམིགས་འབེན་དུ་ངོས་འཛིན་དགོས། དེ་འདྲའི་འཚོ་གནས་ཀྱི་དམིགས་འབེན་འགྲུབ་པར་བྱེད་དགོས་ན་རྒྱུ་ནོར་གྱི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ནི་གོམ་པ་དང་པོ་རེད། དེའི་ཕྱིར་དུས་ད་ནས་བཟུང་རང་ཅག་གིས་ཀྱང་འཛམ་གླིང་ འབྱོར་ལྡན་མི་རིགས་གཞན་དག་དང་འདྲ་བར་ཐབས་བརྒྱ་ཇུས་སྟོང་སྒོས་རྒྱུན་ གཏན་འཚོ་བའི་ནང་དུ་རང་གི་སྒོར་ཁུག་ཇེ་མཐུག་ཏུ་གཏོང་བར་འབད་དགོས་ལ། ཁྱད་པར་དུ་མི་ཚེ་འདིར་རང་གིས་བསྒྲུབ་འདོད་པའི་ལས་ཀ་སྟེ། སློབ་སྦྱོང་དང་། བྱ་གཞག བརྩེ་དུང་། དྲིན་ལན། ལོངས་སྤྱོད། སྦྱིན་པ། རོལ་རྩེད། མདོར་ན་ཕྱིའི་རྒྱུ་ནོར་ལ་བརྟེན་ནས་བསྒྲུབ་ནུས་པའི་རེ་བ་དང་ཕུགས་བསམ་ཐ་དག་སྒོར་མོ་མེད་པར་ཁ་གཡརཏེ་རྨི་ལམ་སྟོང་བར་མ་བསྒྱུར་རོགས། འདི་ནི་ཁོ་བོས་བསམས་ན་འུ་ཅག་གིས་མི་ལུས་བླངས་པའི་བླ་མེད་ཀྱི་ཁེ་དབང་དང་ཐོབ་ཐང་རིགས་ཤིག་རེད།
སྤྱིར་སྒོར་ཁུག་ནང་གི་སྒོར་མོའི་མང་ཉུང་དེ་མི་ཚེའི་རིན་ཐང་གི་ཚད་ཐིག་ཏུ་འཛིན་མི་རུང་མོད། འོན་ཀྱང་ནམ་ཞིག་མི་གང་དེར་སྒོར་མོ་མཁོ་བའི་སྐབས་སུ། གཞན་སུ་ཞིག་ལ་ཡང་རྐུ་འཕྲོག་སློང་གསུམ་བྱེད་མི་དགོས་པར་བག་ཡངས་ངང་རང་གི་ཨམ་ཕྲག་ལས་ལེན་རྐྱང་བྱས་ཆོག་ན། དེ་ཡང་ཁྱིམ་ཐབ་འཁོར་བ་འཛིན་མཁན་ཞིག་གི་རང་དབང་དང་བདེ་སྐྱིད་ཆེ་ཤོས་དེ་ཅི་ལ་མིན། དེ་བཞིན་བདེ་སྐྱིད་ཀྱི་འཚོ་བ་ཞེས་པ་ཡང་གསེར་དངུལ་ཤོག་སྒོར་འབའ་ཞིག་གི་ཀློང་དུ་མགོ་འཁོར་དགོས་པ་མ་ཡིན་རུང་། མ་མཐའ་ཡང་དབུལ་ཕོངས་ཀྱི་དབང་གིས་ཁ་རྒྱབ་ལྟོ་གོས་སོགས་འུ་ཐུག་འཚོ་ཚིས་ཀྱི་ཆེད་དུ་ཡུན་ཐུང་མི་ཚེ་ཕྲ་མོའི་ཕྲེང་ཐག་ཟད་མི་དགོས་པ་ཞིག་ཅིས་ཀྱང་འཇོན་འོས་སྙམ།

གནའ་ནས་ད་ལྟའི་བར་ས་སྒང་རིལ་མོ་འདིའི་སྟེང་དུ་ཉམ་ཐག་པའི་སྐྱེ་འགྲོ་གྲངས་མེད་ཅིག་གིས་དབུལ་ཕོངས་ཀྱི་རྐྱེན་པས་བློ་ཡུལ་ལས་འདས་པའི་སྡུག་བསྔལ་སྣ་ཚོགས་མྱངས་ཡོད་ལ། དུས་རབས་ཉེར་གཅིག་པའི་ནང་འདིར་ཡང་འཛམ་གླིང་གི་མི་གྲངས་དུང་ཕྱུར་14ཡས་མས་ཤིག་གིས་ལྟོགས་སྐོམ་དང་ན་ཚའི་སྡུག་བསྔལ་ལྷག་མ་མྱོང་བཞིན་ཡོད། ཐ་ན་ཨ་ཧྥེ་རི་ཁ་གླིང་གི་ཡུལ་གྲུ་ཁ་ཤས་སུ་ཁ་སང་དེ་རིང་ཡང་མི་ལྟོགས་སྐོམ་གྱིས་ཤི་བའི་སྣང་ཚུལ་འབྱུང་བཞིན་ཡོད་པ་རེད། དཔེ་དེ་བཞིན་མིག་སྔའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་ཡང་། རང་ཅག་མི་རིགས་འདིའི་ཁོངས་མི་བརྒྱ་ཆའི་དགུ་ཅུ་གོ་དགུ་འཛམ་གླིང་དབུལ་ཕོངས་མི་གྲངས་ཀྱི་གྲས་སུ་ལུས་ཡོད་ལ། 1 སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཀྲུང་གོའི་དབུལ་ཕུངས་མི་གྲངས་ཀྱི་གྲལ་དུ་ཚུད་གདའ། 2 འཚོ་བ་དངོས་ལ་ཞིབ་བལྟ་ཞིག་བྱོས་དང་། བོད་ཡུལ་སྟོད་སྨད་བར་གསུམ་དུ་ནད་པ་གང་མང་གིས་སྨན་རིན་སྟེར་རྒྱུ་མེད་པར་ཁྱིམ་དུ་ན་ཟུག་བསྲན་ནས་འདུག་པ་དང་། གཞོན་སྐྱེས་གང་མང་གིས་སློབ་རིན་སྟེར་རྒྱུ་མེད་པར་འུ་ཐུག་སྟེ་སློབ་མཚམས་འཇོག་བཞིན་པ་དང་། བྱིས་པ་གང་མང་ཞིག་ཁ་རྒྱབ་ལྟོ་གོས་ཀྱི་ཆེད་དུ་ཆུང་དུས་ནས་ནོར་རྫི་ལུག་རྫིར་མངགས་ཡོད་ལ། སྨན་ཤར་གང་མང་ཞིག་རྒྱུ་འབྱོར་ལོངས་སྤྱོད་ཀྱི་དབང་གིས་འཁོར་བའི་ཚོང་ཟོག་ཏུ་འགྱུར་བཞིན་པའི་སྐྱོ་གར་མཚམས་ཆད་མེད།

མདོར་ན་གོང་གསལ་སྣང་ཚུལ་དེ་དག་གིས་འུ་ཅག་ལ་ཡང་དང་བསྐྱར་དུ་འཇིག་རྟེན་ཁྱིམ་ཐབ་སྐྱོང་མཁན་ཞིག་ལ་མཚོན་ན། རྒྱུ་ནོར་ནི་ཅི་འདྲའི་གལ་ཆེ་ཞིང་སྒོར་མོ་ནི་ཅི་འདྲའི་གོ་ཆོད་ཅིག་ཡིན་པའི་གནས་ལུགས་དམར་རྗེན་དེ་གསལ་བཤད་བྱེད་ཀྱིན་གདའ། མི་སུ་ཞིག་ཡིན་རུང་ཐོག་མར་འཚོ་བའི་དགོས་མཁོ་སྐོང་བྱེད་ཀྱི་རྒྱུ་ནོར་དང་མ་རྩ་འདང་ངེས་ཤིག་ཡོད་ན། ད་གཟོད་ཀྱག་ཀྱོག་གི་མི་ཚེའི་བགྲོད་ལམ་སྟེང་མདུན་སྐྱོད་ཀྱི་བཀག་རྒྱ་ཇེ་ཉུང་དང་སྡུག་བསྔལ་གྱི་ཁུར་བོ་ཇེ་ཡང་དུ་འགྱུར་སྲིད་པ་ནི་སྨྲས་མ་དགོས།

ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་《བུད་མེད་དང་ཁྱིམ་ཚང་སྐོར་གྱི་ཟླ་དེབ》ཅེས་པའི་དཔེ་དེབ་རྩོམ་སྒྲིག་པ་དག་གིས་དུས་ཡུན་རིང་བོར་ཆེད་དུ་བརྟག་དཔྱད་བྱས་པའི་གྲངས་འབོར་ལ་གཞིགས་ན། དེང་རབས་ཀྱི་མི་ཕལ་མོ་ཆེའི་སྡུག་བསྔལ་ནི་ཏག་ཏག་རྒྱུ་ནོར་དང་འབྲེལ་ནས་འབྱུང་བཞིན་པ་ལུང་རིགས་གཉིས་ཀའི་ལམ་ནས་བསྒྲུབ་ཡོད་ལ། ང་ཚོ་རང་གིས་རང་ལ་བསམ་བློ་རེ་བཏང་ན་ཡང་། རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་དགོས་མེད་སྡུག་གི་ཁུར་བོ་གང་མང་ཞིག་ཏག་ཏག་དཔལ་འབྱོར་གྱི་གནད་དོན་དང་འབྲེལ་ནས་འབྱུང་བཞིན་པ་ངོ་མ་རེད། དེ་བས་གང་ཟག་སྒེར་ཞིག་གམ་ཡང་ན་མི་རིགས་ཤིག་གིས་ཆེས་མ་མཐའི་ལྟོ་གོས་ཀྱི་གནད་དོན་ཀྱང་ཐག་གཅོད་བྱེད་མ་ཐུབ་ན། བློ་གྲོས་དང་ནུས་ཤུགས་ཡོད་ཚད་ཁ་རྒྱབ་ལྟོ་གོས་ཀྱི་ཆེད་དུ་བསྟིམས་དགོས་པ་ཁོ་ཐག་ཡིན་པས། མི་རིགས་དེས་རང་ཁ་རང་གསོ་ཡི་ལས་ཀ་ལས་བརྒལ་བའི་ངོ་མཚར་རྨད་བྱུང་གི་དོན་ཆེན་གང་ཡང་འགྲུབ་མི་སྲིད་ལ། མིའི་རིགས་དང་འཛམ་གླིང་སྤྱི་ལ་ཞབས་འདེགས་ཞུ་བའི་གཞན་ཕན་རླབས་ཆེན་གྱི་ཕུགས་བསམ་ཞིག་ཀྱང་འཁྲུངས་དཀའ་བར་སྣང་།

གཉིས། དབུལ་བོའི་རིག་ལམ་དང་ཕྱུག་པོའི་རིག་ལམ།

སྤྱིར་རིག་གནས་ཀྱི་སྲོལ་རྒྱུན་མི་འདྲ་བའི་དབང་གིས་འཛམ་གླིང་མི་རིགས་སོ་སོར་རྒྱུ་ནོར་ལ་ལྟ་སྟངས་མི་གཅིག་པ་སྣ་ཚོགས་གྲུབ་ཡོད་ལ། དེ་དག་ལས་ཀྱང་འཛམ་གླིང་གི་ཚོང་ལས་མི་རིགས་ཨང་དང་པོར་འབོད་པའི་ཡ་ཧུ་ད་པའི་(犹太人Yehudim)ལྟ་སྟངས་ཕལ་མོ་ཆེ་ནི་རང་རེའི་བོད་པ་དང་རྒྱབ་འགལ་དུ་གྱུར་འདུག ཅི་སྐད་དུ། གཤིབ་སྡུར་ལས་ནི་ཤེས་རབ་འབྱུང་ཞེས་པའི་ལེགས་བཤད་ལྟར། འདིར་གཞན་གྱི་ལེགས་ཆ་ནང་འདྲེན་དང་རང་གི་ནོར་འཁྲུལ་ཡོ་བསྲང་བྱ་ཆེད། ཡ་ཧུ་ད་པའི་རྒྱུ་ནོར་ཐད་ཀྱི་ལྟ་སྟངས་ཉུང་ཙམ་ཞིག་རང་རིགས་སྤུན་ཟླའི་ཚོགས་ལ་ངོ་སྤྲོད་པར་བྱ།

རྒྱུ་ནོར་དང་དེའི་མཚོན་རྟགས་སུ་གྱུར་བའི་སྒོར་མོ་ལ་ངོས་འཛིན་ཅི་ལྟར་བྱེད་དགོས་ཤེ་ན། ཕལ་ཆེར་སྐྱེ་བོ་རེ་རེའི་སྣང་ངོ་རུ་གོ་བ་ལེན་སྟངས་མི་འདྲ་བ་རེ་ཡོད་ལ། མི་རིགས་རེ་རེའི་ངོས་འཛིན་བྱེད་སྟངས་ཀྱང་གཅིག་མཚུངས་མིན། ང་ཚོ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ལྟ་བའི་ཁྲོད་དུ་“རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་ཡིན། དེ་སྔ་དྲོ་ཡོད་ཀྱང་ཕྱི་དྲོ་མེད”ཅེས་རྒྱུ་ནོར་ནི་ཞེན་ཆགས་བསྐྱེད་བྱེད་ཅིག་དང་། འཁོར་བའི་འཆིང་ཐག་ཅིག སྐད་ཅིག་མི་རྟག་པ་ཞིག སྡུག་བསྔལ་གྱི་འབྱུང་ཁུངས་གཙོ་བོ་ཞིག་སྟེ། ཕལ་ཆེར་ཡོད་ཚད་སྤང་བྱ་དང་འཛེམ་བྱ། དོར་བྱ་འབའ་ཞིག་ཏུ་ངོས་བཟུང་ཡོད་ཅིང་། རྒྱུ་ནོར་ལོངས་སྤྱོད་ཀྱི་ཐད་དུ་འདོད་ཆུང་ཆོག་ཤེས་བྱ་དགོས་པའི་ཁ་ཏ་བསླབ་བྱ་ཤིན་ཏུ་མང་བར་མ་ཟད། རྒྱལ་སྲིད་ཁྱིམ་ཐབ་དང་བཅས་པ་རྩྭ་སྙིགས་བཞིན་དོར་བའི་སྟོན་པ་བཅོམ་ལྡན་འདས་དང་། འཇིག་རྟེན་ཟང་ཟིང་སྤངས་ཤིང་ཟས་གོས་ངན་ངོན་བརྟེན་པའི་རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་སོགས་མིག་དཔེ་རུ་འཛིན་པ་རེད། དེ་འདྲའི་རྒྱུ་ནོར་ཐད་ཀྱི་རིན་ཐང་ལྟ་བའི་ཤུགས་རྐྱེན་འོག ཆེ་ས་ནས་བལྟས་ན་གནའ་རབས་བོད་ཀྱི་སྤྱི་ཚོགས་ནང་རྒྱུ་ནོར་བསྒྲུབ་པའི་ལས་ཀར་གཙིགས་འཛིན་དང་མཐོང་ཆེན་བྱེད་སྲོལ་ཆེར་མེད་ལ། དེ་ལས་ལྡོག་སྟེ་རྒྱུ་ནོར་གྱི་ཐད་དུ་འདོད་ཆུང་ཆོག་ཤེས་བྱེད་དགོས་པའི་ལྟ་བ་ཞིག་ཡོངས་ཁྱབ་ཏུ་དར་ཡོད། དེ་བས་བོད་པའི་ཁྲོད་དུ་རྒྱུ་ནོར་འཚོལ་བར་དགའ་བའི་མི་ཐམས་ཅད་ནི་འདོད་རྔམ་ཧམ་སེམས་ཅན་དང་ཆ་འདྲ་བར་བལྟ་བའི་ཕྱོགས་རིས་ཡ་མཚན་ཅན་ཞིག་ཀྱང་གྲུབ་ཡོད། དེ་ལ་བོད་ཀྱི་མཚན་ཉིད་པ་དག་གིས་བསམ་བློའི་ཁུངས་གཏུགས་སར་བཀུར་བའི་མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང་“ཕྱུག་པོ་ཀླ་ཀློ་རྣམས་ལའང་ཡོད། དཔའ་བོ་དུད་འགྲོ་རྣམས་ལའང་མང་”ཞེས་རྒྱུ་ནོར་ལོངས་སྤྱོད་བསྒྲུབ་པའི་འཇོན་ཐང་དེ་ཡ་རབས་ཚུལ་མཐུན་གྱི་ཡོན་ཏན་བཟང་པོ་ཞིག་ཏུ་བགྲང་མེད་པ་དེ་འདྲ་རེད། དེའི་ཕྱིར་གནའ་ནས་ད་ལྟའི་བར་དུ་བོད་པ་ཚོས་ཤེས་བྱ་རིག་གནས་སྦྱོང་བའི་དཔེ་ཆ་བ་ལས་རྒྱུ་ནོར་ལོངས་སྤྱོད་གཉེར་བའི་ཚོང་པར་གོང་བཀུར་མི་བྱེད་ལ། སྐྱེ་བོ་སྤྱང་གྲུང་ལྡན་པ་སུས་ཀྱང་མི་མང་ཚོགས་པའི་དབུས་སུ་མངོན་སུམ་འཛེམ་མེད་སྒོས་རྒྱུ་ནོར་ལ་བསྔགས་པའི་གཏམ་སྨྲ་མི་ཕོད། རྒྱུ་མཚན་ནི་ཁོས་དེ་ལྟར་གླེང་ན་གཞན་གྱིས་རང་ཉིད་འདོད་ཆུང་ཆོག་ཤེས་མེད་པ་ཞིག་ཏུ་ངོས་འཛིན་བྱེད་རྒྱུར་སྐྲག་དགོས་པ་རེད། དེ་བས་ནམ་རྒྱུན་རང་རེའི་མི་རིགས་འདིས་རྒྱུ་ནོར་སྒྲུབ་སྐབས་ཁ་ཞེ་གཉིས་འགལ་གྱི་སྤྱོད་པ་སྣ་ཚོགས་སྟོན་དགོས་ཡོད་དེ། དཔེར་ན། བོད་མི་མང་ཆེ་ཤོས་ཀྱིས་ཁ་རྒྱབ་ལྟོ་གོས་ཀྱི་ཆེད་དུ་ཉོ་ཚོང་བརྗེ་རེས་ཀྱི་ལས་དོན་རེ་སྒྲུབ་པའི་སྐབས་སུ་ཡང་། མི་ཡི་གཉུག་གཤིས་ཀྱི་ཆ་ནས་གཞན་རིགས་སྐྱེ་བོ་ཀུན་དང་འདྲ་བར་ཁེ་སྤོགས་རེ་ཐོབ་ན་ཅི་མ་རུང་སྙམ་པའི་བདག་འཛིན་གྱི་སེམས་དེ་ཡོད་ནའང་། དངོས་སུ་སྒོར་མོར་ལག་པས་རེག་སྐབས་ཕྱི་ཚུལ་ནས་རྒྱུ་ནོར་ལ་ཞེན་ཆགས་ཆེན་པོ་མེད་པའི་རྫུ་བག་རེ་ཅིས་ཀྱང་སྟོན་དགོས་པ་ཚང་མར་གསལ། ཁྱད་པར་དུ་བོད་མི་རྣམས་ཀྱིས་དགའ་ཉེ་གྲོགས་པོ་དང་མི་རྒྱུས་ཡོད་ལ་ཚོང་རྒྱག་སྐབས། ཚོང་ཟོག་གི་རིན་གོང་དང་སྒོར་མོའི་ཁ་གྲངས་སོགས་ཀྱང་ཐད་ཀར་དུ་གླེང་བར་ཡང་དོགས་མི་བདེ་བའི་རྣམ་འགྱུར་སྟོན། ཁ་གསལ་བོར་བཤད་ན། ང་ཚོས་རྒྱུ་ནོར་སྤང་བྱ་ཞིག་ཏུ་ངོས་འཛིན་པའི་རིན་ཐང་ལྟ་བ་དང་། ལོངས་སྤྱོད་བདག་ཏུ་འཛིན་འདོད་ཀྱི་མི་ཡི་གཉུག་གཤིས་ཀྱི་བར་ན་སྙོམས་དཀའ་བའི་འགལ་བ་ཆེན་པོ་ཞིག་རྟག་ཏུ་གནས་ཡོད།

དེ་དང་བསྡུར་ན་ཡ་ཧུ་ད་པས་རྒྱུ་ནོར་དང་སྒོར་མོ་ལ་ལྟ་སྟངས་ཡང་དག་ཅིག་བཟུང་ཡོད་དེ། ཁོ་ཚོའི་མཚན་ཉིད་རིག་པའི་གཞུང་དུ་སྒོར་མོ་ལ་རང་བཞིན་གཉིས་ཡོད་པར་འདོད། དང་པོ་སྒོར་མོ་ནི་མིའི་རིགས་ཀྱི་ཚོང་ལས་དགོས་མཁོ་དང་བསྟུན་ནས་བྱུང་བ་ཡིན་པས་རང་བྱུང་གི་རང་བཞིན་ལྡན། གདོད་མའི་དུས་སུ་མི་རྣམས་ཀྱིས་དངོས་རྫས་ཉོ་ཚོང་བྱེད་སྐབས་སྟབས་ཇེ་བདེར་གཏོང་བ་དང་། སྒོས་སུ་མི་མང་པོའི་བར་ལ་ཡང་སྐོར་བསྐྱར་སྐོར་གྱི་ཉོ་ཚོང་རྙོག་འཛིང་ཅན་བྱེད་པར་སྟབས་བདེ་བཟོ་ཆེད། ཐོག་མར་གསེར་དངུལ་ཟངས་ལྕགས་སོགས་དངོས་རྫས་དཀོན་པོའི་རིགས་ཚོང་རྫས་ཀྱི་རིན་དོད་དུ་སྤྱད་དེ་ཉོ་ཚོང་བྱས་པ་བརྒྱུད་སྒོར་མོའི་ཐོག་མ་བྱུང་བ་ཡིན་ལ། ཉེ་རབས་སུ་སྲིད་གཞུང་གིས་རྒྱལ་ཁྲིམས་གཞིར་བཟུང་ནས་གཅིག་གྱུར་གཏན་ཁེལ་སྒོས་ཤོག་སྒོརབཟོས་པ་རེད། མདོར་ན་རྒྱུ་ཆ་གང་ལས་བཟོས་པའི་སྒོར་མོ་ཡིན་རུང་ཚང་མར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཚོང་ལས་ཀྱི་གོ་རིམ་ནང་སྨྱན་བྱེད་ཀྱི་ནུས་པ་ཐོན་པ་དེ་ཡིན། གཉིས་པ་ནི་སྒོར་མོ་ནི་མིས་བཟོས་ཐོན་རྫས་ཤིག་ཡིན་པས་དེ་ལ་སྤྱི་ཚོགས་ཀྱི་རང་བཞིན་ལྡན་པ་སྟེ། ཚོང་རྫས་ཀྱི་ཚད་མཇལ་བྱེད་དུ་གྱུར་བའི་སྒོར་མོ་སྤྱི་དང་ཁྱད་པར་དུ་དེང་རབས་ཀྱི་ཤོག་སྒོར་ནི་སྤྱི་ཚོགས་ཀྱི་དགོས་མཁོ་རྨང་གཞི་བྱས་ཤིང་། གཅིག་མཐུན་གྱི་ཚད་གཞི་ངེས་ཅན་ཞིག་གཞིར་བཟུང་ནས་གཏན་ཁེལ་བྱས་ཡོད་པས། སྒོར་མོ་སྤྱད་ནས་ཚོང་ལས་གཉེར་སྐབས་སྤྱི་ཚོགས་ཀྱི་རྩ་དོན་དང་སྒྲིག་ལམ་ངེས་ཅན་ཞིག་བརྩི་སྲུང་བྱེད་དགོས། གོང་གསལ་གྱི་རང་བཞིན་དེ་གཉིས་ལ་གཞིགས་ནས་སྒོར་མོ་ལ་མཚན་ཉིད་ཅིག་བཞག་ན། དེ་ནི་མིའི་རིགས་ཀྱི་ཚོང་ལས་དགོས་མཁོ་ལྟར་བཟོས་པའི་ཉོ་ཚོང་བརྗེ་ རེས་ཀྱི་ལག་ཆ་འབའ་ཞིག་ཡིན་ལ། དེས་མི་ཞིག་གི་རྒྱུ་ནོར་ལོངས་སྤྱོད་ཀྱི་བདག་དབང་ཡང་ཚད་ཐིག་གིས་ལམ་ནས་མཇལ་ཐུབ་པར་བྱས་ཡོད། ཡ་ཧུ་ད་པས་མིའི་རིགས་ཀྱི་སྤྱི་ཚོགས་ནི་མི་དང་མིའི་བར་གྱི་དཔལ་འབྱོར་འབྲེལ་བ་ལས་གྲུབ་ཡོད་པར་འདོད་ལ། དཔལ་འབྱོར་སྤྱི་ཚོགས་ནང་མི་ཞིག་གི་སྒོར་མོའི་ཁ་གྲངས་ཀྱིས་དེའི་སྤྱི་ཚོགས་སྟེང་གི་ཤུགས་རྐྱེན་དང་དབང་ཐང་། གྲུབ་འབྲས་དང་ཁེ་དབང་སོགས་མཚོན་ཞིང་། ཐ་ན་འཇོན་ཐང་དང་རིན་ཐང་གི་གྲུབ་ཆ་སྐོར་ཞིག་ཀྱང་སྒོར་མོའི་ཁ་གྲངས་དང་འབྲེལ་བ་ཡོད་པར་འདོད། དེ་བས་གནའ་ནས་ད་ལྟའི་བརཡ་ཧུ་ད་པའི་རིག་གནས་ནང་ལག་ཆ་དང་ཚད་ཐིག་ཁོ་ནར་ངོས་བཟུང་བའི་སྒོར་མོ་ལ་མ་གཞི་ནས་ལེགས་ཉེས་དགེ་སྡིག་གི་དབྱེ་བ་ཅི་ཡང་མེད་པར། གཙོ་བོ་མི་རྣམས་ཀྱིས་ལག་ཆ་གང་དེ་སྤྱད་ནས་རང་གི་འདོད་དོན་སྒྲུབ་སྐབས་ཀྱི་ཀུན་སློང་དང་སྤྱོད་ལམ་ལ་བརྟགས་པར་བྱེད། ཡ་ཧུ་ད་པ་རྣམས་ཀྱིས་དུས་རྒྱུན་དུ་“སྒོར་མོ་ནི་ཉེས་པའི་སྣ་འདྲེན་མ་རེད། དམོད་པའི་དྲག་སྔགས་ཀྱང་མ་རེད། དེས་མི་རྣམས་ལ་འབྱོར་ཕྱུག་གི་སྨོན་འདུན་ཞུ་བཞིན་ཡོད་”ཟེར། དེ་བས་ཡ་ཧུ་ད་པའི་རིག་གནས་ནང་སྒོར་མོ་ལ་དགའ་ཞིང་བསྟོད་པའི་གཏམ་དཔེ་ཡང་མང་པོ་ཡོད། དཔེར་ན་“《དམ་པའི་གསུང་རབ》ལས་འོད་སྣང་འཕྲོ། གསེར་དངུལ་རྒྱུ་ནོར་གྱིས་དྲོད་ཁོལ་སྦྱིན་”ཟེར་བར་མ་ཟད། “ལན་རེར་སྒོར་མོ་ནི་འཁོར་བའི་ནང་གི་སྐྱབས་མགོན་དངོས་དེ་ཡིན་”ཞེས་སྒོར་མོ་དང་རང་གི་དད་མོས་བྱེད་ཡུལ་གཉིས་ཀའི་བྱིན་རླབས་དོ་མཉམ་པར་འདོད་སྐབས་ཀྱང་ཡོད། འཇིག་རྟེན་འདིར་བདེ་བ་མི་འདོད་པར་སྡུག་བསྔལ་འདོད་མཁན་མེད་པ་ཇི་བཞིན་དུ། འབྱོར་ཕྱུག་མི་འདོད་པར་དབུལ་ཕོངས་འདོད་མཁན་ཞིག་ཀྱང་ཤིན་ཏུ་དཀོན། དེ་བས་ཡ་ཧུ་ད་པས་ལོ་ངོ་སུམ་སྟོང་སུམ་བརྒྱ་ལྷག་གི་རིང་ལ་རྒྱུད་འཛིན་དང་དར་སྤེལ་བཏང་བའི་བླ་ན་མེད་པའི་བསྟན་བཅོས(《ཐལ་མུ་ཏེ》塔木德Talmdh )ཞེས་པ་ལས་ཀྱང་། “གལ་ཏེ་མི་ལ་བདག་འཛིན་གྱི་སེམས་མེད་ན། ཁྱིམ་གཞིས་གསར་བསྐྲུན་དང་གཉེན་སྒྲིག་བྱེད་པ། བུ་ཕྲུག་བཙའ་བ། ངལ་རྩོལ་བྱེད་པ་སོགས་ཀྱི་བྱ་སྤྱོད་ཐམས་ཅད་ཀྱང་འབྱུང་མི་སྲིད་”ཟེར་ལ།

(པར1 ཐལ་མུ་ཏེ་ཞེས་པའི་བསྟན་བཅོས)

(པར1 ཐལ་མུ་ཏེ་ཞེས་པའི་བསྟན་བཅོས)

ཡ་ཧུ་ད་པའི་ཀུན་སྤྱོད་ཀྱི་ཁྲོད་རང་གི་ཆེད་དུ་ཁེ་ཕན་བསྒྲུབ་ན་འགྲིག་མི་འགྲིག་གི་གནད་དོན་ཅི་ཡང་མེད་པར། ཅི་ལྟར་ཐོབ་འདོད་པའི་ཁེ་ཕན་བརྩོན་ལེན་བྱེད་པ་དང་ཐོབ་ཟིན་པའི་ཁེ་ཕན་བགོ་བྱ་རྒྱག་རྒྱུ་དེ་རེད། ཁོ་ཚོས་རང་ཅག་བོད་པ་བཞིན་འབྱོར་ཕྱུག་ལོངས་སྤྱོད་ནི་སྡུག་བསྔལ་དུ་མི་བསམས་པར་དབུལ་ཕོངས་ནི་ད་གཟོད་སྡུག་བསྔལ་གྱི་རྒྱུ་རྐྱེན་གཙོ་བོར་འདོད། དེ་བས་ཡ་ཧུ་ད་པའི་གཏམ་དཔེ་ལ་“མི་སེམས་གསོད་པའི་དུག་གསུམ་ཡོད། དེ་ནི་ཡི་མུག་པ་དང་འཁྲུག་རྩོད་བྱེད་པ་དང་། སྒོར་ཁུག་སྟོང་བར་གྱུར་བ་བཅས་ཡིན་”ཟེར་ལ། “ལུས་ཕུང་ནི་སེམས་ལ་བརྟེན་ཡོད། སེམས་ནི་སྒོར་ཁུག་ལ་བརྟེན་ཡོད་”ཅེས་ཀྱང་ཟེར། ད་དུང་ཁོ་ཚོས་“དབུལ་བོས་བཤད་བཤད་པོ་འགྲིག་པའི་ངེས་པ་མེད་ལ། ཕྱུག་པོས་བསྒྲུབ་བསྒྲུབ་པོ་ནོར་བའི་ངེས་པ་མེད་”ཅེས་རྒྱུ་ནོར་ལོངས་སྤྱོད་བསྒྲུབ་པར་དགའ་མཁན་དང་འབྱོར་ལྡན་ཕྱུག་པོ་རྣམས་ལ་ཕྱོགས་རིས་མི་འཛིན་པར་མ་ཟད། དེ་དག་གི་ཚོང་ལས་ཀྱི་འཇོན་ཐང་ལ་བསྟོད་བསྔགས་དང་སྐུལ་མ་བྱེད། དེ་མིན་ཁོ་ཚོས་རྒྱུ་ནོར་གྱིས་མི་ཡི་སྤྱི་ཚོགས་སྟེང་གི་སྙན་གྲགས་དང་གོ་གནས་སོགས་ཇེ་མཐོར་གཏོང་ཐུབ་པར་འདོད་པ་སྟེ། “ཕྱུག་པོ་ལ་བསྟོད་པ་ནི་གང་ཟག་མི་དེར་བསྟོད་པ་མ་ཡིན་པར་དེའི་རྒྱུ་ནོར་གྱི་ཡོན་ཏན་ལ་བསྟོད་པ་རེད་”ཅེས་ཀྱང་སྨྲ། མདོར་ན་དེ་འདྲའི་རིན་ཐང་ལྟ་བའི་ཤུགས་རྐྱེན་འོག ཡ་ཧུ་ད་པ་རྣམས་ཀྱིས་འཛམ་གླིང་ཡངས་པའི་ཁྱོན་ནས་མི་རིགས་སྣ་ཚོགས་བར་ཉོ་ཚོང་ཆེ་ཆུང་ཅི་འདྲ་བྱེད་སྐབས་ཀྱང་། རང་ཅག་བོད་པ་བཞིན་ཁེ་སྤོགས་ལེན་འདོད་ཡོད་རུང་སྒོར་མོར་རེག་པར་འཛེམ་པའི་ཁ་ཞེ་གཉིས་འགལ་གྱི་བྱ་སྤྱོད་སྟོན་མི་སྲིད་ལ། ས་སྟེང་གི་སྒོར་མོ་ཚང་མ་གཙང་མ་ཡིན་པས་ཚོང་ལས་ཀྱི་བློ་གྲོས་ལ་བརྟེན་ནས་རང་གི་ཁུག་མའི་ནང་འཇུག་ཐུབ་ཚེ་འཛེམ་དོགས་བྱེད་དགོས་དོན་མེད་ཅེས་མངོན་སུམ་དུ་སྒྲོགས། ཐ་ན་ཚོང་རྒྱག་དུས་ཕ་རོལ་བོའི་སྒོར་མོའི་ཡོངས་ཁུངས་ལའང་ཁ་ཡ་བྱེད་མི་དགོས་ལ། ཚོང་རྒྱག་རོགས་གང་ཟག་དེའི་མི་གཤིས་དང་ཐོབ་ཐང་། རིགས་རྒྱུད་དང་ཆོས་ལུགས། རྒྱལ་ཁབ་སོགས་ཀྱི་ཕྱོགས་རིས་འཐེན་འཁྱེར་གང་ཡང་བྱེད་དོན་མེད་པར་བསམས། དེར་གཞན་གྱིས་འོ་ན་རྐུན་ཇག་ལྟ་བུ་ཞིག་དང་ཚོང་བརྒྱབ་ནས་ཐོབ་པའི་སྒོར་མོ་དེ་གཙང་མ་ཡིན་ནམ་ཞེས་འདྲི་ན། ཡ་ཧུ་ད་པས་འདི་ལྟར་ལན་འདེབས་ངེས་ཏེ། རྐུན་མ་ཞིག་དང་ཚོང་བརྒྱབ་ནས་ཐོབ་པའི་སྒོར་མོ་གཅིག་དང་བླ་མ་ཞིག་དང་ཚོང་བརྒྱབ་ནས་ཐོབ་པའི་སྒོར་མོ་གཅིག་ལ་ཁྱད་པར་ཅི་ཡང་མེད། རྒྱུ་མཚན་ནི་སྒོར་མོ་དེ་གཉིས་ཀྱིས་སྨན་རྫས་ཉོས་ནའང་རིན་ཐང་འདྲ་འདྲ་ཡིན་ལ། དུག་རྫས་ཉོས་ནའང་རིན་ཐང་འདྲ་འདྲ་ཡིན། མི་ཡི་ཀུན་སྤྱོད་ལ་ལེགས་ཉེས་དགེ་སྡུག་ཡོད་ཀྱང་། སྒོར་མོ་རང་སྟེང་ན་དཀར་ནག་གཙང་བཙོག་མེད་ཟེར། རྒྱུ་མཚན་དེའི་དབང་གིས་ཡ་ཧུ་ད་པས་ཚོང་ལས་གཉེར་བར་རྩ་དོན་གཉིས་ལས་མེད་དེ། དང་པོ་ནི་རང་གི་ཚོང་ལས་ཀྱི་བྱ་སྤྱོད་དེ་ཚོང་རྒྱག་ཡུལ་ས་གནས་དང་རྒྱལ་ཁབ་གང་གི་ཁྲིམས་ལུགས་དང་མཐུན་དགོས་ལ། 3 གཉིས་པ་ནི་མིག་མཐོང་ལག་ཟིན་གྱི་ཁེ་སྤོགས་ལེན་རྒྱུ་ཡོད་ན་ཆོག འདིའི་ཐད་དུ་སྲོལ་ལུགས་རྙིང་བའི་འཆིང་རྒྱ་མང་པའི་བོད་པ་དག་ལས་རང་དབང་དང་མཉེན་ལྕུག་ལྡན་པ་ཞིག་ཅིས་ཀྱང་རེད་སྙམ།

ཡང་མི་རིགས་གཞན་དང་མི་འདྲ་བར་ཡ་ཧུ་ད་པའི་སྐད་ཆའི་ནང་སྒོར་མོའི་ཡོན་ཏན་ལ་བསྔགས་པའི་གཏམ་དཔེ་མང་སྟེ། དཔེར་ན་“ཤོག་སྒོར་གྱི་ཧྲག་སྒྲ་གྲགས་པ་ན། གཏམ་ཡན་མྱི་ཁ་ཡུན་གྱིས་འཇགས་”ཟེར་བ་དང་། “སྒོར་མོ་ཡིས་སྒོ་བརྡུངས་ན་འཇིག་རྟེན་འདིར་སྒོ་མི་ཕྱེ་མཁན་དཀོན་”ཟེར། དེ་ལྟར་ཁོ་ཚོས་སྒོར་མོའི་རིན་ཐང་ལ་བརྩི་བཀུར་བྱེད་པར་མ་ཟད། སྒོར་མོའི་སྟོབས་ཤུགས་གཡར་ནས་སྤྱི་ཚོགས་ལས་དོན་སྣ་ཚོགས་ལ་དོ་དམ་བྱེད་པར་ཡང་ཤིན་ཏུ་མཁས། ཡ་ཧུ་ད་པས་སྤྱི་ཚོགས་དོ་དམ་ཐད་ནམ་ཡང་ཨུ་ཚུགས་ཀྱིས་སློབ་གསོ་གཏོང་བ་དང་དྲག་ཤུགས་ཀྱིས་ཁྲིམས་ཆད་གཅོད་པ་སོགས་མི་འི་རང་དབང་ཚོད་འཛིན་བྱེད་པའི་བྱེད་ཐབས་སྡུག་པོ་དག་མི་སྤྱོད་པར། མི་ཡི་དཔལ་འབྱོར་གྱི་ཁེ་ཕན་གཉེར་བའི་བྱ་སྤྱོད་ལ་དོ་དམ་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྒྲིག་ཁྲིམས་དང་འགྲོ་རིམ་གཏན་ལ་ཕབ་པར་བྱེད། དཔེར་ན། ཁོ་ཚོས་རླངས་འཁོར་སྲང་ལམ་དུ་བསྐོར་ན་མི་ལ་གདོང་ཐུག་རྒྱག་པའི་ཉེན་ཁ་ཡོད་ཅེས་རླངས་འཁོར་གཏན་འགོག་མི་བྱེད་པར། ཐོག་མར་མི་ རྣམས་ལ་རླངས་འཁོར་བསྐོར་བའི་རང་དབང་སྤྲོད་པ་དང་། དེ་ནས་རྒྱ་སྲང་དང་གཞུང་ལམ་གང་ས་གང་དུ་སྒོར་མོའི་ཆད་པ་གཅོད་པའི་འགྲིམ་འགྲུལ་སྒྲིག་ལམ་འཛུགས་པ་རེད། དེ་ལྟར་བྱས་ན་མི་ཡི་རླངས་འཁོར་སྤྱོད་པའི་དགོས་མཁོ་བསྐང་ཐུབ་པར་མ་ཟད་འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་ཡང་སྔོན་འགོག་བྱ་ཐུབ། 4 ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། ཡ་ཧུ་ད་པས་ནམ་རྒྱུན་སྒོར་མོ་ལ་བསྟོད་བསྔགས་ཆེན་པོ་བྱེད་མོད་ཀྱང་། སྒོར་མོ་འབའ་ཞིག་གཙུག་ཏུ་བཀུར་ཞིང་རང་སྣང་མཐོ་བའི་ཕྱུག་བདག་བླུན་རྒན་དེ་དག་དང་གཏན་ནས་མི་འདྲ། དོན་ལ་ཡ་ཧུ་ད་པའི་སེམས་ཁོང་དུ་སྒོར་མོ་ནི་ལྷ་མ་ཡིན་ལ་འདྲེ་ཡང་མ་ཡིན། ཁོ་ཚོས་སྒོར་མོ་ནི་ནམ་ཡིན་རུང་འཇིག་རྟེན་འདིའི་ལག་ཆ་ཁྱད་པར་པ་ཞིག་ཏུ་བལྟ་ལ། མི་རྣམས་ཀྱིས་སྒོར་མོ་བེད་སྤྱད་དེ་རང་གི་འདོད་དོན་བསྒྲུབ་པ་ནི་ཆེས་རང་བྱུང་དང་བབ་ཆགས་ཀྱི་འཚོ་བ་རོལ་སྟངས་ཤིག་ལ་ངོས་འཛིན་བྱེད། བྱེ་བྲག་ཏུ་བཤད་ན། ཁོ་ཚོས་སྒོར་མོ་དང་གྱོན་གོས་གཉིས་ཀྱིས་མི་ལ་ཕན་ཐོགས་པའི་ངོ་བོ་ཕལ་ཆེར་གཅིག་འདྲ་ཡིན་པར་འདོད། དེ་མིན་རྒྱུ་ནོར་སྤང་བྱར་ངོས་འཛིན་པའི་ང་ཚོ་བོད་མི་རིགས་དང་བསྡུར་ན། ཡ་ཧུ་ད་པས་སྒོར་མོ་ཡི་ཡོན་ཏན་ལ་བསྟོད་བསྔགས་བྱེད་པར་མ་ཟད། སྒོར་མོ་ཅི་ལྟར་འཚོལ་བའི་བློ་གྲོས་དང་ཤེས་རིག་ལ་དེ་ལས་ཀྱང་མཐོང་ཆེན་བྱེད་པ་རེད། འདིའི་སྐོར་ལ་ཡ་ཧུ་ད་པའི་བསྟན་བཅོས《ཐལ་མུ་ཏེ》ཞེས་པ་ལས་ཡ་ཧུ་དའི་སློབ་དཔོན་གཉིས་ཀྱིས་ལབ་གླེང་ཚན་པ་ཞིག་འདུག་པ་གཤམ་ལྟར།

སློབ་དཔོན་ཀ་བ། “ཤེས་རིག་དང་རྒྱུ་ནོར་གཉིས་ལས་གང་གལ་ཆེ། ”
སློབ་དཔོན་ཁ་བ། “དེ་ནི་ཤེས་རིག་གལ་ཆེ་བ་སྨྲས་མ་དགོས། ”
སློབ་དཔོན་ཀ་བ། “དེ་ན་མཁས་པ་དང་མཚན་ཉིད་མཁན་པོ་རྣམས་ཀྱིས་ཕྱུག་པོའི་ལག་འོག་ཏུ་གླ་རྒྱག་པ་ལས། ཕྱུག་པོ་རྣམས་ཀྱིས་མཁས་པ་དང་མཚན་ཉིད་མཁན་པོར་གཡོག་མི་བྱེད་དོན་ཅི་རེད། ”
སློབ་དཔོན་ཁ་བ། “དེའི་རྒྱུ་མཚན་ཧ་ཅང་གོ་སླ་སྟེ། མཁས་པས་རྒྱུ་ནོར་གྱིས་རིན་ཐང་རྟོགས་ཀྱང་། ཕྱུག་པོས་ཤེས་རིག་གི་རིན་ཐང་མི་རྟོགས་པས་རེད། ”

ལབ་གླེང་ཚན་པ་འདིར་རོབ་ཙམ་བལྟས་ན། སློབ་དཔོན་ཁ་བའི་གསུང་ལ་གནས་ལུགས་ཡོད་པར་སྣང་སྟེ། མཁས་པ་ཚོས་རྒྱུ་ནོར་གྱི་རིན་ཐང་རྟོགས་པས་ཕྱུག་པོར་གླ་བརྒྱབས་ཏེ་རྒྱུ་ནོར་ཐོབ་ཐབས་བྱེད་བཞིན་ཡོད་མོད། ཕྱུག་པོས་ཤེས་རིག་གི་རིན་ཐང་མི་རྟོགས་པས་མཁས་པར་བཀུར་བསྟི་བགྱིས་ནས་ཤེས་རིག་སློབ་བཞིན་མེད། ཡིན་ནའང་དོན་ལ་ཁ་བརྡ་དེས་འདིར་གླེང་བའི་མཁས་པ་དེ་རྣམས་ལ་ཟུར་ཟ་བྱས་ཡོད། རྒྱུ་མཚན་ནི་གལ་ཏེ་མཁས་པ་དང་མཚན་ཉིད་མཁན་པོ་དག་གིས་རྒྱུ་ནོར་གྱི་རིན་ཐང་རྟོགས་ཡོད་ན། རང་གི་ཤེས་རབ་ལ་བརྟེན་ནས་ཐད་ཀར་དུ་རྒྱུ་ནོར་བཙལ་མི་ཐུབ་པར། ཕྱུག་པོར་གླ་བརྒྱབ་ནས་རང་གི་ཤེས་ཡོན་དང་མི་འཚམ་པའི་ཟས་ལྷག་རེ་བརྩོན་ལེན་བྱེད་དོན་ཅི་ཡོད། དེ་འདྲའི་མཁས་པ་དང་མཚན་ཉིད་མཁན་པོ་ནི་དོན་དམ་གྱི་ཤེས་རབ་དང་ལྡན་པ་མ་ཡིན། ཁོ་ཚོའི་ཡ་ཆུང་ཁོག་ན་ཕྱུར་བུར་སྤུངས་ཡོད་པ་ནི་ཤེས་བྱ་འབའ་ཞིག་ལས་ཤེས་རབ་མ་རེད། དེ་བས་ཁོ་ཚོས་སྒོར་མོ་ཡི་རིན་ཐང་རྟོགས་པར་མ་ཟད་ཐོབ་འདོད་ཀྱི་བློ་ཡང་ཡོད་མོད། ལག་ལེན་དངོས་ཀྱི་སྟེང་ནས་རང་གི་ཤེས་བྱ་བེད་སྤྱད་དེ་སྒོར་མོ་ལ་དབང་བསྒྱུར་མི་ཐུབ་པར་མ་ཟད། ཐ་ན་རང་གི་ཤེས་བྱ་ཡང་གཞན་གྱི་སྒོར་མོའི་བྲན་གཡོག་ཏུ་གྱུར་བའོ། དེ་ན་སྒོར་མོ་ཡིས་ཁ་ལོ་བསྒྱུར་ཐུབ་པའི་ཤེས་བྱ་ཞིག་ལ་ཁ་ལོ་བསྒྱུར་བྱེད་ཀྱི་སྒོར་མོ་ལས་རིན་ཐང་ཆེ་བའི་རྒྱུ་མཚན་ཞིག་བགྲང་རྒྱུ་ག་ལ་ཡོད། དེ་ལས་ལྡོག་སྟེ་སྒོར་མོར་ཁ་ལོ་བསྒྱུར་ནས་མཁས་པ་ བྲན་དུ་བཀོལ་ཐུབ་པའི་ཕྱུག་པོ་གང་དེར་མཁས་པ་ལྟ་བུའི་ཤེས་བྱ་མང་པོ་མེད་ཀྱང་ངེས་དོན་གྱི་ཤེས་རབ་དང་ལྡན་པ་ཡིན་པར་བསྟན། དེ་བས་ཤེས་བྱ་དང་རྒྱུ་ནོར་གཉིས་ལས་གང་གལ་ཆེ་བའི་སྐོར་ལ་ཡ་ཧུ་ད་པའི་འདོད་ཚུལ་ངོ་མ་ནི་མདོར་བསྡུས་ན་འདི་ལྟ་སྟེ།

༡ གོ་ཆོད་པའི་རྒྱུ་ནོར་ཞིག་ནི་གོ་མི་ཆོད་པའི་ཤེས་བྱ་ཞིག་ལས་རིན་ཐང་ཆེ།
༢ གོ་ཆོད་པའི་རྒྱུ་ནོར་ཞིག་དང་གོ་ཆོད་པའི་ཤེས་བྱ་ཞིག་གི་རིན་ཐང་འདྲ་འདྲ་ཡིན།
༣ རྒྱུ་ནོར་ལ་ཁ་ལོ་བསྒྱུར་ཐུབ་པའི་ཤེས་བྱ་ནི་རྒྱུ་ནོར་རྐྱང་བ་ལས་རིན་ཐང་ཆེ།
༤ ཤེས་བྱ་ཉོ་ཐུབ་པའི་རྒྱུ་ནོར་དང་རྒྱུ་ནོར་འཚོལ་ཐུབ་པའི་ཤེས་བྱ་གཉིས་ཀྱི་རིན་ ཐང་འདྲ་འདྲ་ཡིན།
༥ ཤེས་བྱ་དང་རྒྱུ་ནོར་གཉིས་ཀར་ཁ་ལོ་བསྒྱུར་ཐུབ་པ་ནི་ཤེས་རབ་ཡིན།

དེ་བས་ཡ་ཧུ་ད་པས་ཚོས་གནའ་ནས་ད་ལྟའི་བར་དུ་ཤེས་བྱའི་མཛོད་དུ་གྱུར་ཡང་འཚོ་རྟེན་གཞན་ལ་རེ་བའི་དཔེ་ཆ་བ་དབུལ་བོ་ཞིག་ལ་བསྟོད་བསྔགས་མི་བྱེད་པར་མ་ཟད། “ཤེས་རབ་མེད་པའི་མཁས་པ་ནི་ལྒིགས་བམ་ཁུར་བའི་བོང་བུ་དང་འདྲ་”ཞེས་ཀྱང་དམད་པར་བྱས་སོ། །

གསུམ། ཕྱུག་པོའི་འཚོ་སྟངས་དང་དབུལ་བོའི་འཚོ་སྟངས།

ཡ་ཧུ་ད་མི་རིགས་དང་ང་ཚོ་བོད་མི་རིགས་གཉིས་ཀ་གཤིབ་བསྡུར་ཞིག་བྱས་ན། སྤྱིར་མི་གྲངས་དང་ལོ་རྒྱུས་སོགས་ཕྱོགས་གང་ཐད་དུ་འདྲ་ས་མང་མོད། དཔལ་འབྱོར་གྲུབ་འབྲས་ཀྱི་ཆ་ནས་བལྟས་ན་གནམ་དང་ས་ལྟ་བུའི་ཁྱད་པར་ཤོར་འདུག ཡ་ཧུ་ད་པ་རྣམས་ལ་མཚོན་ན། མི་ལོ་སྟོང་ཕྲག་གཉིས་ཙམ་གྱི་རིང་ལ་ལོ་རྒྱུས་གོད་ཆག་སྣ་ཚོགས་བརྒྱུད་དགོས་བྱུང་ན་ཡང་ཁོ་ཚོས་ཐོག་མཐའ་བར་གསུམ་དུ་རྒྱུ་འབྱོར་ལོངས་སྤྱོད་གསར་སྐྲུན་དང་འཚོལ་སྙེགས་བྱེད་པ་དེ་མི་རིགས་ཧྲིལ་བོའི་གཅིག་མཐུན་གྱི་སྙིང་སྟོབས་ཤིག་ཏུ་བཀུར་ཞིང་། སྒོས་སུ་ཞི་བདེ་དུས་སྐབས་ཀྱི་དཔལ་འབྱོར་འཚོ་བའི་ནང་ཚོང་ལས་ཀྱི་འཇོན་ཐང་དེ་མི་རིགས་ཀྱི་ཕྱོགས་བསྡུས་ནུས་སྟོབས་གཙོ་བོར་ངོས་བཟུང་ནས་མཐོང་ཆེན་མཛད་པས། དེའི་ཐད་དུ་གཞན་གང་གིས་ཀྱང་འགྲན་དུ་མི་བཟོད་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་མ་ཟད། རྒྱུ་ནོར་གྱི་ཡོན་ཏན་སྔོག་འདོན་བྱས་ཏེ་འགྲོ་བ་མིའི་རིགས་སྤྱི་ལ་སྲིད་འབྱོར་རིག་གསུམ་གང་ཐད་དུ་བློ་ཡུལ་ལ་མི་ཤོང་བའི་མཛད་རྗེས་སྣ་ཚོགས་འཇོག་ཐུབ་ཡོད། དེ་བས་དུས་རབས་ཉེར་གཅིག་པའི་ནང་འདིར། འཛམ་གླིང་སྐྱེ་བོ་རིས་མེད་ཀྱིས་ཡ་ཧུ་ད་པ་རྣམས་ལ་“འཛམ་གླིང་རྒྱུ་ནོར་བང་མཛོད་ཀྱི་ལྡེ་མིག་ལག་ལ་འཆང་བའི་མི་རིགས་”ཞེས་མགྲིན་གཅིག་ཏུ་བསྔགས་པར་མ་ཟད། ཡིད་སྨོན་དང་ཕྲག་དོག་འདྲེས་མའི་ངང་“འཛམ་གླིང་གི་སྒོར་མོ་ཨ་རི་བའི་ཁུག་མའི་ནང་དུ་ཡོད་ལ། ཨ་རི་བའི་སྒོར་མོ་ནི་ཡ་ཧུ་ད་པའི་ཁུག་མའི་ནང་དུ་ཡོད་”ཅེས་བརྗོད་བཞིན་པ་རེད། དེ་དང་བསྡུར་ན་མི་ལོ་སྟོང་ཕྲག་རིང་ལ་རྒྱུ་འབྱོར་ལོངས་སྤྱོད་སྤང་བྱར་ངོས་བཟུང་བའི་རང་ཅག་བོད་པའི་གནས་སྟངས་དེ་འུ་ཅག་སེམས་ན་གསལ་ལེར་ཡོད། མིག་སྔར་གདོང་དམར་བོད་པའི་རིགས་རྒྱུད་ཧྲིལ་བོ་ད་དུང་དབུལ་ཕོངས་ཀྱི་འཚོ་བ་དང་ཁ་བྲལ་མེད་ལ། སྲིད་འབྱོར་རིག་གསུམ་གྱི་ལས་རིགས་ཐམས་ཅད་སྐྱ་ཟད་སྔོ་ཐུག་གི་གནས་སུ་ལུས་ཤིང་། ཐ་ན་བོད་པ་ཉམ་ཐག་གང་མང་གིས་ཁ་རྒྱབ་ལྟོ་གོས་ཙམ་ ཡང་རང་ཁ་རང་གསོ་བྱེད་མ་ཐུབ་པར། སྲིད་གཞུང་གི་མུག་སྐྱོབ་དང་ཕྱི་རྒྱལ་གྱི་ཐེབས་རྩ་ཚོགས་པའི་རོགས་དངུལ། གཞན་རིགས་འབྱོར་ལྡན་ཚོང་པའི་སྦྱིན་པ་སོགས་ལ་བརྟེན་དགོས་པའི་ཚོད་རེད། འོ་ན་ཡ་ཧུ་ད་པ་དང་རང་ཅག་བོད་པའི་བར་ལ་རྒྱུ་ནོར་ལོངས་སྤྱོད་ཐད་ཀྱི་ཁྱད་པར་དེ་འདྲ་བྱུང་དོན་ཅི་རེད་ཅེ་ན། ཁོ་བོས་བལྟས་ན་རྒྱུ་རྐྱེན་སྣ་མང་ཡོད་ཀྱང་ཆེས་གཙོ་བོ་ནི་རྒྱུ་ནོར་ལོངས་སྤྱོད་ཐམས་ཅད་སྤངས་བྱར་ངོས་འཛིན་པའི་རང་རེའི་གནའ་མི་དག་གི་རིན་ཐང་ལྟ་བ་དེར་འབྲེལ་བ་འདུག་ལ། དེའི་ཤུགས་རྐྱེན་འོག་ང་ཚོས་གནའ་ནས་ད་ལྟའི་བར་དུ་དཔལ་འབྱོར་ཉོ་ཚོང་སྐོར་གྱི་ཤེས་རིག་སློབ་གསོ་ལ་དགོས་ངེས་ཀྱི་མཐོང་ཆེན་བྱས་མེད་ཅིང་། རྒྱུ་ནོར་གྱི་ལག་ཆ་བེད་སྤྱད་དེ་སྲིད་འབྱོར་རིག་གསུམ་གྱི་དབང་ཐང་བསྐྲུན་པའི་གསར་བཏོད་ཀྱི་བློ་གྲོས་ཀྱང་འཁྲུངས་མ་ཐུབ་ཚོད་རེད། དེ་ན་ཁ་སང་དེ་རིང་གི་བོད་པའི་བུ་རྒྱུད་རྣམས་ཀྱིས་མེས་པོ་གོང་མ་ཚོའི་རྒྱུ་ནོར་ལོངས་སྤྱོད་སྐོར་གྱི་འཁོར་བའི་ཆོས་ཉིད་ལས་ཕྱིན་ཅི་ལོག་པའི་ལྟ་སྟངས་དེ་རིགས་ལ་ཡོ་བསྲང་གང་ལེགས་བྱས་ཐོག སྔོན་ཐོན་མི་རིགས་གཞན་གྱི་ཉམས་མྱོང་དང་ལག་རྩལ་ལ་སློབ་སྦྱོང་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཞིག་རེད་སྙམ། གཤམ་ནས་ཁོ་བོས་ཡ་ཧུ་ད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་ཚོང་ལས་ཤེས་བྱའི་ཆུ་གཏེར་ཆེན་པོ་ལས་ཆུ་ཐིགས་ཙམ་ཞིག་བོད་ཀྱི་གནས་བབ་དང་སྦྱར་ཏེ་ངོ་སྤྲོད་ཙམ་བྱ་འདོད། མདོར་ན་འདི་ཡང་རང་རེའི་སྲིད་འབྱོར་ནུས་སྟོབས་རྒྱས་པའི་གསོས་སུ་བསྔོའོ། །

1 ཞིབ་ཚགས་ཀྱི་འཆར་གཞི་བཟོ་བ།

དེ་ཡང་བོད་མི་མང་པོ་ཞིག་ལ་མཚོན་ན། རང་གི་མི་ཚེ་ལ་འཆར་གཞི་བཟོ་བའི་གོམས་སྲོལ་གཏན་ནས་མེད་པར། “མི་རྟག་འཆི་བའི་འཇིགས་པ་ནམ་ཡོང་ཆ་མེད་ཡིན་ཞེས་དང་། མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ན་ཡོད་”ཟེར་བ་སོགས། མདོར་ན་རང་གི་ལས་སྐལ་དང་མདུན་ལམ་ཡོད་ཚད་སྔོན་བསགས་ཀྱི་ལས་དབང་ལ་ཁ་གཡོར་བར་མ་ཟད མི་ཚེའི་ལམ་ཁ་གདམ་གསེས་བྱེད་སྐབས་ཀྱང་། ལེགས་ཉེས་དགེ་སྡུག་གི་འབྲས་བུ་ཅི་འབྱུང་ལ་བསམ་གཞིགས་ཞིབ་ཚགས་མི་བྱེད་པར་ཕྱིའི་ཁོར་ཡུག་དང་མཐུན་རྐྱེན་ལ་ཕར་བསྟུན་རྒྱུར་དགའ་ལ། གྱོང་གུད་དང་ནོར་འཁྲུལ་གང་འདྲ་བྱུང་རུང་ལས་སྐལ་དང་བསོད་ནམས་མེད་པར་བས་བསྙད་དེ་སོས་དལ་བག་ཕེབས་ངང་སྡོད། དོན་ལ་དེ་ནི་གཞན་བརྟེན་སྒྱིད་ལུག་གི་བསམ་སྤྱོད་འབའ་ཞིག་རེད། བོད་མི་རྣམས་ཀྱིས་ཁྱིམ་སྲིད་ཀྱི་ལས་ཀ་གང་བསྒྲུབས་ཀྱང་རང་སྣང་གང་ཤར་དང་འགྲོ་ཐབས་འདུག་ཐབས་སྒོས་ཞིབ་ཚགས་ཀྱི་འཆར་གཞི་བཟོ་བར་མི་སྤྲོ་བ་ནི། སངས་རྒྱས་ཆོས་ལུགས་ཀྱི་འཁོར་བ་ལས་ཐར་འདོད་ཀྱི་བསམ་བློ་དེའི་ཤན་ཞུགས་ཡོད་པ་ལས་གཞན། ང་ཚོ་གདོད་མ་ནས་བཟུང་ཕྱུགས་ལས་གཙོ་བོར་གཉེར་བའི་མི་རིགས་ཤིག་ཏུ་གྲུབ་བར་ཡང་འབྲེལ་བ་ཆེན་པོ་འདུག རྒྱུ་མཚན་ནི་གནའ་རབས་སུ་འབྲོག་པར་མཚོན་ན། ཕྱུགས་ཀྱི་འཕེལ་ཁ་དང་རྩྭ་ཆུ་བཟང་མིན་སོགས་དཔལ་འབྱོར་ཐོན་སྐྱེད་ཀྱི་གནད་དོན་གཙོ་བོ་རྣམས་རང་གིས་ཚོད་འཛིན་བྱ་ཐབས་མེད་པར་གནམ་གཤིས་དང་ཁོར་ཡུག་ལ་རག་ལས་པ་དང་། དེའི་ཁར་དུས་བཞིའི་རྩྭ་ཆུ་བཟང་ངན་དང་བསྟུན་ནས་རྒྱུན་ཆད་མེད་པར་རུ་སྤོར་དགོས་པས། ཁང་ཁྱིམ་དང་ཡུལ་སྡེ། གྲོང་བརྡལ་སོགས་གཞིས་ཆགས་གཏན་སྡོད་ཀྱི་འཆར་གཞི་རྙོག་འཛིང་ཅན་བཟོ་བའི་དགོས་མཁོ་ཡང་བྱུང་མེད། ལོ་རྒྱུས་ཀྱི་གོམས་གཤིས་དེ་འདྲའི་དབང་གིས། དེང་རབས་ཀྱི་བོད་མི་མང་པོ་ཞིག་ལ་ད་དུང་ཡང་དུས་ཚོད་དམ་འཛིན་གྱི་གོ་རྟོགས་མེད་ལ། ཞིབ་ཚགས་ཀྱི་འཆར་གཞི་དང་རྒྱང་རིང་གི་དམིགས་འབེན་སོགས་གཏན་ཁེལ་བྱེད་པའི་སྲོལ་ལུགས་ཅི་ཡང་མེད་པར། ལས་དོན་ཆེ་མ་ཆུང་གསུམ་གང་ཞིག་བསྒྲུབ་ཀྱང་འགྲོས་དལ་ཞིང་གོ་རིམ་འཁྲུགས་ལ་ཕན་འབྲས་ཉུང་བའི་གནས་ཚུལ་རྟག་ཏུ་འབྱུང་། དེ་ལས་ལྡོག་སྟེ་ཡ་ཧུ་ད་མི་རིགས་ལ་མཚོན་ན་ལས་ཀ་ཆེ་མ་ཆུང་གསུམ་གང་ཞིག་བསྒྲུབས་ཀྱང་ཐོག་མར་འཆར་གཞི་འགོད་པ་སྟེ། སྤྱིའི་འཆར་གཞི་དང་བྱེ་བྲག་གི་འཆར་གཞི། ཡུན་རིང་གི་འཆར་གཞི་དང་མིག་མདུན་གྱི་འཆར་གཞི་སོགས་རིགས་དང་རྣམ་གྲངས་མཐའ་ཡས་ཤིང་། ཐ་ན་བྱིས་པ་རྣམས་ལའང་ཆུང་དུས་ནས་བཟུང་ཕ་མས་ལས་ཀའི་འཆར་གཞི་འགོད་པ། དམིགས་འབེན་གཏན་ཁེལ་དང་དུས་ཚོད་དམ་འཛིན་བྱེད་པ་སོགས་ཀྱི་གོམས་སྲོལ་བཟང་པོ་གསོ་སྐྱོང་བྱེད་ཅིང་། ནང་སྒོས་སུ་རྒྱུ་ནོར་འཚོལ་བ་དང་དེ་ལ་དོ་དམ་བྱེད་པའི་ལས་ཀ་རྣམས་འཚོ་བའི་ནང་དོན་གཙོ་བོ་ཞིག་ཏུ་བཟུང་ནས་མཐོང་ཆེན་བྱེད་པ་རེད།

ཡང་ཡ་ཧུ་ད་པའི་འདོད་ཚུལ་ལྟར་ན། མི་ཡི་འཚོ་བ་ནི་རྒྱུ་ནོར་དང་ཁ་བྲལ་ཐབས་མེད་ལ། འཆར་གཞི་ལྟར་རང་གི་རྒྱུ་ནོར་དོ་དམ་བྱེད་ཐུབ་ན་གང་དེའི་མི་ཚེ་ཡང་འགྲོ་རིམ་དང་དམིགས་ཡུལ་གསལ་བོ་ཅན་ཏུ་འགྱུར་བར་ཕན། སྤྱིར་བག་ཡངས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་རྒྱུ་ནི་མི་ཚང་མའི་འདོད་བློ་ཡིན་མོད། འོན་ཀྱང་མི་མང་པོ་ཞིག་གིས་འབྱོར་ཕྱུག་བདེ་སྐྱིད་ཀྱི་འཚོ་བ་ནི་རང་གི་ཞིབ་ཚགས་ཀྱི་འཆར་གཞི་ལ་རག་ལས་ཡོད་པའི་གནས་ལུགས་དེ་རྟོགས་མེད། མི་ལ་ལས་ད་དུང་ལས་ཀའི་འཆར་གཞི་བཟོ་རྒྱུ་དེ་སྡུག་གི་ཁུར་བོ་ཞིག་ཏུ་བསམ་བཞིན་ཡོད། དོན་དམ་པར་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་འཆར་གཞི་མེད་པའི་དབང་གིས་ཁོ་ཚོའི་དབུལ་ཕོངས་ཀྱི་སྡུག་བསྔལ་དེ་ལས་ཀྱང་ཆེ་བ་མྱོང་དགོས་བ་རེད། ཡང་ལ་ལས་ཕྱུག་པོ་རྣམས་ནི་སྒོར་མོ་འཚོལ་ཆེད་སེམས་མ་ཁོམ་པར་སྡུག་བསྔལ་ཆེ་ཟེར་མོད། དོན་ལ་ཉིན་མ་རེ་རེར་ཁ་རྒྱབ་ལྟོ་གོས་ཐད་སེམས་ཁྲལ་བྱེད་དགོས་པའི་དབུལ་བོ་རྣམས་ཀྱི་སྡུག་བསྔལ་ནི་དེ་ལས་ཀྱང་ཆེ། དེའི་ཕྱིར་ཡ་ཧུ་ད་པ་རྣམས་ཀྱིས་“སྐྱེ་བོ་ཞིག་གི་མི་ཚེ་དེ་ཕུན་སུམ་ཚོགས་པ་ཞིག་འཁྱོངས་མིན་ཡང་གཙོ་བོ་འཆར་གཞི་ཡོད་མེད་ལ་རག་ལས་ཤིང་། དེའི་ནང་ནས་ཀྱང་གཙོ་བོ་རྒྱུ་ནོར་སྐོར་གྱི་འཆར་གཞི་ཡོད་མེད་ལ་རག་ལས”ཟེར། དྲང་མོར་བཤད་ན། ལས་དོན་གང་ཞིག་སྒྲུབ་ཀྱང་ཐོག་མའི་འཆར་གཞི་ཅི་ལྟར་ཞིབ་ཚགས་ཡིན་ན། བསྒྲུབ་བྱའི་ལས་ཀ་ཡང་དེ་ལྟར་བདེ་ལེགས་ངང་འགྲུབ་པ་ནི་འུ་ཅག་ཐུན་མོང་གིས་ཁས་ལེན་པའི་འཚོ་བའི་ཉམས་མྱོང་རེད། དེ་ན་ཁྱིམ་ཚང་སྐྱོང་བར་ཡང་གཙོ་བོ་འཚོ་བ་གོ་རིམ་དང་ལྡན་པར་བྱ་དགོས་ལ། དུས་ནམ་ཡིན་རུང་ལས་ཀ་སྣ་ཚོགས་ལ་འཆར་གཞི་ཆེ་མ་ཆུང་གསུམ་བཟོ་བའི་གོམས་གཤིས་ལེགས་པོ་ཞིག་ཆགས་རྒྱུ་ནི་གོམ་པོ་དང་པོ་རེད་སྙམ། ཁྱད་པར་དུ་རྒྱུ་ནོར་དོ་དམ་བྱེད་རྒྱུར་ཞིབ་ཚགས་ཀྱི་འཆར་གཞི་ཡོད་ན། ད་གཟོད་གོ་རིམ་དང་ལྡན་པའི་སྒོ་ནས་རྒྱུ་ནོར་གསོག་སྣོན་བྱེད་ཐུབ་ལ། མ་དངུལ་གྱི་སྟོབས་ཤུགས་གཡར་ཏེ་སྒོར་མོ་དེ་ལས་མང་པོ་བཙལ་ཐུབ་པར་མ་ཟད། དགོས་མེད་ཀྱི་རྒྱུ་ནོར་འཛད་སྤྱོད་དང་ཆུད་ཟོས་བྱེད་པའི་གོམས་གཤིས་ངན་པ་ཡང་ཡོ་བསྲང་བྱ་ཐུབ། ཐ་ན་མ་དངུལ་ཉུང་ཉུང་ཞིག་སྤྱད་དེ་དོན་དག་ཆེན་པོ་ཞིག་བསྒྲུབ་པའི་དཔལ་འབྱོར་ཉོ་ཚོང་སྐོར་གྱི་རིག་པའི་གསང་གནད་མང་པོ་ཞིག་ཀྱང་ཞོར་ལ་རྟོགས་པར་འགྱུར།

དེས་ན་རྒྱུ་ནོར་དོ་དམ་ཟེར་བ་ཅི་འདྲ་ཞིག་ལ་གོ་དགོས་ཟེར་ན། ཁ་སྐད་ལྟར་རང་གི་སྒོར་ཁུག་ལ་བདག་བྱེད་རྒྱུ་དེ་རེད། གཞུང་ལུགས་ཀྱི་སྐད་ཆ་ལྟར་ན་རང་ཉིད་ཀྱིས་གསར་སྐྲུན་བྱས་པའི་རྒྱུ་ནོར་དེ་ལུགས་མཐུན་འཆར་གཞི་དང་ལྡན་པའི་སྒོ་ནས་གང་ལ་གང་འཚམ་དུ་བཀོད་སྒྲིག་དང་བེད་སྤྱོད་བྱེད་པ་ཟེར། དེང་རབས་ཀྱི་དཔལ་འབྱོར་རིག་པ་བ་གང་མང་གིས་“དུས་རབས་ཉེར་གཅིག་པ་ནི་སྤྱང་གྲུང་ལྡན་པའི་སྐྱེ་བོ་དག་གིས་དཔལ་འབྱོར་གྱི་བློ་གྲོས་འགྲན་པའི་གཡུལ་ས་ཡིན་”ཞེས་གསུངས་པ་བཞིན། ཁ་སང་དེ་རིང་གི་སྤྱི་ཚོགས་ནང་རྒྱུ་ནོར་དོ་དམ་བྱེད་ཤེས་མིན་དེ་མི་དང་མིའི་བར་ལ་དབང་ཐང་དང་ལོངས་སྤྱོད་ཐད་ཀྱི་ཁྱད་པར་འབྱེད་བྱེད་གཙོ་བོར་གྱུར་ཡོད། གལ་ཏེ་མི་ཞིག་ལ་འཆར་གཞི་དང་དམིགས་འབེན་གསལ་བའི་རྒྱུ་ནོར་དོ་དམ་གྱི་གོམས་གཤིས་བཟང་པོ་ཞིག་ཆགས་པ་ན། ལོ་ན་ཇེ་མཐོ་དང་ལས་ཀའི་ཉམས་མྱོང་ཇེ་མང་དུ་ཕྱིན་པའི་འགྲོས་དང་བསྡོངས་ནས་ཁུག་མའི་ནང་གི་སྒོར་མོ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་ངེས་ལ། སྒོར་མོའི་ཡོན་ཏན་སྔོག་འདོན་བྱས་ཏེ་མི་ཚེའི་འདོད་དོན་དང་ཕུགས་བསམ་སྣ་ཚོགས་མངོན་འགྱུར་བྱེད་ཐུབ་པར་མ་ཟད། འབྱོར་ཕྱུག་ལོངས་སྤྱོད་ལྡན་པའི་འཚོ་བ་སྐྱིད་པོ་ཞིག་ཀྱང་རོལ་ཐུབ་པར་འགྱུར། རྒྱུ་ནོར་དོ་དམ་རིག་པའི་ཁོངས་སུ་མ་དངུལ་གཏོང་བའི་བྱ་སྤྱོད་ཐམས་ཅད་ཀྱང་འདུས་ཡོད། མ་དངུལ་གཏོང་འཇོག་ཞེས་པ་ནི་གོ་སླ་མོར་འགྲེལ་ན་ཡང་དག་པའི་བརྡ་འཕྲིན་གཞིར་བཟུང་སྟེ་ཁྲོམ་རའི་ཁ་ཕྱོགས་དང་དགོས་མཁོ་ལ་དབྱེ་ཞིབ་བྱས་པའི་རྨང་གཞིའི་སྟེང་། ལུགས་ མཐུན་འོས་འཚམ་གྱི་བྱེད་ཐབས་ལ་བརྟེན་ནས་ཐོན་རྫས་ཉོ་ཚོང་གི་གོ་རིམ་ཁྲོད་རང་གི་རྒྱུ་ནོར་གྱི་གྲངས་ཀ་འཕར་སྣོན་བྱེད་པར་བརྩོན་པའི་བྱ་སྤྱོད་ཐམས་ཅད་ལ་གོ རྒྱ་ནག་གི་ཁ་དཔེ་ལ། “སྒོར་མོ་ཡིས་ཡོད་ཚད་བསྒྲུབ་མི་ཐུབ་ཀྱང་། སྒོར་མོ་མེད་ན་ཅི་ཡང་བསྒྲུབ་མི་ཐུབ་”ཟེར་བ་བཞིན། མི་སྒེར་དང་མི་རིགས་གང་ཡིན་རུང་རྒྱུ་ནོར་དོ་དམ་གྱི་རིག་པ་དང་གོམས་གཤིས་བཟང་པོ་ཞིག་མེད་ན། དེང་རབས་ཀྱི་སྤྱི་ཚོགས་འདིའི་ནང་རང་ལ་དབང་བའི་སྲིད་འབྱོར་གྱི་གོ་གནས་ཤིག་ཐོབ་རྒྱུ་ནི་དཀའ་བར་སྣང་། དེ་བས་ད་ལྟ་རྒྱ་ནག་མི་རིགས་སོགས་ཀྱིས་ཀྱང་འདིའི་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཁོ་བོས་ཉེ་ལམ་རྒྱ་ཡིག་གི་དཔེ་དེབ་ཤིག་ལས་མི་ཚེའི་འཆར་གཞིའི་སྐོར་གྱི་དཔེར་བརྗོད་འདི་འདྲ་ཞིག་མཐོང་བྱུང་སྟེ། ད་ལྟའི་ཀྲུང་གོའི་གྲོང་ཁྱེར་ནང་གི་འབྱོར་བ་འབྲིང་ཙམ་གྱི་མི་ཞིག་གིས་ལོ་ཉེར་ལྔ་ནས་བདུན་ཅུ་དོན་ལྔའི་བར་རང་རྟེན་གྱི་འཚོ་བ་རོལ་བའི་དབང་དུ་བཏང་ན། འཚོ་བའི་འགྲོ་སོང་ཧ་ལམ་དམངས་སྒོར་ས་ཡ་གཅིག་ཡས་མས་དགོས་ངེས་རེད། དེའི་ནང་ལྟོ་གོས་འགྲོ་འདུག་སོགས་ཀྱི་མ་མཐའི་འགྲོ་སོང་དང་། སྨན་བཅོས་འཕྲོད་བསྟེན་སོགས་ལུས་ཕུང་བདེ་ཐང་ཐད་ཀྱི་འགྲོ་སོང་། དགའ་ཉེ་གྲོགས་པོ་བར་གྱི་མགྲོན་འབོད་འགྲོ་འོང་སྐོར་གྱི་འགྲོ་སོང་། སྤྱི་ཚོགས་སློབ་གསོ་སྐོར་གྱི་འགྲོ་སོང་བཅས་འདུས་ཡོད། ད་དུང་རང་རྟེན་གྱི་འཚོ་བ་རོལ་བའི་མི་ལོ་ལྔ་བཅུའི་དུས་ཡུན་ནང་སྟབས་མི་ལེགས་པའི་ཆག་སྒོ་གཅིག་ཀྱང་མི་འབྱུང་བའི་སྨོན་ལམ་རྟག་ཏུ་འདེབས་དགོས། གལ་ཏེ་བློ་ཡིད་ལས་འདས་པའི་རྐྱེན་ངན་བར་ཆད་རེ་བྱུང་ན་འགྲོ་སོང་ད་དུང་མང་དུ་འཕར་ངེས་རེད། མདོར་ན་གོང་གསལ་གྱི་སྒོར་མོ་དེ་ཚང་ མ་མི་སྒེར་དེ་གཅིག་པུའི་འགྲོ་སོང་རེད། དེའི་ཁར་ད་དུང་ཕ་མ་རྒན་རྒོན་ལ་ཞབས་ཏོག་སྒྲུབ་པ་དང་། བག་མ་བསུས་ནས་ཁྱིམ་གཞིས་སྐྲུན་པ། བུ་ཕྲུག་གསོ་སྐྱོང་བྱེད་པ་སོགས་རེ་རེ་ལ་ཆ་སྙོམས་སྒོར་འབུམ་ལྔ་རེ་གཏོང་དགོས་པའི་དབང་དུ་བཏང་ན། མི་དེར་ ཁྱོན་སྡོམ་མི་ཚེ་གང་བོར་སྒོར་ས་ཡ་གསུམ་ཡས་མས་ཀྱི་འགྲོ་སོང་ཡོད་ཁོ་ཐག་རེད། དེ་བས་མི་མང་པོ་ཞིག་གིས་དེང་རབས་གྲོང་ཁྱེར་གྱི་སྐྱེས་པ་ཞིག་ཡིན་ན། སྐྱེ་མ་ཐག་ནས་སྒོར་མོ་ས་ཡ་གསུམ་གྱི་བུ་ལོན་ཁུར་ཡོད་ཅེས་ཀྱང་སྨྲ། དེས་ན་ང་ཚོ་སུ་ཞིག་གིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཞིབ་ཚགས་ཀྱི་འཆར་གཞི་ལྟར་རྒྱུ་ནོར་ལ་དོ་དམ་བྱེད་པའི་གོམས་གཤིས་རྒྱུན་འཁྱོངས་བྱེད་ཐུབ་ན། དེས་རང་གི་མི་ཚེ་ཡི་བུ་ལོན་ཐམས་ཅད་བདེ་བླག་ཏུ་འཇལ་ཐུབ་པར་མ་ཟད། རྫོགས་མཐའ་བྲལ་བའི་རྒྱུ་ནོར་ལོངས་སྤྱོད་བསྐྲུན་ཏེ་མི་སྒེར་དང་སྤྱི་ཚོགས་ཧྲིལ་བོར་ཕན་པའི་ལས་དོན་སྣ་ཚོགས་ཀྱང་བསྒྲུབ་ཐུབ་ལ། སུ་ཞིག་གིས་སོས་དལ་སྒྱིད་ལུག་དང་འགྲོ་ཐབས་འདུག་ཐབས་ཀྱི་གོམས་སྲོལ་ངན་པ་མ་དོར་ན། དེ་ཉིད་ནམ་ཡང་དབུལ་ཕོངས་ཀྱི་དབང་དུ་ཚུད་དེ་མི་ཚེའི་ཕུགས་བསམ་དང་འདོད་དོན་སྣ་ཚོགས་མངོན་འགྱུར་བྱེད་མི་ཐུབ་པར་མ་ཟད། ཐ་ན་མི་རང་གི་ཁ་རྒྱབ་ལྟོ་གོས་ཀྱི་གནད་དོན་ཀྱང་ཐག་གཅོད་བྱེད་མ་ཐུབ་པར་སྤྱི་ཚོགས་ཀྱི་ཁུར་བོ་ལྷག་མ་རུ་འགྱུར་བའི་ཉེན་ཁ་ཡོད། གྲོང་ཁྱེར་གྱི་རྒྱ་མིར་དམིགས་པའི་གོང་གསལ་གྱི་དཔེར་བརྗོད་དེ་བོད་ཀྱི་རོང་འབྲོག་མང་ཚོགས་སྤྱི་དང་ཡོངས་སུ་འཕྲོད་པ་ཞིག་མ་ཡིན་རུང་། གང་ལྟར་འུ་ཅག་ལའང་རང་རང་གི་ཡོང་འབབ་དང་དོ་མཉམ་པའི་ལྷན་སྐྱེས་ཀྱི་བུ་ལོན་རེ་ཡོད་པ་ནི་གཅིག་མཐུན་རེད། དེ་ལྟ་ནའང་བོད་མི་མང་པོ་ཞིག་གིས་ད་དུང་ལོ་འགའ་ཡི་ཡོང་འབབ་ཧྲིལ་བོ་གཡུ་བྱུར་རྡོག་པོ་འགའ་ལ་བརྗེས་པ་དང་། རང་གི་དཔལ་འབྱོར་གྱི་ཐེག་སྟོབས་ལས་ཆེ་ཆེར་བརྒལ་བའི་དོན་མེད་རྒྱས་ཤོམ་བྱེད་པ་སོགས། མདོར་ན་འཆར་གཞི་དང་དམིགས་ཡུལ་མི་གསལ་བའི་འཛད་སྤྱོད་སྣ་ཚོགས་བྱེད་བཞིན་ཡོད། འདིའི་ཐད་ནས་ང་ཚོས་ངེས་པར་དུ་ཡ་ཧུ་ད་མི་རིགས་ལྟ་བུ་ལ་སློབ་སྦྱོང་བྱེད་དགོས་ས་མང་པོ་ཞིག་ཡོད་སྙམ།

2མཐུན་རྐྱེན་རང་གིས་བསྐྲུན་པ།

ཚང་མས་ཤེས་གསལ་ལྟར། ང་ཚོ་བོད་མི་ཕལ་མོ་ཆེས་དཔལ་འབྱོར་ཉོ་ཚོང་སྐོར་གྱི་ལས་ཀ་གང་བསྒྲུབ་ཀྱང་མཐའ་འཁྱོལ་དཀའ་བར་མ་ཟད། རང་གི་ཚོང་བརྡིབས་པའི་རྒྱུ་རྐྱེན་ཡང་མ་རྩ་འབོར་ཆེན་མེད་པ་དང་སྤྱི་ཚོགས་ཀྱི་འབྲེལ་བ་མེད་པ་སོགས་གང་ལྟར་ཕྱིའི་མཐུན་རྐྱེན་མ་འཛོམས་པར་ཁ་གཡོར་བར་དགའ། དེ་བས་བོད་པའི་ཁྲོད་དུ་བཟོ་གྲྭ་དང་ཁེ་ལས་ཆེན་པོ་གཉེར་ཐུབ་པའི་དེང་རབས་ཀྱི་ཁེ་ལས་པ་དང་ཚོང་ དཔོན་སོགས་འབྱུང་རྒྱུ་ནི་ཉིན་མོའི་སྐར་མ་བཞིན་དཀོན། དེ་ལས་ལྡོག་སྟེ་ཡ་ཧུ་ད་མི་རིགས་ལ་མཚོན་ན། རང་གི་མེས་རྒྱལ་གཞན་གྱིས་འཕྲོག་རྗེས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཁྱམས་ལྡོམ་བྱས་པའི་ལོ་ཟླའི་ཁྲོད། རང་ཉིད་ཀྱི་ལག་ཟུང་དང་བློ་གྲོས་འབའ་ཞིག་ལ་བརྟེན་ནས་བློ་ཡུལ་ལས་འདས་པའི་དཀའ་ཁག་མང་པོ་སེལ་ཏེ་འཛམ་གླིང་གི་ཚོང་པ་ཨང་དང་པོའི་གསེར་ཁྲིར་བཞུགས་ཐུབ་ཡོད་ལ། ད་ལྟ་འཛམ་གླིང་ཡོངས་སུ་མིང་དུ་གྲགས་པའི་ཁེ་ལས་པ་དང་ཚོང་དཔོན་ཆེན་མོ་ཡང་བགྲང་ལས་འདས་པ་བྱུང་ཡོད། ཡ་ཧུ་ད་མི་རིགས་ནི་རང་ཉིད་ཀྱི་སྙིང་སྟོབས་དང་འཇོན་ཐང་གཞི་རྩར་བཟུང་ནས་ཕྱི་ཡི་མཐུན་རྐྱེན་སྣ་ཚོགས་གསར་བསྐྲུན་བྱེད་པར་མཁས་པ་ཞིག་རེད། ཁོ་ཚོས་ཐོག་མར་མ་རྩ་མེད་ན་འཆར་གཞི་ལྡན་པའི་སྒོ་ནས་ཁབ་གསོག་འབིགས་གསོག་བྱེད་པ་དང་། དེ་ནས་རིམ་གྱིས་དངུལ་ཁང་སོགས་ནས་དངུལ་བུན་བསྐྱིས་ཏེ་མ་རྩའི་གནད་དོན་ཐག་གཅོད་བྱེད། མ་རྩ་ཡོད་པ་དང་བསྟུན་ནས་སྒོར་མོའི་ནུས་པ་བེད་སྤྱད་ནས་སྤྱི་ཚོགས་ལས་རིགས་ཀུན་ལ་འབྲེལ་ལམ་བཙུགས་ཏེ་རང་གི་ ཚོང་ལས་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་པ་རེད། དེ་བས་ཡ་ཧུ་ད་མི་རིགས་ཀྱི་མཁས་པ་ཞིག་གིས་གལ་ཏེ་“ཁྱོད་ཀྱི་ང་ལ་སྒོར་མོ་ས་ཡ་ཡོད་པའི་ཕྱུག་བདག་བརྒྱ་ཐམ་པ་བརྩི་ཐུབ་ན། ངས་ ཁྱོད་ལ་དངུལ་བུན་འབོར་ཆེན་བསྐྱི་མྱོང་མཁན་བརྒྱ་ཐམ་པ་སྟོན་ཐུབ་”ཅེས་བཤད་མྱོང་། སྤྱང་གྲུང་ལྡན་པའིཡ་ཧུ་ད་པར་མཚོན་ན་རང་ལ་མེད་པ་ཐམས་ཅད་གཞན་ལག་ནས་གཡོར་བསྐྱི་བྱེད་པ་རེད། དཔེར་ན་མ་རྩ་དང་ཤེས་རིག མི་འཇོན་ཐང་ཅན། ལག་རྩལ་སོགས་ཡོད་ཚད་བློ་གྲོས་ལ་བརྟེན་ནས་གཞན་ལས་གཡར་ཏེ་རང་གིས་བེད་སྤྱོད་བྱས་ཆོག་ སྙམ། དེ་བས་ཁོ་ཚོའི་ཁ་དཔེ་ལ་“འཇིག་རྟེན་འདིས་ཁྱོད་ལ་མཁོ་བ་ཐམས་ཅད་སྔོན་ཆད་ནས་གྲྭ་སྒྲིག་བྱས་ཡོད། ཁྱོད་ཀྱིས་བསྒྲུབ་དགོས་པ་ནི་རང་གི་བློ་གྲོས་ལ་བརྟེན་ནས་ཐོན་ཁུངས་དེ་དག་བསྡུ་རུབ་དང་བཀོད་སྒྲིག་བྱས་ཏེ་འདོད་དོན་ལྟར་བེད་སྤྱོད་བྱ་ཤེས་དགོས”་ཟེར། མདོར་ན་ཁོ་ཚོའི་བསམ་པར་སྒོར་མོ་ནི་ལག་ཆ་ཞིག་ཡིན་པས་དེ་ཚོང་ལས་ཀྱི་འཁོར་རྒྱུག་ཁྲོད་བཏང་སྟེ་སྨྱན་བྱེད་ཀྱི་ནུས་པ་འདོན་དུ་བཅུག་ན། ད་གཟོད་མ་དངུལ་ལ་བརྟེན་ནས་མ་དངུལ་མང་དུ་འཚོལ་བའི་དམིགས་ཡུལ་དེ་འགྲུབ་ཐུབ་པར་འདོད། ཡ་ཧུ་ད་པ་རྣམས་ཀྱིས་ནམ་རྒྱུན་“མི་ཡི་ངལ་རྩོལ་ལ་བརྟེན་ནས་སྒོར་མོ་འཚོལ་བ་ནི་རིམ་པ་དང་པོ་ ཡིན་ལ། སྒོར་མོ་ལ་བརྟེན་ནས་སྒོར་མོ་འཚོལ་བ་ནི་རིམ་པ་གཉིས་པ་ཡིན་”ཟེར་བར་མ་ཟད། “ཕྱུག་པོ་ནི་སྒོར་མོ་བསགས་ནས་བྱུང་བ་མ་ཡིན་པར་སྒོར་མོ་བཙལ་ནས་བྱུང་བ་ཡིན་” ཞེས་སྡོམ་ཚིག་བཞག་ཡོད། འདི་ལ་ཡ་ཧུ་ད་པའི་ཁྲོད་ན་གཏམ་རྒྱུད་ཐུང་ངུ་ཞིག་ཡོད་པ་གཤམ་ལྟར། མིང་ལ་ཁཱ་ཨིན་ཞེས་འབོད་པའི་མི་ཞིག་གིས་ཚོང་རྫས་སྣ་འཛོམས་ཀྱི་ཐོག་ཁང་ཆེན་མོའི་སྒོ་ཁ་རུ་ཡིད་སྨོན་དང་བཅས་མིག་དབང་འཕྲོག་པའི་ཚོང་ཟོག་སྣ་ཚོགས་ལ་བལྟ་བཞིན་ཡོད། ཁོའི་གམ་ན་རང་དང་ན་ཚོད་མཉམ་པའི་སྐུ་ཞབས་གྱོན་གོས་སྤུས་ལེགས་བནབས་པ་ཞིག་གིས་ཀྱང་དུ་བ་ཞོས་ཅཱ་འཐེན་ཞོར་ཐོག་ཁང་ལ་བལྟ་བཞིན་གདའ། དེར་ཁཱ་ཨིན་གྱིས་མཁྲིས་ཀྱི་སྐུ་ཞབས་དེར་གུས་གུས་ཞུམ་ཞུམ་ངང་འདྲི་རྒྱུར།

ཁཱ་ཨིན། “སྐུ་ཞབས་ཁྱེད་ཀྱི་ཐ་མག་གི་དྲི་མ་ཧ་ཅང་ཞིམ་པོ་འདུག རིན་གོང་མཐོན་པོ་ཡིན་ནམ། ”
ཚོང་དཔོན། “ངའི་ཐ་མག་རྐང་གཅིག་ལ་ཨ་སྒོར་གཉིས་རེ་རེད། ”
ཁཱ་ཨིན། “ཨ་ཙི་རིན་གོང་མཐོ་བ་ལ། ཁྱེད་ཀྱིས་ཉིན་གཅིག་ལ་རྐང་ག་ཚོད་འཐེན་བཞིན་ཡོད། ”
ཚོང་དཔོན། “རྐང་བཅུ་རེ་འཐེན་པ་ཡིན། ”
ཁཱ་ཨིན། “ཨ་ཙི། ཨ་ཙི། དེ་ན་ལོ་ག་ཚོད་ལ་འཐེན་ཟིན། ”
ཚོང་དཔོན། “ཐ་མག་འཐེན་ནས་ལོ་བཞི་བཅུ་འགོར་སོང་། ”
ཁཱ་ཨིན། “ཅི་ཟེར་རམ། ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་། གལ་ཏེ་ཁྱོད་ཀྱིས་ཐ་མག་འདི་འདྲའི་གོང་ཆེན་ཞིག་མ་འཐེན་པར་ལོ་ངོ་བཞི་བཅུའི་རིང་སེར་སྣ་བྱས་ནས་སྒོར་མོ་གསོག་ཡོད་རྒྱུ་ན། མིག་མདུན་གྱི་ཚོང་ཟོག་སྣ་འཛོམས་ཀྱི་ཐོག་ཁང་ཆེན་མོ་འདི་འདྲ་ཞིག་ཀྱང་ཉོ་ཐུབ་ངེས་རེད། ”
ཚོང་དཔོན། “དེ་ན་ཁྱོད་ཀྱིས་ཐ་མག་འཐེན་ནམ། ”
ཁཱ་ཨིན། “ངས་གཏན་ནས་འཐེན་མ་མྱོང་། ”
ཚོང་དཔོན། “དེ་ན་ཁྱོད་ཀྱིས་ད་ལྟའི་བར་ཐ་མག་ཉོ་བྱེད་ཀྱི་སྒོར་མོ་གསོག་ནས་ཐོག་ཁང་ཆེན་མོ་འདི་འདྲ་ཞིག་ཉོ་ཐུབ་ཡོད་དམ། ”
ཁཱ་ཨིན། “ངོ་གནོང་དགོས་པ་ཞིག་ལ། ངས་ད་དུང་ཉོ་ཐུབ་མེད། ”
ཚོང་དཔོན། “དྲང་མོར་བཤད་ན། མིག་མདུན་གྱི་ཚོང་ཟོག་སྣ་འཛོམས་ཀྱི་ཐོག་ཁང་ འདི་མ་གཞི་ནས་ངའི་ཡིན། ”
་་་་་་་་་་་་་་་་་་་་་་

ཁ་བརྡ་ཐུང་ཐུང་འདི་ལ་ཉན་རྗེས་ང་ཚོ་ཚང་མས་ཁཱ་ཨིན་ཟེར་བ་འདི་མི་སྤྱང་གྲུང་ལྡན་པ་ཞིག་མ་རེད་ཟེར་ཐབས་མེད། རྒྱུ་མཚན་དང་པོ་ནི་ཁོས་སྐད་ཅིག་ཉིད་ལ་ཁོག་རྩིས་བརྒྱབ་ནས་ཐ་མག་རྐང་རེ་ལ་ཨ་སྒོར་གཉིས་རེ་དང་། ཉིན་གཅིག་ལ་རྐང་བཅུ་རེ། དེ་ལྟར་ལོ་བཞི་བཅུ་རིང་བསགས་པའི་ཐ་མག་ཉོ་བྱེད་ཀྱི་སྒོར་མོ་ཡིས་ཚོང་ཟོག་ཐོག་ཁང་དེ་ཉོ་ཐུབ་པ་ཤེས་ཡོད། རྒྱུ་མཚན་གཉིས་པ་ནི་ཁོ་ལ་ཆུ་ཐིགས་བསགས་པའི་རྒྱ་མཚོ་ཡི་དཔེ་ལྟར་མ་དངུལ་གསོག་འཇོག་བྱས་ཏེ་ཐོག་ཁང་ཆེན་པོ་ཉོ་བའི་འཆར་གཞི་དང་བརྩོན་འགྲུས་ཀྱང་འཛོམས་ཡོད། ཡིན་ནའང་ཚོང་ལས་ཀྱི་བློ་གྲོས་དང་ལྡན་པ་སུ་ཞིག་གིས་ཀྱང་ཁཱ་ཨིན་ལ་སྒོར་མོ་འཚོལ་བའི་ཤེས་རབ་ཡོད་ཅེས་མི་བསྔགས་ཏེ། ཁོས་མི་ཚེ་གང་བོར་ཐ་མག་གོང་ཆེན་མ་འཐེན་པར་ཁབ་གསོག་འབིག་གསོག་བྱས་ནའང་ཚོང་ཟོག་ཐོག་ཁང་ཉོ་ཐུབ་མེད་ལ། དེ་ལས་ལྡོག་སྟེ་ཚོང་དཔོན་སྐུ་ཞབས་དེས་སེར་སྣ་མེད་པའི་འབྱོར་ཕྱུག་བག་ཡངས་ཀྱི་འཚོ་བ་རོལ་བཞིན་དུ། ཚོང་ཟོག་ཐོག་ཁང་ཆེན་མོ་ཞིག་ཀྱང་ཞོར་ལ་ཉོ་ཐུབ་ཡོད་པས་ཚོང་ལས་ཀྱི་འཇོན་ཐང་དང་ལྡན་པ་ཡིན། དེ་དང་བསྡུར་ན་ང་ཚོ་བོད་པ་མང་པོ་ཞིག་གི་རྒྱུ་ནོར་དོ་དམ་གྱི་རིག་ལམ་ནི་སྣ་གཅིག་ཅན་འབའ་ཞིག་ཡིན་ཏེ། ཡོང་འབབ་ཅི་ཙམ་ཡོད་ན་དེ་ཙམ་དངུལ་ཁང་དུ་གསོག་འཇོག་བྱེད་པ་ལས་ཁྲོམ་རར་དབྱེ་ཞིབ་བྱས་ཏེ་གཞི་ཁྱོན་ཆེ་བའི་གཞུང་སྒེར་ཚོང་ལས་ནང་ཞུགས་པ་དང་། རང་སའི་ས་གཞི་དང་གཏེར་ཁ། རིག་དངོས་བཅས་ཀྱི་ཐོན་ཁུངས་བདག་འཛིན་བྱེད་པ། ཁེ་ལས་གཞན་གྱི་མ་རྐང་ནང་ཞུགས་པའམ་མ་རྐང་ཉོ་བ། སྐྱེད་བོགས་བླངས་ཏེ་དངུལ་བུན་ཕར་བསྐྱི་བ། ཉེན་ཡོད་མ་དངུལ་གཏོང་བ། གསེར་དང་རྡོ་རྗེ་ཕ་ལམ། རྒྱལ་སྤྱིའི་རང་བཞིན་གྱི་ཕྱི་སྒོར་ལ་བརྗེ་ཉོ་བྱེད་པ་སོགས་དེང་རབས་ཚོང་ལས་ཀྱི་ཐབས་ལམ་བརྒྱུད་སྒོར་མོ་རྒྱུན་ཆད་མེད་པར་འཕར་སྣོན་བྱེད་དུ་འཇུག་མི་ཤེས། ཐ་ན་མི་ལ་ལས་དངུལ་ཁང་དུའང་མི་འཇོག་ལ་བེད་སྤྱོད་ཀྱང་མི་བྱེད་པར་ཁྱིམ་དུ་ཉར་ཚགས་བྱས་ནས་འཇོག་པའི་སྣང་ཚུལ་ཀྱང་མང་། དེ་ལྟར་བྱས་པའི་མཇུག་འབྲས་ནི་ད་ལོའི་ཡོང་འབབ་ད་ལོའི་འགྲོ་སོང་དུ་བཏང་ནས་ཤུལ་དུ་ཅི་ཡང་མི་ལྷག་ལ། ལན་རེར་ད་ལོའི་ཡོང་འབབ་ཀྱིས་ད་ལོའི་འགྲོ་སོང་མི་འདང་བའི་སྣང་ཚུལ་ཀྱང་འབྱུང་བས། མཇུག་མཐར་འུ་ཐུག་སྟེ་གཞན་ལག་ནས་སྒོར་མོ་བསྐྱིས་ནས་འཚོ་བའི་དགོས་མཁོ་བསྐོང་དགོས་ཞིང་དེ་ནས་རིམ་གྱིས་བུ་ལོན་གྱི་ཁུར་བོས་ནོན་པར་འགྱུར། མདོར་ན་ང་ཚོས་རང་གི་ངལ་རྩོལ་གྱི་ཡོང་འབབ་ཉུང་ཙམ་དེ་ལས་འགྲོ་སོང་མར་འཕྲི་དང་ཤུལ་ལྷག་གསོག་འཇོག་བྱ་རྒྱུ་ལས་ཤེས་ཀྱིན་མེད། དེ་ལྟར་གཞུང་དྲང་ལས་ལ་བརྩོན་པའི་བོད་པ་མང་པོ་ཞིག་གིས་མི་ཚེ་གང་བོར་དུད་འགྲོ་ཟོག་ལས་ལྕི་བའི་ངལ་རྩོལ་གྱི་སྡུག་བསྔལ་མྱངས་ནའང་ད་དུང་དབུལ་ཕོངས་ལས་ཐར་མེད་ལ། འབྱོར་ཕྱུག་ལོངས་སྤྱོད་ཀྱི་འཚོ་བའི་རོ་བྲོ་མྱོང་ཐུབ་མེད་པར་མ་ཟད། མི་ཚེའི་ཕུགས་བསམ་དང་རེ་བའི་རྨི་ལམ་གང་ཡང་མ་འགྲུབ་པར་མི་ཚེ་ཟད་བཞིན་ཡོད། ཐ་ན་ཆོས་དད་ཅན་གྱི་རྒན་རྒོན་དག་གིས་འཆི་ཁར་ལྷ་སའི་ཇོ་བོར་ཐོད་པ་གཏུགས་འདོད་ཀྱི་དད་པ་དེ་ཡང་སེར་སྣའི་དབང་གིས་མ་འགྲུབ་པ་ཤིན་ཏུ་མང་། དེ་ན་འུ་ཚོས་གྲོན་ཆུང་བྱས་པས་ཕྱུག་པོར་གྱུར་ཡོད་དམ་ཟེར་ན། བོད་ཀྱི་མི་སེར་ཁྲོད་དུ་བརྩོན་འགྲུས་དང་སེར་སྣ་གཉིས་ལྡན་ཅན་དག་གིས་ཀྱང་། འགྲོ་སོང་ཐམས་ཅད་ཕུད་རྗེས་མི་ཚེ་གང་བོར་སྒོར་ས་ཡ་གཅིག་ཡན་ཆད་གསོག་ཐུབ་པ་ཡང་ཧ་ལམ་མེད། དཔལ་འབྱོར་རིག་པའི་ངོས་ནས་བལྟས་ན། དེ་ནི་རང་ཅག་གིས་སྒོར་མོ་ཡི་རྒྱུ་ནོར་གསོག་འཇོག་བྱེད་པའི་ནུས་པ་ཙམ་ལས་སྒོར་མོས་རྒྱུ་ནོར་གསར་བསྐྲུན་བྱེད་པའི་ཡོན་ཏན་གཙོ་བོ་དེ་སྔོན་འདོན་བྱེད་མ་ཐུབ་པས་རེད། དེ་ལྟར་བོད་པ་ཕལ་མོ་ཆེས་མི་ཚེ་གང་བོར་གྲོན་ཆུང་བྱས་རྗེས་ཕྱུག་པོར་ཡང་གྱུར་མེད་ལ་ལོངས་སྤྱོད་ཀྱང་བྱེད་མ་ཐུབ་པར་ལུས་ཤིང་། ལ་ལས་དཀའ་སྡུག་འབད་འབུངས་བྱས་བྱས་ནས་འཆི་ཁར་ད་དུང་སྒོར་མོ་བཙལ་དགོས་པའི་མཐའ་མཇུག་གི་དོན་སྙིང་ཡང་ཧ་གོ་མེད་པ་ཡིད་རེ་སྐྱོ་ཨང་། དེ་ལ་ཡ་ཧུ་ད་པ་ནི་འུ་ཅག་ལས་ཡོངས་སུ་ལྡོག་སྟེ། ཐོག་མར་སྒོར་མོ་ནི་སྒོར་མོ་འཚོལ་བྱེད་ཀྱི་མ་རྩ་ཞིག་ལ་ངོས་བཟུང་ནས་ཐབས་ལམ་སྣ་ཚོགས་བརྒྱུད་བེད་སྤྱོད་བྱེད་པ་དང་། རྒྱུན་ཆད་མེད་པར་ཚོང་ལས་ཀྱི་འཁོར་རྒྱུག་ཁྲོད་བཏང་ནས་གྲངས་འབོར་འཕར་སྣོན་བྱེད་དུ་འཇུག་ལ། ཚོང་གི་ཁེ་སྤོགས་ལས་འོས་འཚམ་ཞིག་བླངས་ཏེ་སེར་སྣ་མེད་པར་རང་གི་འཚོ་རྟེན་དུ་སྤྱོད་པ་རེད། ཁོ་ཚོས་ནམ་ཡང་“སྒོར་མོ་ནི་ཚོང་ལས་ཀྱི་བློ་གྲོས་ལ་བརྟེན་ནས་ཇེ་མང་དུ་གཏོང་བ་ལས། ཁ་རྒྱབ་ལྟོ་གོས་ཀྱི་དགོས་མཁོའི་བར་གསེང་ནས་ཁབ་གསོག་འབིགས་གསོག་བྱས་ཏེ་གསོག་ཐུབ་པ་ཞིག་མིན་”ཟེར། དེ་བས་ཡ་ཧུ་ད་མི་རིགས་ཀྱི་ཚོང་པ་ཞིག་ལ་མཚོན་ན། ཐོག་མའི་མ་དངུལ་ཉུང་ཙམ་ཞིག་གླ་ཕོགས་སོགས་བསགས་ནས་ཐོབ་པ་ཕུད། སྤྱིར་བཏང་སྒོར་མོ་དངུལ་ཁང་དུ་བཞག་སྟེ་གསོག་པར་མི་འདོད་པར་ཡོད་ཚད་ཚོང་ལས་ཀྱི་ཕྱོགས་ལ་བཏང་སྟེ་ཁེ་སྤོགས་ལེན་པར་སྤྲོ། ཁོ་ཚོས་བསམ་པར་མི་ཞིག་གིས་ཅི་འདྲའི་སེར་སྣ་བྱས་ནས་སྒོར་མོ་གསོག་ནའང་། སྒོར་མོའི་ཁ་གྲངས་ཇེ་མང་དུ་ཏོག་ཙམ་གཏོང་ཐུབ་པ་ལས་ཕྱུག་པོར་འགྱུར་བའི་རེ་བ་མེད་པར་མ་ཟད། སྒོར་མོ་གསོག་པའི་གོ་རིམ་ནང་ཤོག་སྒོར་གྱི་རིན་ཐང་ལོ་རེ་ནས་ཇེ་དམའ་རུ་འགྱུར་བ་དང་ཁྱིམ་ཚང་གི་འགྲོ་སོང་ཡང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་ངེས་པས་རིམ་གྱིས་ད་ཡོད་རྒྱུ་ནོར་ཐམས་ཅད་ཀྱང་ཟད་པར་འགྱུར་སྙམ། དེ་མིན་ཁོ་ཚོའི་བསམ་པར་རང་གི་སྒོར་མོ་ཐམས་ཅད་སྐྱེད་བོགས་དང་ཁེ་སྤོགས་ལེན་རྒྱུ་ཡོད་པའི་ཚོང་ལས་འཁོར་རྒྱུག་གི་ཁྲོད་དུ་བཏང་ན། དེ་ནི་གངས་ཐང་དུ་ཁ་བ་རྡོག་པོ་འདྲིལ་བ་བཞིན་ཇེ་ཆེ་ནས་ཇེ་མང་དུ་འགྱུར་བ་རེད། དེ་བས་ཐབས་བརྒྱ་ཇུས་སྟོང་སྒོས་དངུལ་ཁང་ནས་ཚུར་དངུལ་བུན་བསྐྱིས་ཏེ་རང་གི་མ་དངུལ་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་བ་ཡིན་ལ། མ་རྩ་ཅི་ལྟར་མང་ན་ཁེ་སྤོགས་དང་ཡོང་འབབ་ཀྱང་དེ་ལས་མང་པ་ནི་རྒྱུ་འབྲས་ཀྱི་རིག་ལམ་དང་མཐུན་པ་སྨྲས་མ་དགོས།

དེ་ཡང་ཇི་སྐད་དུ། “འཇིག་རྟེན་དུ་གང་ལ་གང་འཚམ་དུ་བཀོད་སྒྲིག་བྱེད་མ་ནུས་པའི་ཐོན་ཁུངས་འབའ་ཞིག་ལས་རིན་ཐང་ཅི་ཡང་མེད་པའི་གད་སྙིགས་ཤིག་ཡོད་མི་སྲིད་”ཟེར་བ་བཞིན། བེད་སྤྱོད་བྱེད་ཤེས་ན་འཇིག་རྟེན་འདིར་ཐོན་ཁུངས་དང་མ་རྩ་མེད་པར་སྐྲག་མི་དགོས་སྟེ། ཚོང་ལས་ཀྱི་ལག་ལེན་ཁྲོད་དུ་སྐྱེ་བོ་སྒེར་ཁོ་ནའི་སྟོབས་ཤུགས་ཀྱིས་བསྒྲུབ་མི་ཐུབ་པའི་ལས་ཀ་གང་མང་ཞིག་མ་རྩའི་སྟོབས་ཤུགས་ལ་བརྟེན་ནས་འགྲུབ་པར་བྱེད་ཐུབ། ཡ་ཧུ་ད་པས་སྒོར་མོ་དེ་མཇའ་ཤིང་གི་ཚབ་ཏུ་བཞག་སྟེ་གཞན་གྱི་ཐོན་ཁུངས་དང་མ་རྩ། ཤེས་བྱ། མི་ཤུགས་སོགས་བསྡུ་རུབ་གྱིས་རང་གི་ཆེད་དུ་བེད་སྤྱོད་བྱས་པས། འཛམ་གླིང་དཔལ་འབྱོར་གྱི་གར་སྟེགས་སྟེང་བློ་ཡུལ་ལས་འདས་པའི་གྲུབ་འབྲས་སྣ་ཚོགས་བསྐྲུན་པ་རེད། འདིར་རང་ཅག་གིས་ནམ་ཡང་ཡིད་ལ་དམ་པོར་འཛིན་དགོས་པ་ནི། ད་ལྟ་འཛམ་གླིང་གི་ཁེ་ལས་དང་བཟོ་གྲྭ་ཆེན་པོ་ཐམས་ཅད་ཀྱང་མ་རྩའི་མཇའ་ཤིང་གི་སྟོབས་ཤུགས་ལ་བརྟེན་ནས་གསར་སྐྲུན་བྱས་པ་ལས། མ་གཞི་ནས་ཕྱི་ནང་གི་མཐུན་རྐྱེན་ཡོངས་སུ་འཛོམས་པའི་གང་ཟག་སྒེར་ཞིག་དང་། ཡང་ན་ཁྱིམ་ཚང་གཅིག་ཁོ་ནའི་སྟོབས་ཤུགས་ཀྱིས་ཡོད་ཚད་བསྒྲུབ་ཐུབ་པ་ཞིག་གཏན་ནས་ཡོད་མི་སྲིད།

མདོར་ན་ཡ་ཧུ་ད་པ་རྣམས་ཀྱང་རང་ཅག་དང་འདྲ་བར་སྒོར་མོ་ལ་དགའ་ནའང་། ནམ་ཡང་རང་ཉིད་སྒོར་མོ་ཡི་བྲན་གཡོག་བྱེད་མི་འདོད་པར། དེ་ལས་ལྡོག་སྟེ་སྒོར་མོ་རང་གི་བྲན་གཡོག་ཏུ་བསྒྱུར་ནས་ལས་དོན་ཆེན་པོ་སྒྲུབ་པར་མཁས། དེ་བས་ཁོ་ཚོས་ཁ་དཔེ་ལ་“སྒོར་མོ་ནི་སྙིང་རྗེ་ཅན་གྱི་བདག་པོ་དེ་མ་ཡིན་རུང་། འཇོན་ཐང་ཅན་ གྱི་གཡོག་པོ་དེ་ཡིན་ཁོ་ཐག་རེད་”ཟེར། དེ་མིན་ཡ་ཧུ་ད་པས་ཚོང་ལས་སྐོར་གྱི་རྒྱུ་རྐྱེན་རྟེན་འབྲེལ་གྱི་རིག་པ་རྟོགས་ཡོད་པས་དངུལ་བུན་ཕར་བསྐྱི་ཚུར་ལེན་བྱེད་པར་ཤིན་ཏུ་དགའ་སྟེ། ཁོ་ཚོས་ནམ་རྒྱུན་“སྒོར་མོ་མེད་ན་བསྐྱི་དགོས། སྒོར་མོ་བསྐྱི་མི་ཕོད་པའི་མི་དེ་ནམ་ཡང་ཕྱུག་པོར་འགྱུར་མི་ཐུབ། སྒོར་མོ་གསོག་ནས་བསྡད་ན་ཇེ་དབུལ་ནས་ཇེ་དབུལ་ཡིན། དེའི་རྒྱུ་མཚན་ནི་ཐོག་མར་མི་དེའི་རིག་ལམ་ནི་དབུལ་བོའི་རིག་ལམ་ཡིན་པས་རེད་”ཟེར། ཡིན་ནའང་ཡ་ཧུ་ད་པས་དངུལ་བུན་བསྐྱི་བ་ནི་རང་གི་ཚོང་ལས་ཀྱི་དགོས་མཁོ་དང་འཆར་གཞི་ལྟར་ཡིན་པ་ལས། རྨོངས་འཐོམས་རྒྱས་ཤོམ་གྱི་འཛད་སྤྱོད་བྱ་ཆེད་བསྐྱི་མི་སྲིད་དེ། མཐར་གཏུགས་ན་ཡོད་ཚད་ཚོང་ལས་ཀྱི་ཁེ་སྤོགས་གསར་བ་བསྐྲུན་པའི་ཆེད་དུའོ།

3གོ་སྐབས་འཛིན་ཤེས་ལ་ཁེ་ཕན་བློས་གཏོང་ཐུབ་པ།

གོ་ཐོས་ལྟར་ན་རྒྱ་གར་བྱང་ཕྱོགས་ཀྱི་ཚ་བ་ཆེ་བའི་ནགས་ཚལ་དུ། མི་རྣམས་ཀྱིས་ ཐབས་ཤེས་ཡ་མཚན་ཅན་ཞིག་སྤྱད་དེ་སྤྲེའུ་འཛིན་བཞིན་འདུག ནང་ལ་སྤྲེའུ་ཟ་རྒྱུར་དགའ་བའི་ཤིང་འབྲས་སྲ་མོ་བླུགས་ཡོད་པའི་ཤིང་སྒམ་ཞིག་སྡོང་མགོར་བཏགས་ རྗེས། ཤིང་སྒམ་གྱི་ཀླད་ངོས་སུ་ཏག་ཏག་སྤྲེའུ་ཡི་ལག་པ་ཐར་ཐུབ་ཙམ་གྱི་ཨི་ཁུང་ཞིག་བཏོད་ནས་བཞག་ཡོད། དེར་སྤྲེའུ་ཡིས་སྒམ་ནང་གི་ཤིང་འབྲས་ལེན་བསམས་ནས་ལག་པ་སྒམ་ནང་ལ་བསྲིངས་ཚེ་ལས་སླ་མོའི་འཛིན་ཐུབ་པ་རེད། མ་གཞི་སྤྲེའུ་དེའི་རིགས་ནི་ལག་ལ་ཐོབ་པའི་ཅ་ལག་གང་ཡང་ལས་སླ་མོས་ཕྱིར་མི་འཇོག་པའི་གོམས་གཤིས་ཅན་ཞིག་ཡིན་ལ། རང་ཉིད་དགའ་བའི་ཤིང་འབྲས་ཤིག་ཐོབ་རྗེས་དེ་བས་ཀྱང་སྤར་ཁ་དམ་དུ་བསྡམས་ཏེ་དོར་མི་སྲིད་པས་མཐར་ཐུག་རྔོན་པའི་ལག་ལ་ཚུད་པར་འགྱུར། གཏམ་རྒྱུད་འདིར་ཉན་རྗེས་ང་ཚོས་སྤྲེའུ་དེ་རིགས་ནི་ཅི་འདྲའི་ལྒིན་པ་རེད་ཅེས་བཞད་གད་བྱེད་ངེས། རྒྱུ་མཚན་ནི་གལ་ཏེ་སྤྲེའུ་ཡིས་སྤར་ཁ་ལྷོད་དེ་ཤིང་འབྲས་བསྐྱུར་ན་བདེ་བླག་ངང་ལག་པ་སྒམ་ཆུང་ལས་ཕྱུངས་ནས་འབྲོ་ཐུབ་མོད། རང་གི་ལག་ལ་ཐོབ་ཟིན་པ་གང་དེ་བློངས་མི་ཐོངས་པའི་གཉུག་གཤིས་སུ་གྲུབ་པའི་ཞན་ཆ་དེས་མཐར་ཐུག་གཅེས་པའི་སྲོག་ཀྱང་གཞན་ལག་ལ་སྤྲད་པ་རེད། ཞིབ་མདང་རེ་བརྒྱབ་ན་འུ་ཅག་གིས་སྤྲེའུ་ལ་འཕྱ་དམོད་བྱེད་རྒྱུ་མེད། ལན་རེར་ང་ཚོ་མི་རྣམས་ཀྱིས་ཀྱང་སྤྲེའུ་དང་འདྲ་བའི་ལྒིན་རྟགས་སྟོན་བཞིན་ཡོད་དེ། ནམ་རྒྱུན་རང་ལ་ཐོབ་ཟིན་པའི་སྒོར་མོ་ཉུང་ཙམ་དེ་བེད་སྤྱོད་ཅི་ཡང་མི་བྱེད་པར་ལག་ལ་བཟུང་ནས་སྡོད་ལ། ཐ་ན་སྒོར་མོ་དེ་ཕར་བཏང་བས་མ་རྩ་ལས་ལྡབ་འགྱུར་གྱིས་མང་པའི་ཁེ་སྤོགས་ལོན་པའི་དབང་དུ་བཏང་ན་ཡང་མ་དངུལ་གཏོང་བའི་སྤོབས་པ་མེད། དོན་ལ་དེ་ནི་སྤྲེའུ་ཡི་རིག་པ་དང་ཧ་ཅང་འདྲ་སྟེ། ཁེ་ཕན་ཕྲ་མོ་ཞིག་བློས་མ་ཐོངས་པར་ཁེ་ཕན་ཆེན་པོ་དག་འཆོར་ཏུ་བཅུག་པ་མ་ཡིན་ནམ། ནམ་རྒྱུན་བོད་པ་མང་པོ་ཞིག་གིས་ཚོང་ལས་ལ་བརྟེན་ནས་ཁེ་ཕན་ཆེན་པོ་ལོན་པའི་གནས་ལུགས་རྟོགས་ཡོད་ནའང་མ་རྩ་རྡིབ་རྒྱུའི་ཉེན་ཁར་སྐྲག་ནས་ཅི་ཡང་བསྒྲུབ་མི་ཐུབ་ལ། འཆར་གཞི་མང་པོ་ཞིག་གི་འགོ་བརྩམས་མ་ཐག་གྱོང་ཕོག་ན་ཅི་བྱ་ཞེས་རང་ལ་ཞེད་སྣང་བསླངས་ཏེ་མཚམས་འཇོག་པ་དང་། གོ་སྐབས་ཐམས་ཅད་ཤོར་རྗེས་ད་གཟོད་འགྱོད་པ་དང་བཅས་སྐབས་དེར་ངས་མ་དངུལ་བཏང་སྟེ་ལས་ཀ་དེ་བསྒྲུབས་ཡོད་རྒྱུ་ན། ད་ལྟ་ཁེ་སྤོགས་འདི་འདྲ་ལོན་ཡོད་ཅེས་གཞན་ལ་འགྲམ་ཆུ་ལྡང་བའི་ལབ་རྡོལ་འབྱིན་པར་དགའ། སྐབས་དེར་གཞན་རིགས་སྤྱང་གྲུང་ཅན་རྣམས་ལོ་རེ་བཞིན་ཇེ་རྒྱས་ཇེ་ཕྱུག་ཏུ་ འགྲོ་བཞིན་ཡོད་ནའང་། བོད་པ་སྐོར་ཞིག་གིས་སེམས་ཆུང་ངང་སྒུག་སྒུག་མཐར་ཉེན་ཁ་གཅིག་ཀྱངམེད་པའི་ཚོང་ལས་ཤིག་ལག་ལ་མ་ཐོབ་པར་མ་ཟད་ལག་གི་མ་དངུལ་ཡང་ཟད་དེ་ཚར་ལ་ཉེ། དེ་ནི་བོད་ཀྱི་རོང་འབྲོག་མི་སེར་ཚོས་ནམ་རྒྱུན་སྔོན་ཆད་ཀྱི་རྒྱ་མི་ལྷམ་བཟོ་ག་གེ་མོ་དང་ཧོས་རིགས་ལྤགས་ཉོ་ཆེ་གེ་མོ་སོགས་ད་ལྟ་ཚོང་དཔོན་དང་སྦྱིན་བདག་ཏུ་གྱུར་ཡོད་ཅེས་མཚར་གཏམ་དུ་གླེང་བར་དགའ་ལས་ཀྱང་རྟོགས་ཐུབ། གཞན་ཡང་“བོད་ཀྱི་ཐབས་བཀོད་རྗེས་ན་ཡོད་”ཅེས་པའི་ཟུར་ཟའི་ཁ་དཔེ་ཞིག་ ཀྱང་བོད་ཡུལ་ཀུན་ན་དར་ཁྱབ་ཆེ་བ་ཚང་མས་གོ་མྱོང་ཡོད་ངེས། གཞན་ཡང་བོད་པ་ཕལ་མོ་ཆེར་ཚོང་ལས་ཐད་ཀྱི་མཉམ་འབྲེལ་དང་རྩ་འཛུགས་ཀྱི་གོ་རྟོགས་ཞན་པ་སྟེ། དཔེར་ན་བོད་པ་འགའ་ཡིས་ཐོན་ཁུངས་དང་མ་རྩ་མཉམ་བསྲེས་ཀྱིས་ཚོང་ལས་ཤིག་གཉེར་བའི་དབང་དུ་བཏང་ན། ཐོག་མར་ཚང་མ་བློ་གཅིག་གྲོས་གཅིག་ཡིན་སྲིད་ཀྱང་བར་ལམ་ནས་ཉེན་ཁ་རེ་བྱུང་ཚེ་སྔོན་གྱི་འཆར་གཞི་དེ་ལེགས་བཅོས་དང་རྒྱུན་འཁྱོངས་མི་བྱེད་པར་ཁོངས་མི་ཕན་ཚུན་བར་ལ་ལེ་འདའ་བྱེད་པ་སོགས་རྙོག་འཛིང་ཤིན་ཏུ་ཆེ། དེ་དག་ཐམས་ཅད་ནི་ང་ཚོར་མིག་མདུན་གྱི་མ་དངུལ་བློས་བཏང་ནས་ཡུན་རིང་གི་ཁེ་ཕན་བསྙེགས་པའི་མིག་རྒྱང་མེད་སོང་བས་ཡིན་ལ། ཉེན་ཁར་སྐྲག་ནས་སྤར་ཁ་དམ་དུ་བསྡམས་ཏེ་ཚོང་ལས་ཀྱི་གོ་སྐབས་བརྩོན་ལེན་བྱེད་པའི་བློ་ཁོག་མེད་སོང་བས་ཀྱང་རེད། ཡ་ཧུ་ད་མི་རིགས་ལ་མཚོན་ན་ཏག་ཏག་འདིའི་ཐད་དུ་གཞན་ལས་འཕགས་པའི་འཇོན་ཐང་ཡོད། ཁོ་ཚོར་ནམ་ཡང་ཚོང་ལས་ཀྱི་ཉེན་ཁའི་གདོང་བསུ་བའི་སྙིང་སྟོབས་དང་ལྡན་ཞིང་། འགྱུར་ལྡོག་དང་བར་ཆད་སྣ་ཚོགས་ཀྱི་ཁྲོད་ནས་རྙེད་པར་དཀའ་བའི་གོ་སྐབས་དམ་འཛིན་བྱེད་པར་མཁས། ཡ་ཧུ་ད་པས་ཉོ་ཚོང་ཆེ་མ་ཆུང་གསུམ་གང་བྱེད་ཀྱང་དཔའ་མཛངས་གཉིས་ལྡན་སྒོས་འཕེལ་རྒྱས་ཀྱི་ལམ་བུ་གདམ་གསེས་བྱེད་ཐུབ། ཁོ་ཚོའི་བསམ་པར་ཚོང་ལས་གང་ཞིག་ཡིན་རུང་ཉེན་ཁ་མེད་པ་ཞིག་ཡོད་མི་སྲིད་པས། ངེས་དོན་གྱི་ཚོང་པ་ཞིག་ཡིན་ན་ཉེན་ཁར་སྐྲག་ནས་སྡོད་མི་རུང་། དེ་ལས་ལྡོག་སྟེ་ཉེན་ཁ་ཅི་ལྟར་ཆེ་བའི་གནས་སུ་ཁེ་སྤོགས་ཀྱང་དེ་ལྟར་ཆེན་པོ་ཡོད་སྙམ། དེ་བས་ཁོ་ཚོས་གཙོ་བོ་འཛམ་གླིང་ཡོངས་ཀྱི་རྡོ་རྗེ་ཕ་ལམ་དང་གསེར་དངུལ། རྡོ་སྣུམ། ཚན་རྩལ་ཐོན་རྫས་སོགས་ཐོན་ཁུངས་དཀོན་ཞིང་ཉེན་ཁ་ཆེ་བའི་རིགས་རྣམས་བདག་ཏུ་བཟུང་སྟེ། བློ་ཡུལ་ལ་མི་ཤོང་བའི་དཔལ་འབྱོར་གྱི་ཁེ་སྤོགས་གསར་སྐྲུན་བྱེད་བཞིན་གདའ། འོན་ཀྱང་ཡ་ཧུ་ད་པ་རྣམས་ཀྱིས་དམིགས་ཡུལ་དང་འཆར་གཞི་ཅི་ཡང་མེད་པར་ཉེན་ཁ་བརྒྱུད་མི་སྲིད་དེ། ཚོང་གང་ཞིག་གཉེར་ནའང་ཐོག་མར་དགོས་ངེས་ཀྱི་རྟོག་དཔྱོད་དང་ཞིབ་འཇུག་ཞིབ་ཕྲ་བྱས་པའི་རྨང་གཞིའི་སྟེང་འཆར་གཞི་དང་གོ་རིམ་ལྟར་མ་དངུལ་གཏོང་བ་སྟེ། ཁོ་ཚོར་ཁེ་སྤོགས་ལེན་པའི་གདེང་ཚོད་ཆེན་པོ་ཡོད་ན་མ་དངུལ་གཏོང་བར་སྐྲག་རྒྱུ་མེད་ལ། ཁེ་སྤོགས་ལེན་པར་ཆོག་ཤེས་ཀྱང་མེད་པར་མ་ཟད་ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་རྒྱ་བསྐྱེད་དེ་ཁེ་སྤོགས་ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱིས་ཇེ་ཆེར་གཏོང་བར་བརྩོན། གལ་ཏེ་ཚོང་ལས་གཉེར་བའི་གོ་རིམ་ཁྲོད་བཅོས་ཐབས་མེད་པའི་ནོར་འཁྲུལ་རེ་བྱུང་བ་རྟོགས་ན། ལས་དབང་ལ་སྐྱབས་བཅོལ་བ་དང་ཕན་ཚུན་ལ་ལེ་འདའ་བྱེད་པ་སོགས་མི་བྱེད་པར། བློ་ཐག་རྦད་ཆོས་སྒོས་མིག་མདུན་གྱི་ཚོང་དེ་མྱུར་དུ་མཚམས་བཞག་སྟེ་གྱོང་གུད་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་ལ། ཐེངས་དེའི་ཕམ་ཁའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞི་སྟེང་ལས་ཀ་གསར་བ་ཞིག་གི་འགོ་རྩོམ་པར་འབད་པ་རེད། གོང་གསལ་བྱེད་སྟངས་དེ་རིགས་ནི་གནའ་རབས་ཡ་ཧུ་ད་པའི་བསྟན་བཅོས་ལས་གསུངས་ཡོད་པ་མ་ཟད། དེང་སང་སྐུ་འཚོ་བཞུགས་གནང་བཞིན་པའི་ཡ་ཧུ་ད་པའི་ཚོང་གཉེར་བ་གྲགས་ཅན་དང་འཛམ་གླིང་གི་ཕྱུག་པོ་ཨང་དང་པོའི་མཚན་སྙན་ཐོབ་མྱོང་མཁན་ཝར་རེན་པུད་ཧྥེ་ཐུ(沃伦巴菲特(Warren Buffett,1930年8月30日梊loch ) སོགས་ཀྱི་ལོ་རྒྱུས་ལ་བལྟས་ན་ཡང་གསལ་བོར་མཐོང་ཐུབ་སྙམ།

Warren Buffett

(པར2 འཛམ་གླིང་གི་ཚོང་དཔོན་གྲགས་ཅན་ཝར་རེན་པུད་ཧྥེ་ཐུ)

ཡ་ཧུ་ད་པ་ནི་ཁེ་སྤོགས་ཅི་འདྲའི་ཆེན་པོ་ཞིག་ལེན་པར་བག་མི་ཚ་བ་ཇི་བཞིན་དུ་གྱོང་གུད་ཅི་འདྲའི་ཆེན་པོ་ཞིག་ཐེབས་ན་འཇིགས་སྐྲག་དང་སེམས་ཁྲལ་གྱི་འདམ་དུ་ལྷུང་བར་མི་འགྱུར། རྒྱུ་མཚན་ནི་ཡ་ཧུ་ད་པའི་མིག་ལམ་དུ་ཚོང་ལ་ཕམ་ཁ་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་པས་དང་ལེན་བྱེད་མི་ཐུབ་རྒྱུ་ཅི་ཡང་མེད། དེ་ལས་ཚོང་གི་གོ་སྐབས་བཟང་པོ་ནི་རྙེད་དཀའ་ཞིང་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པས་བློ་ཐག་རྦད་ཆོད་དང་གང་མགྱོགས་ཅི་མྱུར་གྱིས་བརྩོན་ལེན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བར་བལྟ། ལན་རེར་མ་དངུལ་ཐེངས་གཅིག་བཏང་བས་ཁེ་སྤོགས་ཅི་ཡང་མི་ལོན་པ་ཡང་ཡོད་ལ་མ་རྩ་བརྡིབས་ནས་གྱོང་གུད་རག་པའང་སྲིད་མོད། ཡུན་རིང་ལ་བསམ་ན་དེ་ནི་རང་གི་ཚོང་ལས་ཀྱི་བློ་གྲོས་སྦྱོང་བརྡར་བྱེད་པའི་སློབ་སྦྱོང་ཞིག་ཏུ་བརྩི་ཆོག་པས། སྒོར་མོ་ལག་ལ་བཟུང་སྟེ་ལས་ཀ་ཅི་ཡང་བསྒྲུབ་མི་ཕོད་པ་ལས་ལྡབ་འགྱུར་གྱིས་ བཟང་བར་འདོད། སྤྱིར་བཏང་མ་དངུལ་གཏོང་འཇོག་དང་དཔལ་འབྱོར་ཉོ་ཚོང་ལ་བྱང་བའི་མི་ཞིག་ཡིན་ན་བརྡ་འཕྲིན་གྱི་ཐོས་རྒྱ་དང་ཁྲོམ་རའི་དབྱེ་ཞིབ་ཀྱི་ནུས་པ་ སོགས་སྐྱེ་བོ་ཕལ་བ་བྱིངས་ལས་བཟང་བ་རང་ཅག་གི་ཉེ་འཁོར་གྱི་མི་རྣམས་ལ་བརྟགས་ན་ཡང་གསལ་བོར་ཤེས་ཐུབ། ཚོང་ལས་ཀྱི་ཤེས་རབ་དང་ལྡན་པའི་ཡ་ཧུ་ད་པ་ཚོས་གནས་ལུགས་དེ་རྟོགས་པས་སྡོམ་ཚིག་རང་བཞིན་གྱི་ལེགས་བཤད་འདི་འདྲ་གནང་ཡོད་དེ། “ཕུལ་དུ་བྱུང་བའི་ཚོང་ལས་པ་ཞིག་ལ་ཆེས་གལ་ཆེ་བའི་འཇོན་ཐང་གཉིས་ལྡན་དགོས། དེ་ནི་གོ་སྐབས་དམ་འཛིན་བྱེད་མཁས་པ་དང་སྒོར་མོ་བློས་གཏོང་ཕོད་པ་གཉིས་སོ། ”དང་པོ་གོ་སྐབས་དམ་འཛིན་བྱེད་མཁས་པས་རྙོག་འཛིང་གི་ཁྲོམ་རལས་རང་ལ་དབང་བའི་ཚོང་ལས་ཀྱི་ལམ་བུ་རྙེད་ཐུབ་ལ། གཉིས་པ་ལག་ནང་གི་སྒོར་མོ་བློས་གཏོང་ཕོད་པས་དེ་ལས་ཀྱང་ཁོད་ཡངས་པའི་འབྱོར་ཕྱུག་གི་འཇིག་རྟེན་གསར་བར་བསྐྱོད་ཐུབ་པ་རེད། འདི་ལྟར་ཞིབ་མདང་རེ་བརྒྱབ་ན། རང་རེའི་བོད་པ་རྣམས་ཀྱིས་རང་ས་རང་ཡུལ་དུ་ཡང་ཚོང་ལས་ཀྱི་གོ་སྐབས་མང་པོ་ཞིག་དམ་འཛིན་བྱེད་ཐུབ་ཀྱིན་མེད་པ་ནི། རང་ཅག་མ་གཞི་ནས་གོ་སྐབས་མེད་པས་མ་ཡིན་ལ་གོ་སྐབས་འཚོལ་བའི་བློ་གྲོས་མེད་པའང་མ་ཡིན་པར། ཏག་ཏག་ཉེན་ཁར་འཛེམ་སྟེ་ལག་ནང་གི་མ་རྩ་བློས་གཏོང་མ་ཐུབ་པས་རེད། དཔེ་དེ་བཞིན་འུ་ཅག་ཁ་བ་རི་བོའི་མི་རིགས་འདིས་ཁ་སང་དེ་རིང་གི་སྤྱི་ཚོགས་ནང་སྲིད་འབྱོར་རིག་གསུམ་གྱི་ལས་དོན་གལ་ཆེན་གང་མང་ཞིག་འཁྱོངས་ཀྱིན་མེད་པ་ཡང་། མཐར་གཏུགས་ན་རྒྱུ་ནོར་གྱི་ཐད་དུ་དཀྱེལ་ཡངས་དང་དཔྱོད་ཤེས་ཀྱི་ལྟ་སྟངས་ཤིག་གྲུབ་མེད་པར་འབྲེལ་བ་ཆེ་སྟེ། མདོར་ན་གོ་སྐབས་དང་ཉེན་ཁའི་བར་གསེང་ནས་ཁེ་ཕན་གྱི་ཐོབ་ཤོར་གང་ཡང་བློ་བདེ་མོས་དང་དུ་ལེན་པའི་དཔའ་མཛངས་ཀྱི་བློ་སྟོབས་རིགས་ཤིག་མ་འདང་བས་རེད་སྙམ། །


 

1 རྒྱལ་སྤྱིའི་དབུལ་ཕོངས་ཀྱི་ཚད་ཐིག་ནི་མི་རེས་ཉིན་རེར་ཆ་སྙོམས་ཨ་སྒོར་ཉི་ཤུའམ་ཀྲུང་གོའི་སྒོར་མོ་༡༣༠ལྷག་འཛད་སྤྱོད་བྱེད་ཐུབ་མིན་དེ་ཡིན།
2 ༢༠༡༠ལོའི་ཀྲུང་གོའི་དབུལ་ཕོངས་ཚད་ཐིག་ནི་མི་རེའི་ལོ་རེའི་ཡོང་འབབ་ཀྲུང་གོའི་སྒོར་མོ༡༡༩༦ཡོད་མེད་དེ་ཡིན།
3 ཡ་ཧུ་ད་པས་འབྲེལ་ཡོད་ཁྲིམས་ལུགས་སྣ་ཚོགས་དང་། ཁྱད་པར་དུ་ཉོ་ཚོང་ཕྱོགས་གཉིས་བར་གྱི་གན་རྒྱ་ཡི་གེ་རང་གི་སྲོག་ལྟར་སྲུང་བ་རེད།
4 ད་ལྟ་འཛམ་གླིང་གི་མི་རིགས་ཕལ་མོ་ཆེས་ཁོང་ཅག་གི་རིག་ལམ་དེ་འདྲར་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་ལ་དོ་དམ་བྱེད་བཞིན་ཡོད།