སྒྱུར་བ་པོ། མཁན་པོ་ཆོས་དབྱིངས་རྡོ་རྗེ།

བྱ་བྲལ་རིན་པོ་ཆེ་ཞི་བར་གཤེགས་པས་ནི་དུས་རབས་ཤིག་གི་མཇུག་བསྡུས་པ་རེད་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ། བྱེ་བྲག་ཏུ་རྡོ་རྗེ་ཐེག་པ། དམིགས་བསལ་གྱི་བོད་བརྒྱུད་ནང་བསྟན་དང་། སྔ་འགྱུར་རྙིང་མའི་བསྟན་པ་སྲུང་བའི་འགན་ཁུར་བ་ཆེན་པོ་ཞིག་ང་ཚོས་བོར་བརླགས་ཤོར་བ་རེད།

སྤྱིར་བྱ་བྲལ་ཞེས་པའི་མཚན་གྱི་དོན་ནི། འཇིག་རྟེན་གྱི་བྱ་བ་ཡོད་ཚད་བློས་བཏང་པའི་རྣལ་འབྱོར་པ་ཞིག་རེད་ལ། ནམ་རྒྱུན་ལྟར་ན་མཚན་འདི་ནི་མཚན་དུ་བཏགས་པ་རང་རེད། ཡིན་ནའང་ཞི་བར་གཤེགས་པའི་དམ་པ་ཁོང་ལ། བྱ་བྲལ་ཞེས་པའི་མཚན་དེ་མཚན་ཙམ་དུ་མ་གྱུར་པ། བྱ་བྲལ་ཞེས་པའི་མཚན་གྱི་དོན་ངོ་མའི་སྙིང་པོ་ཀུན་བསྡུས་པ་ཞིག་རེད། དགུང་ལོ་བརྒྱ་དང་གཉིས་ལྷག་ལ་བཞུགས་པའི་སྐུ་ཚེ་རིང་པོ་དེའི་ནང་ལ། མཛད་འཕྲིན་མང་པོ་ཞིག་བསྐྱངས་པ་སྟེ། སྐྱེས་ཆེན་དམ་པ་མང་པོ་དང་འགྲོགས་ནས། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙལ་རྙེད་མཛད་མཁན། རྒྱལ་ཚབ་རྭ་སྒྲེང་ཁྲི་ཆེན་གྱི་དབུ་བླར་གྱུར་ཅིང་བཀའ་ཆོས་གནང་པས་མཚོན། བླ་མ་རྣམས་ཀྱི་བླ་མར་གྱུར་པ་རེད་དེ། དགོན་པ་དང་། བཤད་གྲྭ། ཆོས་ཚོགས་སོགས་ཕྱག་འདེབས་པའི་འུར་ཤོབ་ཚ་བོ་གང་ཡང་ཕལ་ཆེར་མ་གནང་བ་རེད། ཁོང་གི་ཉེ་སྐོར་གང་ནའང་། སྒེར་གྱི་མཁོ་ཆས། གསེར་གྱི་ཁྲི་དང་། གསེར་གྱི་དབུ་གདུགས་ཟེར་བ་གཅིག་ཀྱང་མཐོང་རྒྱུ་ཡོད་མ་རེད། དེས་ན་ཁོང་ནི་ངེས་པ་དོན་གྱི་བྱ་བྲལ་བ་ཞིག་རེད།

ཤེས་དགོས་རྒྱུ་ཞིག་ལ། ང་དང་ང་འདྲའི་བླ་མ། འཛམ་གླིང་གི་ས་ཆ་མ་སོང་བའི་ས་ཞིག་དང་། མ་འཁྱམས་སའི་ཁུག་ཅིག་མེད་པར་བྱས་ཏེ། སྐད་ཅོར་ཆེ་ཐག་ཆོད་རྒྱག ཁྲ་ཁྲ་ཟིང་ཟིང་གི་སྣང་བརྙན་ཁྱབ་བསྒྲགས་གང་ཐུབ་བྱེད་མཁན་སུ་དང་གང་གིས་ཀྱང་། ཕར་བལྟས་ན་སྒོམ་སྟན་དེ་ནམ་ཡང་གྲང་མ་བཅུག་པ་ཉར་བ་ཙམ་མ་གཏོགས་གཞན་གང་ཡང་མ་མཛད་པའི་བྱ་བྲལ་དམ་པ་འདི་དང་བསྡུར་ན། ང་ཚོས་ནི་ལས་དོན་གང་ཡང་མ་འགྲུབ་པ་ལྟ་བུ་རེད། གལ་སྲིད་དམ་པ་འདིས་ཕྱག་ལས་ཤིག་གནང་ནས། བརྒྱ་ཆ་གོ་དགུའི་ཕྱག་ལས་དེ་ཉམ་ཆུང་སེམས་ཅན་སྲོག་བསླུ་མཛད་པ་ཤ་སྟག་རེད།

དེས་ན་རྨོངས་པས་བསླུས་པ་བདག་ལྟ་བུས་སར་གནས་ཀྱི་སྐྱེས་བུ་དམ་པ་འདིའི་ཡོན་ཏན་བརྗོད་ཚུལ་བྱེད་པ་ནི། ཕ་མཐའ་བྲལ་བའི་ནམ་མཁའི་གཏིང་མཐའ་དཔོག་རྩིས་བྱེད་པ་དང་གཉིས་སུ་མ་མཆིས་ནའང་། དམ་པ་འདིའི་སྐོར་ཅུང་ཟད་ཤེས་པ་ལས་གནད་དོན་གཅིག་ཞུས་ན། ཟོག་རྫུན་མང་པོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་ཐད་ཀར་རྨ་འབྱིན་ནས་མཚན་ཤས་ཤུགས་ཆེན་བཟོ་བས་མཚོན་སངས་རྒྱས་ཀྱི་བསྟན་པ་ལ་གདོང་ལེན་བྱེད་དགོས་པའི་ཉེན་ཁ་མང་པོ་ཞིག་འཕྲད་བཞིན་པ་རེད། ཁ་ཤས་ཀྱིས་ལྟར་སྣང་ལ། ཚད་ལྡན་ཚུལ་མཐུན་ཞི་ཞིང་ཉེ་བར་ཞི་བ། ཡང་དག་པར་ཡིན་ཁུལ་འབད་བརྩོན་ཆེན་པོས་གནང་ནས་སུ་ལའང་མ་དད་པ་དང་མི་དགའ་བ་མ་བསྐྱེད་ན། ཉེན་ཁ་དེ་དག་ལས་རྣམ་པར་རྒྱལ་བར་རློམ་གྱི་ཡོད། ཡིན་ནའང་མཛད་སྤྱོད་འདིས་སངས་རྒྱས་ཀྱི་བསྟན་པ་ལ་གདོང་ལེན་བྱེད་དགོས་པའི་ཉེན་ཁ་འཕར་མ་ཞིག་འདྲེན་ཞིང་དཀའ་ངལ་དེ་ལས་རྣམ་པར་རྒྱལ་བ་ལ་ཁག་པོ་ཆགས་ཡོད།

གང་ཡིན་ཟེར་ན་གཞན་ལ་མ་དད་པའམ། མི་དགའ་བའི་བསམ་པ་མི་བསྐྱེད་པའི་ཆེད་ཚད་ལྡན་ཚུལ་མཐུན་ཡང་དག་པར་བྱེད་ཁུལ་གནང་མཁན་རྣམས་མཐའ་མར་ཁ་ཞེ་གཉིས་མི་མཚུངས་པའི་ཚུལ་འཆོས་པ་ཆེ་ཤོས་ཆགས་ཀྱི་ཡོད།

ངའི་མི་ཚེ་ཚད་ཅན་འདིའི་ནང་ལ། ཚུལ་འཆོས་རིང་ལུགས་ལ་མཐའ་གཅིག་དུ་བཀག་འགོག་མཛད་མཁན་ཁ་ཤས་མཇལ་མྱོང་བ་ལས། བྱ་བྲལ་རིན་པོ་ཆེ་ནི་དེ་དག་ལས་གཅིག་རེད། ཁོང་ནི་ཁ་དན་ཚིག་ལ་གནས་པ་ཞིག་ལས་ཕན་ཚུན་ཚོང་ལས་ལྟ་བུའི་གྲོས་མོལ་བཟོ་ས་གཏན་ནས་མེད་པ་རེད་ལ། དངུལ་དངོས་ཀྱི་ཆེད་དུ་ཆོས་ཀྱི་ཚིག་གཅིག་ཀྱང་མི་བཤད་མཁན་དང་། ཆེན་པོ་གཉན་པོ་སུ་ལའང་མགོ་བོ་གཏན་ནས་མི་སྒུར་མཁན་ཞིག་རེད། ང་ཚོ་ཟོག་པོ་རྫུ་བག་ཅན་མང་པོར་དམ་པ་འདིས་མཇལ་ཁ་གཏན་ནས་སྤྲད་ཀྱི་མེད་ཀྱང་། དམ་པ་འདིའི་དབུགས་ཀྱི་རྒྱུ་བ་དེ་སཱ་ལི་གྷུ་རི་དང་ཡང་ལེ་ཤོད་གཉིས་བར་ལ་རྒྱུ་བཞིན་པ་ཤེས་པ་ཙམ་གྱིས་ང་ཚོར་འཇིགས་སྔངས་བསྐྱེད་ནས་སྙིང་ལ་འདར་སིག་སློང་གི་ཡོད་རེད།

ལྷག་པར་སྐུ་ཚེའི་མཇུག་ཏུ། ང་རང་ལྟ་བུ་ལ་མཚོན་ན། ཐེངས་ཉི་ཤུ་ལྷག་ཙམ་མཇལ་ཁ་ཞུས་ཀྱང་ཞལ་བཞེས་གནང་མཛད་མ་སོང་། ཟོག་རྫུ་བས་འཁྲུགས་པོ་ཡོད་སའི་ས་ལ་ཁོང་གིས་ཧ་ཅང་མཇལ་ཁ་གནང་ཁག་པོ་རེད།

ད་ལམ་གུས་ཕྱག་དང་འབྲེལ་ཏེ་གསོལ་སྨོན་འདེབས་རྒྱུ་ནི། དམ་པ་གང་གི་སློབ་ཚོགས་ང་ཚོའི་མི་ཚེའི་ནང་ལ་ཉ་ལ་སོགས་པའི་སེམས་ཅན་སྲོག་བསླུ་བྱེད་པའི་ཉམས་ལེན་བྱེད་ཐུབ་པ་དང་། ལྷག་པར་ཟླ་བ་འདིའི་ནང་ལ་བྱེད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།

 

(༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་༢༠༡༦།༠༡།༠༦ཉིན་སྐུ་སྒེར་ངོ་དེབ་ལ་བཀོད་པའི་རྩོམ)