🌏️《བལ་ཡུལ་འགྲིམས་པའི་ཟིན་ཐོ》ལས།
🔳རྨེ་རུ་ཡུལ་ལྷ་ཐར།🔳

[ལུམ་བིའི་ཚལ་དུ་བསྐྱོད་པ]

ནངས་ཞོགས་སྔ་མོར། ནང་བའི་ཆོས་ཀྱི་སྲོལ་བཏོད་པ་པོ་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་ལུམ་བིའི་ཚལ་དུ་འགྲོ་ཆས་བསྒྲིགས། གཞན་གྱིས་ངོ་སྤྲོད་གནང་བ་ལྟར་ཁྲ་འགུ་དགོན་པའི་རླངས་འཁོར་ཞིག་གླས་པ་ཡིན་ལ། ཁ་ལོ་བ་ནི་བོད་རིགས་མིང་ལ་ཀརྨ་བསྟན་པ་ཞུ་ཞིང་། ཁོང་གི་ཕ་ལགས་གཙང་དིང་རི་དང་མ་ལགས་ཁམས་སྡེ་དགེ་ནས་ཡིན་འདུག སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ལ་ལམ་དུ་ཆས།

ལམ་ཁར་བལ་རྒྱལ་གྱི་ཕོ་བྲང་རྙིང་བ་མཁར་གྱང་དམར་བོ་ཅན་མིག་ལམ་དུ་མངོན། བལ་པོར་དམངས་གཙོའི་གསར་བརྗེ་མ་ལངས་གོང་། བལ་པོའི་རྒྱལ་པོ་འཁོར་དང་བཅས་པ་གནས་འདིར་བཞུགས་ཤིང་སྲིད་དོན་བསྐྱངས། ད་ལྟ་དམག་མིས་སྲུང་འདུག་ལ་མཁར་གྱང་གི་བར་བར་ཞིག་སྟེ་རལ་བར་སོངབའང་སྣང་། ཕོ་བྲང་གི་རྒྱལ་སྒོ་ལས་སྔོན་གྱི་བརྗིད་ཉམས་ཧ་ལམ་མཐོང་ཐུབ་པའི་སྣང་བ་སྟེར། བལ་རྒྱལ་གྱི་ཁྱིམ་མི་དག་རྒྱང་ཐག་མི་རིང་བའི་རི་བོ་ཞིག་ཏུ་གནས་བཅས་ཡོད་རབས་དང་། སྲིད་གཞུང་གིས་བཀོད་སྒྲིག་གཉོར་སྐྱོང་བྱེད་ཀྱིན་ཡོད་ཟེར།

བལ་པོ་ཧི་མ་ལ་ཡའི་རི་རྒྱུད་དུ་ཤར་ནུབ་བརྐྱངས་ནས་ཆགས་སྟབས། དེ་རིང་གི་འགྲུལ་བཞུད་ཀྱང་ཧ་ལམ་རི་ལམ་དེད་ནས་བསྐྱོད་དགོས་པ་དང་། ངྷེར་ཞོ་ལེ་ཟེར་བའི་ཆུ་རྒྱུད་ཅིག་གི་གཡོན་ངོས་གྲམ་ངོགས་དེད་ནས་ལྷོ་ཕྱོགས་སུ་བསྐྱོད་པ་ཡིན། གཙང་བོ་དེ་ངེད་ཅག་གི་འགྲོས་བཞིན་ཁ་ཕྱོགས་དེར་འབབ་པར་བྱེད་ལ། ཆུ་ཞེང་ཆེ་བ་ཞིག་རེད། ས་བབ་རིམ་གྱིས་དམའ་བར་འགྲོ་ཞིང་གཞུང་ལམ་གྲོང་ཁྱེར་ནང་ཁུལ་དང་བསྡུར་ན་ཅུང་ཟད་ཡག་པོར་མཐོང་། ལམ་གཡས་གཡོན་ཚང་མ་ནགས་རྫོབ་སྟུག་པོས་ཁྱབ་ཅིང་། མཚམས་རེར་ཤིང་ནགས་ཐར་ཐོར་གྱིས་ཁེབས་པའང་སྣང་།

ལམ་བར་བལ་པོའི་ཟ་ཁང་ཞིག་ཏུ་ངལ་གསོ་གུང་ཇར་རོལ། འབྲེལ་ཡོད་གནས་ཚུལ་སྐོར་ལ་རྒྱུས་ལོན་ཡང་རོབ་ཙམ་བྱས། མདུན་ཐད་གཙང་བོའི་ཕ་རོལ་རི་རྩེར་ཕྱི་རོལ་རོང་པའི་ལྷ་ཁང་ཆེན་པོ་ཞིག་མཆིས་ལ། དེར་གློག་སྐུད་སྟེང་བགྲོད་ནུས་པའི་དཔྱངས་སྒམ་སྤྲད་འདུག

རྒྱུས་ལོན་པ་ལྟར་ན། གནས་འདི་དང་ཐག་ཆེར་མི་རིང་བའི་སར་སློབ་དཔོན་པད་འབྱུང་དགུང་ལོ་བཅུ་གསུམ་པའི་སྐབས་གྱོན་པའི་ཞབས་ལྷམ་དང་སྟོད་འགག་ཀྱང་མཐོང་རྒྱུ་ཡོད་ཟེར་མོད། སྟབས་མ་འགྲིག་པས་མཇལ་སྐལ་མ་ལྡན། མ་གཞིར་ཡང་། བལ་ཡུལ་འདིར་སློབ་དཔོན་གྱི་ཤུལ་རྗེས་དང་ལྷ་ཁང་། སྐུ་འདྲ། མཚོན་རྟགས་སོགས་མང་དུ་མཐོང་རྒྱུ་འདུག

གྲོང་བརྡལ་ཆུང་ཆུང་ཞིག་ཏུ་ལམ་ཁེགས་ཡོད་པ་མཐོང་ཞིང་། ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྟེང་ད་གཟོད་འབྱེད་རྒྱུ་རེད་ཟེར་བས། རླངས་འཁོར་ལས་བུད་དེ་ཉུལ་ཙམ་གྱིས་ཉམས་རྒྱུས་བླངས་བ་དང་། རྐང་ཐང་ལ་ཆུ་ཚོད་སྐར་མ་ཉི་ཤུ་ཙམ་ལ་ཡོང་སྟེ་ངྷེར་ཞོ་ལེ་གཙང་བོའི་འགྲམ་དུ་ངལ་གསོས། བལ་པོའི་ཁོངས་ཀྱི་གཙང་བོར་རྐང་བ་དང་པོ་དེ་བཀྲུས་ཤིང་ཉ་བདའ་ཕོ་གསར་གཉིས་ཀྱི་བབ་ལའང་བལྟས། ཁོ་གཉིས་ནས་ཉ་གཅིག་ཙམ་ཟིན་འདུག་པར་བལ་སྒོར་ཆིག་སྟོང་གིས་བཙོང་རྒྱུ་ཟེར་མོད། ཉ་ཤ་ཟ་བཞིན་མེད་ཅེས་མ་ཉོས། ཆུ་ཚོད་གཉིས་ཡུན་ལ་ཉི་འོད་བསྲོས་ཤིང་ཆུ་འཛུལ་བྱས་ཏེ་བསྡད། ཧ་ཅང་ཁམས་དྭངས་པ་ཉམས་སྤྲོ་བའི་ས་ཆ་ཞིག་རེད། གཙང་བོའི་ཕར་ཁར་ར་མ་འགའ་རེ་མཐོང་གི་འདུག་ཅིང་། ལམ་སྐེད་མ་ཧེ་ཁྱུ་ཚོགས་ཀྱིས་འགྲོ་བ་མཐོང་། ལམ་ཁའི་ཁྱིམ་ཚང་ཞིག་ཏུ་ལོ་ན་ལྔ་བཅུ་ཡས་མས་ཀྱི་བཟའ་ཟླ་གཉིས་འདུག་ལ། ཚོང་ཁང་ངམ་ཟ་ཁང་གང་ཡིན་མི་ཤེས་པ་ཞིག་གཉེར་ནས་ཡུན་ཞིག་ལོན་འདུག དེར་སྐོམ་ཆུ་བཏུང་ཞིང་ཁ་བརྡ་རོབ་ཙམ་ཡང་བྱས། ཁོང་ཚང་གི་མདུན་ངོས་གཡོན་ལོགས་རི་རྩེར་ནང་བའི་མཆོད་རྟེན་ཞིག་བཞེངས་ཡོད་པ་གསལ་ལེར་མཐོང་། འཚོ་བ་ངན་ངོན་རེད་མོད་བག་ལྷོད་བདེ་འདོད་ཀྱིས་ཁྱིམ་སྐྱོང་བ་ཡིན་པས་ལུས་སེམས་ཞི་ལྷོད་ཅན་དུ་མཆིས། བལ་ཡུལ་གྱི་ཁྱིམ་ཚང་ཧ་ལམ་ཕལ་ཆེར་འདི་བཞིན་ཡིན་སྣང་སྟེ། འཚོ་ཐབས་ཆེད་ཤི་འཐབ་རོ་འཐབ་བྱེད་པ་མཐོང་རྒྱུ་མེད་པར། དེ་སྔའི་བོད་མི་ནང་བཞིན་བདེ་འདོད་བག་ལྷོད་ལ་སྤྲོ་བའི་རང་བཞིན་ཅན་ཞིག་ཏུ་སྣང་།

རི་ལམ་ཧྲིལ་བོ་གནད་ས་དག་ཏུ་བསྐྱར་གསོ་བདེ་བཏོད་བྱེད་བཞིན་པས། བདེ་མོའི་ཐང་ལ་ཐོན་རག་བར་དེ་འདྲའི་བདེ་བོ་ཞིག་མ་བྱུང་། ཐང་གཞོངས་ཆེན་པོར་བབས་མཚམས་བོ་ཁཱ་རཱ་ཞེས་གྲགས་པའི་བལ་པོའི་གྲོང་ཁྱེར་གཉིས་པ་དེར་ལྷགས། གྲོང་ཁྱེར་འདི་ཐང་གཞོངས་སུ་ཆགས་ཤིང་ཁོད་ཡངས་ལ་ཇུས་འགོད་ཀྱང་ཀ་ཋ་མན་ཋུ་ལས་ཡག་སྙམ་ཤར། ཡུལ་འདི་དེ་སྔ་གཙོ་བོ་ནེ་ཝར་མི་དང་གུ་རོང་མིའི་འདུས་སྡོད་ས་ཁུལ་ཡིན་པ་ལ། ཞིང་ལས་དར་ཞིང་དུས་རབས་སྔོན་མའི་ལོ་རབས་བདུན་བཅུ་བ་ནས་བཟུང་ལྗོངས་རྒྱུའི་གནས་གྲགས་ཅན་དུ་གྱུར་བར་བཤད། དེར་གཙང་བོ་བརྒལ་ཏེ་ཚུར་བཅད་ཅིང་ཡུན་རིང་བསྐྱོད་མཐར་རི་ལྡེབས་ཀྱི་གཞུང་ལམ་བརྒྱུད་ནས་ཐོན།

ལུམ་བིའི་ཚལ་དུ་གནས་སྡོད་ཁྲ་འགུ་དགོན་པར་དགོང་ཇ་རག་རྒྱུ་མེད་ཚུལ་ལབ་པར་བརྟེན། ང་ཚོས་དེ་དང་ཉེ་ལོགས་ཀྱི་གྲོང་བརྡལ་དུ་ཟ་མ་ཟོས་ཤིང་། དེ་ནས་དགོང་མོའི་ཆུ་ཚོད་བརྒྱད་པ་བརྒལ་མཚམས་དགོན་པར་བསླེབས་ཏེ་དགོན་པའི་མགྲོན་ཁང་དུ་ཞག་སྡོད་བྱས་པའོ། །
           2016.2.21   ལུམ་བིའི་ཚལ་དུ།