༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གི་སྐུའི་རྒྱུན་ཞབས་སྐུ་བཅར་སྤྱན་གསལ་ཐུབ་བསྟན་ཀུན་འཕེལ་ལགས་ནི་ཕྱི་ལོ་ ༡༩༠༥ ལོར་བོད་ཤིང་སྤྲུལ་ལོ་བོད་ལྗོངས་སྙེ་མོ་རྫོང་(尼木县)ཁོངས་གཞུ་བཀྲས་གཤོངས་ནུབ་ཀྱི་མི་ཁོངས་ཡ་མཁར་ཟེར་པའི་ཞིང་པའི་ཁྱིམ་དུ་སྐྱེས་ཤིང་། ཕའི་མིང་ལ་བཀྲ་ཤིས་དང་མའི་མིང་ལ་བསོད་ནམས་ལྷ་མོ་ཟེར། ཁོང་མའི་མངལ་དུ་ཆགས་ནས་ཟླ་བ་བཅུ་གཉིས་སོང་ཡང་འཁྲུངས་མ་ཐུབ་སྟབས་མ་བུའི་ཚེ་སྲོག་ལ་ཉེན་ཁ་མི་ཡོང་ཆེད་སྟག་སྣ་རྩིབ་བུ་རིན་པོ་ཆེར་གསོལ་འདེབས་ཐུགས་བརྟག་ཕུལ་བར་སྟག་སྣ་རིན་པོ་ཆེས་ཁྱེད་ཚོའི་བུ་བཙའ་རྒྱུ་དེ་བསོད་ནམས་ཆེ་བ་ཞིག་ཡིན་འདུག ཁྱིམ་གྱི་གེགས་བར་ཞི་ཆེད་ཞབས་རིམ་རྒྱ་ཆེ་བསྒྲུབ་རྒྱུ་དང་གཞན་ད་དུང་ཕྲུ་གུ་དེ་བུ་ཡིན་པས་དེར་བུ་མོའི་མིང་ཞིག་བཏགས་ན་མ་བུ་བདེ་གྲོལ་ཐོག་བར་ཆད་ཀྱང་སེལ་ཐུབ་ཅེས་མཚན་ལ་བདེ་ཆེན་ཆོས་སྒྲོན་ཞེས་འདོགས་པ་གནང་། ཁོང་ཆུང་དུས་སུ་མཚན་ལ་བདེ་ཆེན་ཆོས་སྒྲོན་རང་འབོད་ཀྱིན་འདུག ཁོང་བྱིས་པའི་དུས་སུ་སྤྱང་གྲུང་འཛོམས་ཤིང་ཕ་མར་བརྩི་བཀུར་ཆེ་བ། རྒྱུན་དུ་སྒོ་ཕྱུགས་དང་སེམས་ཅན་ལ་ཧ་ཅང་དགའ་པོ་ཡོད་པ་ཅན་ཞིག་ཡིན་ལ་དགུང་ལོ་ ༡༢ བར་ཁྱིམ་དུ་ལུག་རྫི་གནང་འདུག སྔར་སྲོལ་དེ་སྔའི་གཞུང་ས་ནས་ནོར་བུ་གླིང་དུ་(夏宫)༸ཏྰ་ལའི་བླ་མའི་ཡིག་འབྲི་དང་ལྡུམ་རའི་ཞབས་ཞུར་ལྷོ་ཁ་ཨེ་ཕྱོགས་(山南地区)དང་སྙེ་མོ་རྫོང་གི་ས་ཁུལ་ནས་བྱིས་པ་སྐྱེ་རུས་གཙང་ཞིང་སྤྱང་གྲུང་འཛོམས་པ་ཁག་ཅིག་ཨེ་ཕྲུག་དང་སྙེ་ཕྲུག་ཟེར་བ་སྐོར་བསྡུ་བྱེད་ཀྱི་ཡོད་པ་ལྟར་ཕྱི་ལོ་ ༡༩༡༦ བོད་མེ་འབྲུག་ལོར་ཁོང་སྙེ་ཕྲུག་གི་ཁོངས་གྲས་སུ་ཚུད་འདུག་ལ། སྐབས་དེར་ཁྱིམ་དུ་བུ་མོ་མ་གཏོགས་བུ་ཁོང་གཅིག་པུ་ལས་མེད་སྟབས་དགོངས་འཁྲོལ་ཡོང་བའི་ཐབས་ཤེས་ཞུ་ཕྱོགས་སྣ་ཚོགས་བྱས་ཀྱང་ཁྱིམ་གྱི་ཁྲལ་རྐང་ཕྱེད་དང་བརྒྱད་ཆ་གཅིག་པོ་དེར་ཁྲལ་ཆག་བྱུང་བ་ཙམ་ལས་སྙེ་ཕྲུག་ཁོངས་འགྲོ་མི་དགོས་པའི་དོན་སྨིན་མ་སོན་པར་བརྟེན་ལོ་དེར་ཁོང་ནོར་བུ་གླིང་དུ་གཏོང་དགོས་བྱུང་འདུག དེ་ནས་ལོ་ལྔ་ཙམ་གྱི་རིང་ནོར་གླིང་དུ་སྙེ་ཕྲུག་སྤྱི་དང་འདྲ་བར་བོད་ཡིག་གི་དབུ་ཅན་སློབ་སྦྱོང་གནང་སྟེ་བཞུགས་རིང་གཅིག་ནས་དགེ་རྒན་ནན་ཞིང་སྒྲིག་ལམ་དམ་པ་དང་། གཉིས་ནས་འཚོ་བའི་ཐད་གཞུང་གི་ལྟོ་ཕོགས་ཕྲན་བུ་དེས་འཚོ་ཐབས་བྲལ་གཤིས་ཟླ་རེ་ལོ་རེ་བཞིན་ཁྱིམ་ཚང་སོ་སོས་འཚོ་སྣོན་སྐྱེལ་དགོས་པའི་དཀའ་ངལ་དང་། ལྷག་པར་༸གོང་ས་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་ཐུགས་ཧ་ཅང་སྒམ་ཞིང་དགོངས་གཞི་དང་མི་མཐུན་པ་བྱུང་ན་ཕྱག་འཇུག་ཀྱང་གནང་གི་ཡོད་པ་དེ་མིན་ཕ་མ་དྲན་ཆེ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་སྐབས་དེར་ཁོང་ནོར་བུ་གླིང་དུ་སྡོད་འདོད་རྩ་བ་ནས་མེད་པའི་གནས་ཚུལ་བྱུང་འདུག ཐེངས་གཅིག་ནོར་གླིང་ཆིབས་རའི་ནང་ཆིབས་གཡོག་ཁ་ཤས་ཤོ་རྒྱག་གི་ཡོད་འདུག་པ་དེར་ཁོང་དང་སྙེ་ཕྲུག་ཁ་ཤས་ཅུང་ཟད་བལྟས་ནས་སྡོད་སྐབས་༸ཏྰ་ལའི་བླ་མ་མཆོག་གློ་བུར་དུ་ཕེབས་ཏེ་དེར་ཡོད་སྙེ་ཕྲུག་ཚོར་ཁྱོད་ཚོ་སློབ་སྦྱོང་བྱེད་སར་མ་བསྡད་པར་ཤོ་རྒྱག་སར་གང་བྱུང་འགྲོ་བསྐྱོད་བྱེད་པ་འོས་མིན་རེད་ཅེས་བཀའ་བཀྱོན་ཚད་མེད་གནང་བ་དང་སྦྲགས་ཕྱག་འཇུག་ཀྱང་གནང་བ་མ་ཟད། ད་དུང་སང་ཉིན་རྟ་ལྕག་གཞུ་གི་ཡིན་གསུངས་པ་དེའི་འཇིགས་སྐྲག་མ་བཟོད་པར་ཉིན་དེའི་དགོང་མོར་ཁོང་དང་སྙེ་ཕྲུག་གཞན་གཅིག་མཉམ་དུ་ཕ་མའི་སར་འགྲོ་རྒྱུའི་གྲོས་བྱས་ཏེ་སང་ཉིན་ཆུ་ཤུར་བརྒྱུད་བྲོས་བྱོལ་དུ་འགྲོ་སྐབས་གནམ་ཟེར་བའི་ས་གནས་ཀྱི་ལམ་ཕྲེང་དེར་སླེབས་པ་དང་སྟབས་མཚུངས་ནོར་གླིང་ནས་ཆིབས་གཡོག་ཁ་ཤས་རྗེས་འདེད་འཛིན་བཟུང་དུ་བཏང་བ་ཚོ་དང་ཏག་ཏག་ཕྲེང་དེར་འཕྲད་པས་བྱ་ཐབས་ཟད་དེ་ཁོང་ཆུ་ལ་མཆོངས་འདུག་ཀྱང་ཁོ་ཚོས་ཆུ་ནང་ནས་བཏོན་ཏེ་ནོར་གླིང་དུ་འཁྲིད་སྐབས་ཁོང་གི་བསམ་བློར་ད་རེས་ཉེས་ཆད་དྲག་པོ་གཏོང་གི་རེད་སྙམ་པའི་སེམས་ངལ་བྱུང་འདུག འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ནོར་གླིང་དུ་སླེབས་རྗེས་༸ཏྰ་ལའི་བླ་མ་མཆོག་ནས་ཁོང་ལ་སྨན་བཅོས་དང་། འཚོ་བར་ལྟ་རྟོག་བྱེད་མཁན་མི་ཆེད་འཛུགས་སོགས་བྱམས་སྐྱོང་ཚད་མེད་གནང་བར་མ་ཟད། ༸སྐུ་དངོས་སུ་གཟིགས་ཞིབ་དང་སྦྲགས་སླད་ཕྱིའི་གང་ཅིའི་ཐད་ཡག་པོ་བྱེད་དགོས་པའི་བཀའ་སློབ་ཡང་ཡང་གནང་འདུག དེ་ནས་བཟུང་ཁོང་གིས་༸ཏྰ་ལའི་བླ་མར་དད་གུས་ཡིད་ཆེས་ཚད་མེད་བྱས་ཏེ་སློབ་སྦྱོང་བྱེད་རྒྱུས་མཚོན་གང་ཅིར་ཧུར་བརྩོན་བྱས་པར་༸ཏྰ་ལའི་བླ་མ་ནས་ཀྱང་ཕྲུ་གུ་དེ་གྲུང་པོ་འདུག་གསུངས་ནས་ཞབས་བསྐོར་དུ་འཁྲིད་པ་དང་གཟིམ་ཆུང་གི་ལྡུམ་རའི་མེ་ཏོག་ཞབས་ཕྱི་ཞུ་རྒྱུ་སོགས་ཕྱག་ལས་ཙག་ཙིར་བསྐུལ་བ་སོགས་སྙེ་ཕྲུག་གཞན་དང་མི་འདྲ་བའི་གཟིགས་སྐྱོང་ཆེན་པོ་གནང་བ་དང་། ཁོང་ནས་ཀྱང་ལྷག་བསམ་རྣམ་དག་གིས་༸ཏྰ་ལའི་བླ་མའི་ཞབས་ཕྱིར་ཧུར་བརྩོན་ཞུས། དེ་བར་ཁོང་སྐྱ་བོ་ཡིན་ཀྱང་ཕྱི་ལོ་ ༡༩༢༡ བོད་ལྕགས་བྱ་ལོ་ཙམ་ལ་༸ཏྰ་ལའི་བླ་མའི་སྐུ་བཅར་ངོ་མར་གྱུར་པ་དང་དུས་མཚུངས་༸ཏྰ་ལའི་བླ་མ་མཆོག་གི་བཀའ་འབྲེལ་སེར་བྱེས་གྲྭ་ཚང་དུ་གྲྭ་པའི་སྒྲིག་ཁོངས་སུ་ཞུགས་སྐབས་ཐུབ་བསྟན་ཀུན་འཕེལ་ཟེར་བའི་མིང་ཡང་འདོགས་པ་གནང་། དེ་ནས་སྐུ་བཅར་གྱིས་ཞབས་ཞུ་ལོ་བཞི་ལྔ་ཙམ་ཞུས་རིང་གང་ཅིར་ཞབས་ཞུ་འཐུས་ཚང་བྱུང་སྟབས་སྔར་ལས་གཟིགས་སྐྱོང་ཆེ་རུ་ཕྱིན་ཏེ་༸ཏྰ་ལའི་བླ་མ་མཆོག་ནས་སྲིད་གཞུང་གི་ལས་དོན་ལའང་འགན་འཁུར་དགོས་པའི་བཀའ་མངགས་གནང་བར་སྐབས་བབས་སྐུ་བཅར་གྱི་ཞབས་ཞུ་བཀའ་དྲིན་སྙིང་བཅངས་ཀྱིས་ཞུས་ཆོག་པ་ལས་སྲིད་གཞུང་གི་ཞི་དྲག་ལས་དོན་ཐོག་ཐེ་ཇུས་བྱེད་མི་དགོས་པའི་དགོངས་ཞུ་ཞུས་པར། ༸ཏྰ་ལའི་བླ་མ་མཆོག་ནས་ཁྱོད་རང་གིས་ང་ལ་ལྷག་བསམ་རྣམ་དག་བྱེད་བསམ་ན་སྲིད་གཞུང་གི་ལས་དོན་ཁག་ལའང་བློ་ཁོག་ཆེན་པོས་འགན་འཁུར་དགོས་པའི་བཀའ་ནན་པོ་ཕེབས་པ་ལྟར་ལོ་བརྒྱད་ཙམ་རིང་༸ཏྰ་ལའི་བླ་མའི་སྐུ་བཅར་གྱི་ཞབས་ཞུ་ཞུས། དུས་དེར་ཁོང་ནི་བོད་ཀྱི་ལྗོངས་སུ་མིང་གྲགས་དང་དབང་ཤུགས་ཧ་ཅང་ཆེན་པོ་ཡོད་པ་དཔེར་ན། སྔར་སྲོལ་༸ཏྰ་ལའི་བླ་མའང་སྲིད་སྐྱོང་(摄政)ནས་གཞུང་(原噶厦政府)གི་སྲིད་འཛིན་ལས་ཁུངས་མཐོ་ཤོས་བཀའ་ཤག་ལ་དམིགས་བསལ་བཀའ་བརྩད་གནང་དགོས་བྱུང་དུས་རྩེ་མཁན་མགྲོན་ཆེ་བ་བཀའ་ཤག་ཏུ་ཆེད་མངགས་གཏོང་གནང་སྐབས་སྔོན་ལ་བཀའ་ཤག་མགྲོན་དྲུང་ནས་སྙན་སེང་དང་འབྲེལ་བཀའ་བློན་(司政或噶伦)ཚོའི་མདུན་དུ་བཞུགས་གདན་སྒྲོན་རྒྱག་གིས་བཀའ་བརྒྱུད་སྤྲོད་གནང་སྲོལ་ཡོད། ཁོང་༸ཏྰ་ལའི་བླ་མས་བཀའ་ཤག་(噶厦)ཏུ་དགོངས་སྐོར་བཀའ་བསྡུར་དུ་གཏོང་གནང་སྐབས་མགྲོན་དྲུང་བརྒྱུད་སྙན་གསེང་ཞུ་མ་དགོས་པར་ཐད་ཀར་བཅར་རྐྱང་ཐོག་མགྲོན་ཆེའི་གདན་ཐོབ་ལྟར་གདན་སྒྲོན་རྒྱག་པ་མ་ཟད། བཀའ་བློན་རྣམ་པས་ཀྱང་ཧ་ཅང་ཞེད་སྣང་དང་གུས་ཞབས་ཀྱི་རྣམ་པ་སྟོན་གྱི་ཡོད་འདུག ཡང་སྐབས་དེར་༸ཏྰ་ལའི་བླ་མའི་ཆེད་ནང་འདྲེན་བྱས་པའི་ཕྱི་རྒྱལ་གྱི་ཨོ་སོ་ཊོན་རྟགས་ཅན་གྱི་མོ་ཊ་ཆུང་བ་གཉིས་ཡོད་པ་དེ་ནི་བོད་དུ་མོ་ཊ་འབྱོར་བ་ཐོག་མ་དེ་ཡིན་ཞིང་། མོ་ཊ་གཅིག་གི་ནང་༸ཏྰ་ལའི་བླ་མ་དང་། མོ་ཊ་གཅིག་གི་ནང་ཁོངས་བཞུགས་ཀྱི་ཡོད་ལ་ཡང་སྐབས་དེར་༸ཏྰ་ལའི་བླ་མ་མཆོག་གི་རླངས་འཁོར་ནང་ལྷན་དུ་བཅར་གྱི་ཡོད། དུས་རྒྱུན་སྲིད་གཞུང་གི་ལས་ཁུངས་སམ་ལས་གྲྭ་སོགས་ཕྱི་ལ་འགྲོ་སྐབས་མི་ཚོས་སྐུ་བཅར་ཕེབས་ཀྱི་འདུག་ཟེར་སྙན་གྲགས་ཆེ་བས་ལྟ་འདོད་བྱེད་ལ་དབང་ཤུགས་ཆེ་བས་ལེ་ཐོག་འདྲ་མི་ཡོང་ངམ་བསམ་ནས་ཞེད་སྣང་ཡང་བྱེད་ཀྱི་རེད། ༸ཏྰ་ལའི་བླ་མའི་སྐུ་བཅར་ཡིན་པ་དང་རྗེས་སུ་༸ཏྰ་ལའི་བླ་མའི་གདན་ཐོབ་བཅས་སྙན་གྲགས་དང་དབང་ཤུགས་དེ་ལྟར་ཡོད་རུང་གྱོན་ཆས་གཙོ་བོ་སྣམ་བུ་ཤད་མ་དང་། ཡང་ན་འགོ་སྣམ། ཡང་ན་སྣམ་བུ་སྤུ་ཕྲུག་གང་རུང་ཚོས་གཞི་དམར་པོའམ་རྒྱ་སྨུག་གི་ཕྱུ་ཆེན་རྐུབ་སུལ་བསྡུ་བ་སོགས་སྤྱིར་བཏང་གི་གྱོན་ཆས་ཞིག་རང་རེད། དུས་རྒྱུན་མི་དྲག་ཞན་མཐོ་དམན་ཚང་མར་བསྟུན་མཁས་དང་ཆེ་འདྲིས་ཆུང་འདྲིས་བྱེད་པ་ལས་ཆེ་ཉམས་བྱེད་ཀྱི་མེད། ད་དུང་རྒྱུན་དུ་༸ཏྰ་ལའི་བླ་མར་སྲིད་གཞུང་གི་འཆར་ཅན་ཞི་དྲག་གི་ཕྱག་ལས་གནང་སྒོ་གང་སར་གཞོགས་འདེགས་ཞུ་གི་ཡོད་པ་ཕུད། ༸ཏྰ་ལའི་བླ་མའི་བཀའ་དགོངས་ལྟར་ཁོང་གི་ཐད་ཀའི་འགོ་འདོམས་འོག་ཕོ་བྲང་པོ་ཏྰ་ལའི་ཤར་བརྒྱུད་ཉམས་གསོ་དང་། ནོར་གླིང་ལྕགས་རི་གསར་སྐྲུན། དོག་བདེ་གློག་ཁང་གསར་སྐྲུན། ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་ཆུ་དེ་དཀའ་ངལ་ཧ་ཅང་ཆེ་བས་རང་འབབ་ཆུ་འདྲེན་ལྕགས་གདོང་འཛུགས་རྒྱུའི་འཆར་འགོད་དང་རྒྱུ་ཆ་གྲ་སྒྲིག་ཟིན་ཡང་འཛུགས་ཐབས་མི་འདུག དེས་མ་ཚད་གྲྭ་བཞིའི་གློག་འཕྲུལ་ཁང་གསར་བསྐྲུན་གྱིས་དེར་བོད་དངུལ་པར་འདེབས་དང་གོ་མཚོན་བཟོ་བཅོས་སོགས་བོད་དུ་གློག་ཤུགས་དང་འཕྲུལ་ཆས་ཅན་གྱི་བཟོ་གྲྭ་ཨང་དང་པོ་དེ་གསར་བསྐྲུན་ཐུབ་པར་བརྟེན་ཏྰ་ལའི་བླ་མ་མཆོག་ནས་ཀྱང་དགྱེས་པ་ཆེན་པོས་ལས་ཁུངས་ལེགས་བསྒྲུབས་ཀྱི་མཛད་སྒོར་༸ཏྰ་ལའི་བླ་མ་སྐུ་ངོ་ཕེབས་ཀྱིས་ཛ་སག་ཚ་རོང་ཟླ་བཟང་དགྲ་འདུལ་དང་། ཁོང་གཉིས་ལ་གྲྭ་བཞི་གློག་འཕྲུལ་ཁང་གི་འགོ་འཛིན་དོ་དམ་པ་བསྐོ་བཞག་དང་འབྲེལ་ལམ་ཐམ་གྲུ་བཞི་གླིང་གསུམ་པ་དང་རྟགས་ཐམ་བཅས་སྩལ། ༸གོང་ས་བཅུ་གསུམ་པ་མཆོག་གིས་ཀྱང་ལས་ཁུངས་དེར་གྲྭ་བཞི་གློག་འཕྲུལ་ཁང་ངོ་མཚར་མཐའ་ཀླས་རིག་འཕྲུལ་གཏེར་མཛོད་ལས་ཁུངས་ཞེས་མིང་འདོགས་པ་གནང་། ལས་ཁུངས་དེའི་འགྲམ་དུ་གཞུང་སའི་གྲོང་དྲག་དམག་སྒར་གསར་འཛུགས་ཀྱིས་དམག་མི་བསྡུ་རྒྱུ་དང་དམག་སྒར་གྱི་སྒྲིག་གཞི་གསར་འཛུགས་བྱེད་རྒྱུ་ཚང་མ་བྱས་པ་རེད། ༸ཏྰ་ལའི་བླ་མའི་དབྱར་ཁའི་བཞུགས་ཡུལ་ནོར་བུ་གླིང་ཀ་འདི་བཞིན་༸ཏྰ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་སྐབས་ནས་གསར་བསྐྲུན་གྱི་རིམ་བཞིན་འཕེལ་རྒྱས་བྱུང་ཡོད་ཀྱང་ཁོང་གིས་སྔར་ཡོད་དེ་ཚོར་ཉམས་གསོ་དང་ལྷག་པར་སྤྱན་བསལ་ཕོ་བྲང་གཟིམས་ཆུང་ལེ་ལག་དང་བཅས་པ་རྒྱ་ཆེ་བཟོ་བཀོད་ལེགས་པ་བཅས་༸ཏྰ་ལའི་བླ་མ་མཆོག་གི་དགོངས་གཞི་དང་མཐུན་པ་གསར་སྐྲུན་གྱིས་འགན་ཁུར་བར་བརྟེན་ཕོ་བྲང་ལེགས་བསྒྲུབས་དགའ་སྟོན་མཛད་སྒོའི་ཉིན་༸ཏྰ་ལའི་བླ་མ་མཆོག་གིས་རྩེ་སྐོར་༸ཏྰ་བླ་མའི་གདན་ཐོབ་གནང་བ་དང་། ཁོང་གིས་༸ཏྰ་ལའི་བླ་མ་ཕོ་བྲང་གི་དགའ་སྟོན་དང་གསར་མཇལ་ཆབས་ཅིག་མཎྚལ་རྟེན་གསུམ་བཏེགས་འབུལ་ཞུས། དེ་ནས་བཟུང་ཁོང་སྲིད་གཞུང་གི་༸ཏྰ་ལའི་བླ་མའི་དགོངས་གཞི་དང་མཐུན་པའི་སྐུ་བཅར་གྱི་ཞབས་ཞུ་སྤྱི་དང་། ལྷག་པར་ནོར་གླིང་སྤྱན་བསལ་ཕོ་བྲང་སོགས་འཛུགས་སྐྲུན་ཁག་ལམ་ལྷོང་ལེགས་བསྒྲུབ་བྱུང་བ་བཅས་ལ་བརྟེན་༸ཏྰ་ལའི་བླ་མ་མཆོག་གིས་ཀྱང་ཁོང་ལ་ཐུགས་བརྩེ་དང་གཟིགས་སྐྱོང་ཧ་ཅང་ཆེན་པོ་གནང་གི་ཡོད་པ་དཔེར་ན། ཐེངས་གཅིག་ཁོང་གི་ཨ་མར་ཐུག་ཙམ་བྱེད་པར་འགྲོ་རྒྱུའི་དགོངས་ཞུ་ཕུལ་བར་ཉིན་གསུམ་ལས་དགོངས་པ་མ་གནང་བར་ཉིན་གསུམ་སོང་མཚམས་ཨ་དྲུང་རྟ་ཤད་ཆེད་མངགས་བསུ་བར་བཏང་གནང་འདུག་པ་མ་ཟད། དགོང་དྲོར་༸གོང་ས་མཆོག་སྐུ་དངོས་སུ་ནོར་གླིང་བྱང་སྒོའི་འགྲམ་གཟིགས་པར་ཕེབས་འདུག་པ་དེ་ནི་ཁོང་སྐུ་བཅར་ལོ་བཅུ་ལྷག་ཙམ་བྱེད་རིང་དགོངས་ཞུ་གནང་བ་ཐེངས་གཅིག་པུ་དེ་རང་ཡིན། དེ་བཞིན་ཁོང་ལ་སྲིད་གཞུང་ནང་གི་སྐུ་དྲག་དང་། མང་ཚོགས་ཁྲོད་དུའང་དགའ་པོ་བྱེད་མཁན་ཡང་མང་པོ་ཡོད། འོན་ཀྱང་སྐུ་བཅར་བྱེད་རིང་སྲིད་གཞུང་ནང་གི་དཔོན་རིགས་ཁག་གཅིག་གི་ཁེ་ཕན་ལ་དོ་ཕོག་བྱུང་བའམ་ཡང་ན་དབང་ཤུགས་འགྲན་རྩོད་ལྟ་བུས་མི་དགའ་བ་ཆེན་པོ་ཡོད་སྟབས་༸ཏྰ་ལའི་བླ་མ་དགོངས་པ་རྫོགས་མ་ཐག་ལེ་བཏགས་ཀྱིས་ཁོང་དང་ནང་མི་རྒྱུད་བཅས་ལ་ཆག་སྒོ་བྱུང་བ་རེད།

དོན་གནད་འདིའི་འབྱུང་རྩ་ནི་དང་ཐོག་ཕྱི་ལོ་ ༡༩༣༣ བོད་ཆུ་བྱ་ལོའི་ཟླ་ ༡༠ པའི་ཚེས་ ༢༢ ཉིན་ནས་༸ཏྰ་ལའི་བླ་མར་མགུལ་ཆམ་ལྟ་བུའི་སྙུན་གཞི་ཕོག་པ་དེ་ཚེས་ ༢༨ ཙམ་ནས་ཇེ་སྡུག་ཏུ་སོང་བར་གནས་ཆུང་སྐུ་གསོལ་བཀའ་ལུང་དགོངས་དོན་ལྟར་སྐབས་དེའི་བླ་སྨན་པ་བྱམས་པ་ལགས་དང་ཁོང་རང་བཅས་ཀྱིས་གསོལ་སྨན་ཕུལ་ཡང་དྲག་བསྐྱེད་མེད་པར་གློ་བུར་ཟླ་ ༡༠ པའི་ཚེས་ ༣༠ ཉིན་དགོངས་པ་རྫོགས། དེ་འཕྲལ་བོད་ལྗོངས་ཚོགས་འདུ་ཧྲག་བསྡུས་རྒྱས་པ་བསྐོང་ཚོགས་ཀྱི་ཁོང་དང་། བླ་སྨན་པ་བྱམས་པ་ལགས། གནས་ཆུང་སྐུ་རྟེན་བློ་བཟང་བསོད་ནམས་བཅས་ལ་བོད་ལྗོངས་ཚོགས་འདུའི་ཞུ་བ་བླངས་པར་སྐབས་དེར་ཁོང་གི་བསམ་བློར་ད་རེས་ཚོགས་འདུས་ནག་མེད་ཉེས་འགེལ་གྱིས་སྐབས་བསྟུན་བཟོ་ལྟ་སྤྲོད་བཟོ་ཆེ་བས་དེ་ལས་མེ་མདའ་གྲ་སྒྲིག་གིས་རང་མེད་མི་མེད་ཞིག་བྱེད་རྒྱུའི་སེམས་ཐག་བཅད་འདུག་ཀྱང་། དེའི་སྐོར་ཁོང་གི་རྩ་བའི་བླ་མ་ཡོངས་འཛིན་ཕུར་ལྕོག་སྤྲུལ་སྐུ་བྱམས་པ་ཐུབ་བསྟན་ཚུལ་ཁྲིམས་མཆོག་གིས་དེ་ལྟར་གཏན་ནས་བྱེད་རྒྱུ་མེད་ཅིང་ཁྱེད་ནས་རྒྱལ་བ་རིན་པོ་ཆེར་ཞབས་འདེགས་ལྷག་བསམ་རྣམ་དག་ཞུས་ཡོད་གཤིས་སྡུག་པ་ཡོང་གི་མ་རེད། ལུས་ཐོག་གི་ཚུལ་ཁྲིམས་གཅོད་རིགས་མི་ཡོང་བའི་ཐབས་ཤེས་ཞུ་ཕྱོགས་ཁོང་ཉིད་ཀྱིས་གནང་རྒྱུའི་ཞལ་བཞེས་དམ་བཅའ་གནང་འདུག དེ་ནས་མི་རིང་བར་ཁོང་རྩེ་ཤར་ཆེན་ལྕོག་ཏུ་བཙོན་འཇུག་བྱེད་སྐབས་ཕུར་ལྕོག་རིན་པོ་ཆེ་དང་སེ་རའི་འཐུས་མི་བཅས་ཀྱིས་ཁོང་ལ་ཉེན་ཁ་མི་ཡོང་ཆེད་བོར་བརླག་མེད་པའི་འགན་ལེན་དང་སྦྲགས་སྲུང་བྱར་སེར་བྱེས་གྲྭ་པ་ཉི་ཤུ་རྩ་ལྔ་བཞག་འདུག སྐབས་དེར་ཚོགས་འདུས་ཞུ་བ་རིམ་པ་བླངས་པའི་རྡོ་དོན་དུ་ཁྱོད་ནས་ཏྰ་ལའི་བླ་མ་བསྙུན་གཞིའི་སྐོར་སྐབས་མཚམས་བཀའ་ཤག་ལ་སྙན་སེང་མེད་པ་དང་། བླ་སྨན་བྱམས་པ་ལགས་དང་། གནས་ཆུང་སྐུ་རྟེན་བློ་བཟང་བསོད་ནམས་བཅས་དང་ངན་འབྲེལ་གྱིས་སྨན་ལོག་ཕུལ་པ་ལྟ་བུའི་ཉེས་འགན་ཆེན་པོ་གཡོག་རྩིས་བྱེད་པ་སྐབས་དེར་ཁོང་གིས་ཚོགས་འདུར་གསོལ་སྨན་འབུལ་ཕྱོགས་སྐོར་གནས་ཆུང་ཆོས་སྐྱོང་གི་བཀའ་ལུང་ལྟར་ཕུལ་བ་ལས་རང་གཞན་སུ་ཐད་ནས་རང་མཚམས་གང་བྱུང་གསོལ་སྨན་ཕུལ་རིགས་མེད་ངེས་དང་། སྙུན་གཞི་ཕོག་རྗེས་འགན་བློས་བཟོད་མིན་གྱིས་བཀའ་ཤག་ཏུ་སྙན་སེང་ཞུ་རྩིས་ཐེངས་མང་བྱས་ཀྱང་༸ཏྰ་ལའི་བླ་མ་ངོ་མས་བཀའ་ཤག་ལ་སྙན་སེང་རིགས་གཏན་ནས་བྱེད་མི་དགོས། སྐུ་དྲག་དེ་ཚོ་ཡོང་ནས་བརྟན་བཞུགས་འབུལ་བ་སོགས་ཟང་ཟིང་བྱེད་རྒྱུར་ངའི་རླུང་ལ་གནོད་པ་ལས་ཕན་པ་ཡོང་གི་མ་རེད་ཅེས་ཕེབས་པའི་བཀའ་དོན་ལྟར་སྙན་གསེང་མ་ཞུས་མུར་གློ་བུར་ཚེས་ ༣༠ ཉིན་དགོངས་པ་རྫོགས་ཚུལ་དང་ཁོང་གིས་༸ཏྰ་ལའི་བླ་མ་འཚོ་བཞུགས་སྐབས་སྐུའི་ཞབས་ཞུར་ལྷག་བསམ་ཟོལ་མེད་ཞུས་ལུགས་བཅས་བཤད་འདུག་ཀྱང་ཚོགས་འདུའི་ཐོག་མི་ཁག་གཅིག་གིས་སྐབས་དང་བསྟུན་ནས་ནག་མེད་ཉེས་འགེལ་དང་ཐ་ན་ལུས་ཐོག་གི་ཁྲིམས་གཅོད་བཀའ་དཔྱད་གཏོང་དགོས་པའི་གྲོས་འགོ་བཏོན་མཁན་ཡང་བྱུང་འདུག དེ་དང་དུས་མཚུངས་ཁོང་གི་ཕ་བཀྲ་ཤིས་ཀྱང་འཛིན་བཟུང་གིས་ལྷ་ས་སྣང་རྩེ་ཤག་ཏུ་བཙོན་འཇུག་བྱས། ཡང་ཚོགས་འདུའི་ནང་མཁན་དྲུང་བཀྲ་ཤིས་གླིང་པ་མཁྱེན་རབ་དབང་ཕྱུག་གིས་གཙོས་པའི་མི་ཁག་གཅིག་གིས་ཁོང་གིས་དེ་སྔ་༸ཏྰ་ལའི་བླ་མར་ལྷག་བསམ་རྣམ་དག་གི་ཞབས་ཞུ་བྱས་ཡོད་པས་ད་ཆ་ཏྰ་ལའི་བླ་མ་དགོངས་པ་རྫོགས་མ་ཐག་ཐབས་སྡུག་དེ་འདྲ་བྱས་ན་གནས་ཚུལ་དེ་གང་འདྲ་ཞིག་ཡོང་གི་རེད་དམ་ཟེར་ནས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཕྱོགས་ཁག་ཞིག་ཀྱང་ཐོན། འོན་ཀྱང་མཐར་ཚོགས་འདུའི་སྟེང་༸ཏྰ་ལའི་བླ་མའི་བསྙུན་གཞིའི་སྐོར་སྐབས་འཕྲལ་བཀའ་ཤག་ལ་སྙན་སེང་མེད་པར་རྗེས་སུ་སྨན་ལོག་ཕུལ་བའི་ནག་མེད་ཉེས་འགེལ་གྱིས་ཀོང་པོ་རྩེ་ལ་སྒང་རྫོང་(工布地区)དུ་རྒྱང་འབུད་དང་། ཕ་བཀྲ་ཤིས་སྙེ་མོ་རྫོང་ལ་རྩིས་སྤྲོད་ཐོག་ནང་མི་ཁྱིམ་རྒྱུད་དང་བཅས་པའི་མཁར་དབང་གཞུང་གཞེས་བྱེད་རྒྱུའི་བཀའ་དཔྱད་བཏང་བ་དང་། འབྲེལ་ཡོད་བླ་སྨན་པ་བྱམས་པ་ལགས་མཁར་དབང་གཞུང་བཞེས་ཐོག་དྭགས་པོ་རྒྱ་ཚ་རྫོང་(加查县)དུ་རྒྱང་འབུད། གནས་ཆུང་སྐུ་རྟེན་བློ་བཟང་བསོད་ནམས་འབྲས་སྤུངས་བློ་གླིང་གྲྭ་ཚང་ལ་རྩིས་སྤྲོད་ཀྱིས་བཀའ་བཏང་བ་ལྟར་ལོ་དེའི་ཟླ་ ༡༢ པའི་ཚེས་ ༢༩ ཉིན་ཁོང་རྩེ་ཤར་ཆེན་ལྕོག་གི་བཙོན་ཁང་ནས་བཏོན་ཏེ་སྐྱ་སེར་གཉིས་དང་བོད་དམག་བཅུའི་ལྟ་སྲུང་འོག་ལྷ་སའི་ཁྲོམ་གཞུང་བརྒྱུད་ཇུས་བདེ་གླིང་གི་བྱང་ངོས་ནས་ཁྲིད་ཡོང་བ་དང་ཁོང་གི་ཕ་བཀྲ་ཤིས་ལྷ་སའི་སྣང་རྩེ་ཤག་གི་བཙོན་ཁང་ནས་བཏོན་ཏེ་ཞོལ་དྲུང་གཅིག་གི་ལྟ་སྲུང་འོག་ཇུས་བདེ་གླིང་གི་ལྷོ་ངོས་ནས་ཁྲིད་དེ་དེའི་ཉིན་ཕ་བུ་དུས་གཅིག་ཏུ་ལྷ་ས་ནས་ཁུངས་སོ་སོར་རྒྱང་འབུད་དུ་བཏང་བ་སྐབས་དེར་ཁོང་གཉིས་རྒྱང་ནས་མཐོང་བ་ཙམ་ལས་ཐུག་འཕྲད་བྱེད་མི་འཇུག་པ་སོགས་མི་རྣམས་ཡ་ང་བའི་གནས་ཚུལ་ཞིག་བྱུང་འདུག དུས་མཚུངས་ཁོང་གི་ནོར་གླིང་ལས་ཤག་དང་། ལྷ་ས་ཕོ་བྲང་གསར་པ། སྟོད་ལུང་ལྕགས་རུ་གཞིས་ཀ་སོགས་ཀྱི་མཁར་དབང་ཡོངས་རྫོགས་གཞུང་བཞེས་ཐོག་སྙེ་མོ་གཞུ་ཡ་མཁར་གྱི་ཁྱིམ་ཚང་། སྙེ་མོ་རྒྱལ་བྱེད་དགོན་པར་སྤུན་མཆེད་གྲྭ་པའི་ཤག་དང་། ཁ་རག་སྒོམ་ཆུང་རི་ཁྲོད་དུ་ཡོད་པའི་སྤུན་མཆེད་ཨ་ཎིའི་ཤག ལྷ་སར་སྤུན་མཆེད་གཉེར་ཆུང་ངག་དབང་གི་ཁྱིམ་ཚང་བཅས་ཀྱི་མཁར་དབང་ཡོངས་རྫོགས་གཞུང་བཞེས་མེད་པར་བཏང་བར་བརྟེན་ཁོང་གི་སྤུན་ཉེ་འབྲེལ་ཡོད་ཡོངས་རྫོགས་ཐག་ཞོར་འབྲེང་དྲུད་ཀྱིས་དཀའ་སྡུག་ཚད་མེད་མྱོང་དགོས་བྱུང་འདུག

ཀོང་པོ་རྩེ་ལ་སྒང་རྫོང་དུ་ཕེབས་རྗེས་ཆབ་ནག་དགོན་པར་རྩིས་སྤྲོད་ཀྱིས་དེར་ལོ་གསུམ་ཙམ་བཞུགས་རིང་ཁོང་དེ་སྔ་༸ཏྰ་ལའི་བླ་མའི་སྐུ་བཅར་མཛད་སྐབས་ཀྱི་སྙན་གྲགས་དང་མཛད་རྗེས་ལ་བརྟེན་དེ་གའི་མང་ཚོགས་ཁག་གཅིག་ནས་དགའ་ཞེན་བརྩི་བཀུར་དང་ལྐོག་ཏུ་རོགས་རམ་ཡང་ཞུས་སྟབས་འཚོ་བའི་ཐོག་སྐུ་ངལ་ཆེ་རིགས་བྱུང་མི་འདུག ལོ་གཅིག་ཙམ་བྱུང་རྗེས་ལྕང་ལོ་ཅན་གུང་བསོད་ནམས་རྒྱལ་པོ་ལུང་ཤར་དོན་རྐྱེན་ཟེར་པའི་ཚོགས་པ་དེའི་འབྲེལ་ཡོད་མི་སྣ་ཞིག་ཡིན་འདུག་པ་ཁོང་ཀོང་པོ་རྩེ་ལ་སྒང་རྫོང་དུ་རྒྱང་འབུད་བྱས་རིགས་གཞུང་ཞབས་ཁག་ཅིག་ཕྱིར་ལོག་དང་གཞུང་ཞབས་བསྐྱར་ཞུ་བྱས་འཐུས་དོན་སྨིན་བྱུང་བར་ཁོང་གཉིས་ལའང་གཅིག་མཚུངས་དོན་སྨིན་ཡོང་རེས་བཀའ་ཤག་ཏུ་བདེ་སྡུག་སྙན་ཞུ་ཕུལ་བར་དོན་སྨིན་སོན་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་རྩེ་ལ་སྒང་རྫོང་སྡོད་ནས་ཁོང་གཉིས་ལ་དོ་དམ་ལྟ་སྲུང་བྱ་རྒྱུར་ཤུགས་སྣོན་ཐོག་གང་བྱུང་བྱ་སྤྱོད་སྤེལ་རིགས་མི་ཆོག་པའི་རྒྱབ་གནོན་བཀའ་རྒྱ་ཞིག་གཏོང་རྩིས་ཡོད་པའི་གསང་བརྡ་འབྱོར་བར་བརྟེན་ཁོང་གཉིས་རེ་བ་རྫོགས་ནས་རང་ཡུལ་དང་ཁ་བྲལ་ཏེ་བྲོས་བྱོལ་དུ་འགྲོ་རྒྱུར་ནང་གྲོས་ཀྱིས་སྐབས་དེའི་རྩེ་ལ་སྒང་རྫོང་གི་རྫོང་སྡོད་ཤོད་དྲུང་ཚ་ཏི་ཚེ་བརྟན་རྡོ་རྗེར་ཁོང་གཉིས་ཀོང་པོའི་ས་གནས་གཞན་དུ་གནས་མཇལ་དང་སྦྲགས་ཚོང་ཙག་ཙིག་རྒྱག་རྒྱུར་ཁ་གཡར་ཏེ་ཟླ་གཉིས་དགོངས་པ་ཞུས་ནས་འབྲུག་ཡུལ་(不丹)བརྒྱུད་རྒྱ་གར་དུ་བྲོས་འདུག ཁོང་གཉིས་བྲོས་བྱོལ་ཕྱིན་པའི་གནས་ཚུལ་ཤེས་འཕྲལ་རྫོང་སྡོད་ནས་མཐའ་མཚམས་ས་ཁུལ་དུ་ཁོང་གཉིས་ཀྱི་བྱད་དབྱིབས་བཀོད་དེ་འཛིན་བཟུང་དགོས་པའི་བཀའ་རྒྱ་བཏང་ཡང་ས་གནས་དེ་ཚོས་འཚོལ་ཞིབ་ཟབ་ནན་མེད་པ་དང་། ལ་ལས་ད་དུང་མི་ཤེས་པའི་ཚུལ་བྱས་ཏེ་ཁོང་གཉིས་བདེ་བགྲོད་ཡོང་རྒྱུར་རོགས་རམ་བྱས་འདུག ཁོང་གཉིས་རྒྱ་གར་དུ་བྲོས་བྱོལ་སོང་བའི་ཉེས་པར་གཞུང་ས་ནས་སྐབས་དེའི་རྫོང་སྡོད་ཤོད་དྲུང་ཚ་ཏི་ཚེ་བརྟན་རྡོ་རྗེ་རྫོང་སྡོད་གནས་དབྱུང་གི་བཀའ་དཔྱད་བཏང་འདུག

ཕྱི་ལོ་ ༡༩༣༦ ལོའི་ལོ་མཇུག་ཏུ་ཁོང་གཉིས་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་སླེབས་ཤིང་། དང་ཐོག་བཀའ་བློན་སྦུག་(噶伦堡)གི་རྭ་སྒྲེང་མགྲོན་ཁང་དུ་བཞུགས་ཏེ་གཅིག་ནས་རྭ་སྒྲེང་ཚོང་པའི་རོགས་པ་གནང་བ་དང་གཉིས་ནས་ཁོང་རང་སྒེར་གྱི་ཚོང་ཆུང་བརྒྱབ་ཏེ་འཚོ་ཐབས་གནང་ནས་བཞུགས་མུར་ལོ་གཅིག་ཙམ་སོང་རྗེས་བོད་གཞུང་གིས་གྲོ་སྤྱིར་བཀོད་རྒྱ་བཏང་ཏེ་ཐུབ་བསྟན་ཀུན་འཕེལ་ནི་ཆབ་སྲིད་ཀྱི་ཉེས་ཅན་ཡིན་པས་རྒྱ་གར་དབྱིན་གཞུང་(英属印度政府)གི་ལས་ཁུངས་ལ་སྙན་སེང་དང་སྦྲགས་ཁོ་པ་འཛིན་བཟུང་གིས་བོད་དུ་ཕྱིར་སྤྲོད་ཡོང་བའི་ཐབས་ཤེས་བྱེད་དགོས་ལུགས་འཁོད་ཡོད་པ་དང་། སྐབས་དེའི་གྲོ་སྤྱི་སྤོམ་མདའ་ཡར་འཕེལ་(原噶厦政府代理商)ལགས་ཀྱིས་དེའི་སྐོར་བྱེད་དཀའ་ཆེན་པོ་བྱུང་ལ་གཞུང་སའི་བཀའ་རྒྱའི་དགོངས་དོན་ལྟར་རྒྱ་གར་དབྱིན་ཇིའི་དབང་འཛིན་སྡེ་ཁག་ལ་སྙན་སེང་མ་ཞུས་ན་ཁོང་ལ་ཉེན་ཁ་ཆེན་པོ་ཡོང་རྒྱུ་དང་། ཡང་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལགས་རྒྱ་གར་ནས་རྩིས་བླངས་ཏེ་བོད་ལ་ཕྱིར་རྫོང་བྱས་པ་ཡིན་ན་སྐུ་བཅར་ཁོང་ནི་དེ་སྔ་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གི་རྒྱུན་ཞབས་སྐུ་བཅར་ཡིན་སྟབས་སྙན་གྲགས་ཆེ་བས་བོད་ཀྱི་མི་སྣ་ཁག་ཅིག་གིས་སྤོམ་མདའ་རང་ལ་ལྟ་སྟངས་གང་འདྲ་ཞིག་ཡོང་ངམ་སྙམ་པའི་དོགས་འཆར་ཆེན་པོ་བྱུང་བ་མ་ཟད། ལྷག་པར་དུ་སྤོམ་མདའ་ཡར་འཕེལ་ལགས་དང་ཐུབ་བསྟན་ཀུན་འཕེལ་ལགས་གཉིས་དེ་སྔ་ནས་འབྲེལ་བ་ཡག་པོ་ཡོད་པའི་གནས་ཚུལ་འོག་སྡུག་པོ་དེ་འདྲ་བྱེད་མི་ཕོད་པ་སྤོམ་མདའ་ཡར་འཕེལ་ལགས་ནས་རྒྱ་གར་དབྱིན་ཇིའི་དབང་འཛིན་སྡེ་ཁག་ལ་སྙན་སེང་མ་ཞུས་གོང་ཐུབ་བསྟན་ཀུན་འཕེལ་ལགས་སུ་གཞུང་སའི་བཀའ་རྒྱའི་ནང་དོན་ཚང་མ་བཤད་པར་མ་ཟད། ད་རེས་ཀྱི་གནས་ཚུལ་འདིའི་ཐད་ཁོང་གཉིས་ཀར་གནོད་སྐྱོན་མི་འབྱུང་བའི་ཆ་རྐྱེན་འོག་གང་དགའ་ཅི་ལེགས་ཀྱི་ལམ་ཞིག་འཚོལ་རྒྱུའི་གྲོས་མོལ་བྱས་མཐར་སྤོམ་མདའ་ཡར་འཕེལ་ལགས་ཀྱིས་གཞུང་སའི་བཀའ་རྒྱའི་དགོངས་དོན་ལྟར་རྒྱ་གར་དབྱིན་ཇིའི་དབང་འཛིན་སྡེ་ཁག་ལ་སྙན་སེང་ཞུས་འབྲེལ་ཐུབ་བསྟན་ཀུན་འཕེལ་ལགས་ནས་རྒྱ་གར་དབྱིན་ཇིའི་དབང་འཛིན་སྡེ་ཁག་གྱིས་ཁོང་རང་བོད་དུ་ལོག་དགོས་པའི་བཀའ་བཏང་མ་ཐག་རྒྱལ་སྤྱིའི་འགྲོ་ལུགས་ཐོག་རྒྱལ་ཁབ་གཞན་ནས་སྐྱབས་བཅོལ་དུ་ཡོང་བའི་མིས་རྒྱལ་ཁབ་དེའི་ཁྲིམས་དང་འགལ་རིགས་མེད་ཕྱིན་གང་བྱུང་དུ་རྒྱལ་ཁབ་དེ་ནས་ཕྱིར་འབུད་རྩིས་སྤྲོད་མི་ཆོག་པའི་ཁྲིམས་སྲོལ་ཡོད་པ་རྩད་གཅོད་ཀྱིས་གལ་སྲིད་ཕྱིར་འབུད་བྱེད་རྩིས་བྱས་ན་ཁྲིམས་རྩོད་པ་བཙལ་ནས་དབྱིན་ཇིའི་དབང་འཛིན་སྡེ་ཁག་ལ་གྱོད་གཏུགས་བྱ་རྒྱུ་དང་། ཁྲིམས་རྩོད་པ་(律师)འཚོལ་རྒྱུ་དང་གྱོད་གཏུགས་ཀྱི་འགྲོ་སོང་རྣམས་སྤོམ་མདའ་ཡར་འཕེལ་ལགས་ནས་རོགས་རམ་གནང་རྒྱུ་བཅས་གནང་བ་ལྟར་ཁོང་གཉིས་ནས་དེ་ལྟར་ལག་ལེན་བྱས་སྟབས་མཐར་གྱོད་གཞི་དེའི་བདེན་པ་ཐུབ་བསྟན་ཀུན་འཕེལ་ལགས་ལ་ཐོབ་སྟེ་སྐབས་དེར་བོད་ལ་ཕྱིར་འབུད་བྱེད་མ་ཐུབ་པ་རེད།

དེ་རྗེས་ཁོང་རྒྱ་གར་དུ་བཞུགས་སྐབས་རྒྱ་གར་དབྱིན་གཞུང་གིས་དེ་སྔའི་བོད་ཁོངས་བསྙོན་མེད་དང་༸གོང་ས་དྲུག་པ་ཚངས་དབྱང་རྒྱ་མཚོ་མཆོག་གི་སྐུའི་འཁྲུངས་ཡུལ་མོན་རྟ་དབང་(藏南地区或非法的麦克马洪线)གི་ས་མཚམས་སུ་བོད་ཀྱི་ས་ཆ་བཙན་བཟུང་བྱེད་བཞིན་ཡོད་པའི་གནས་ཚུལ་གསན་ཐོས་བྱུང་བར་བརྟེན་ཁོང་ནས་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་དང་། ལྕང་ལོ་ཅན་གུང་བསོད་ནམས་རྒྱལ་པོ། སྤོམ་མདའ་རབ་དགའ་སོགས་དང་གྲོས་མོལ་གྱིས་དགེ་འདུན་ཆོས་འཕེལ་ལགས་སྤྲང་པོ་གནས་བསྐོར་བར་བརྫུས་ཏེ་འབྲུག་ཡུལ་བརྒྱུད་མོན་གྱི་ས་ཁུལ་དུ་དབྱིན་ཇིས་བཙན་བཟུང་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་དང་། མོན་ཕྱོགས་ཀྱི་ས་ཁྲ་བཀོད་པར་བཏང་བ་རེད། རྗེས་སུ་ས་མཚམས་ཀྱི་གནས་ཚུལ་རྟོག་ཞིབ་བྱས་པའི་དོན་དངོས་དེ་དག་ཁོང་ནས་སྐབས་དེར་རང་ལ་མིང་མ་བཀོད་པའི་ཡི་གེ་གཅིག་གཞུང་སར་བཏང་བ་རེད། དུས་ཕྱིས་ཡི་གེ་དེ་གཏོང་མཁན་ཁོང་ཡིན་པ་ཤེས་ཏེ་དབྱིན་ཇིའི་ཕྱོགས་ལ་གསང་གཏམ་བསྐྱལ་བར་བརྟེན་དེ་ནས་བཟུང་རྒྱ་གར་དབྱིན་གཞུང་གི་ཉེན་རྟོག་པས་ཁོང་ལ་རྟག་ཏུ་རྟོག་ཞིབ་ཟབ་ནན་བྱ་བཞིན་ཡོད་པ་དང་། དེ་འབྲེལ་གནས་ཚུལ་གཞན་ཞིག་ལ་སྐབས་དེར་བོད་རིགས་ཀྱི་ཚོང་པ་ཆུང་འབྲིང་རྣམས་ཀ་བློན་སྦུག་ཕུད་པའི་རྒྱ་གར་གྱི་ས་གནས་གཞན་ལ་ཚོང་རྒྱག་པར་འགྲོ་དགོས་ན་རྒྱ་གར་དབྱིན་གཞུང་གི་ཉེན་རྟོག་ལས་ཁུངས་ནས་ཆོག་མཆན་ཐོབ་དགོས་པར་བརྟེན་དེའི་ཐོག་བོད་ཀྱི་ཚོང་པ་ཆུང་འབྲིང་ཚོར་གྱོང་གུད་ཧ་ཅང་ཆེན་པོ་ཕོགས་པ་ལྟར་བོད་ཀྱི་ཚོང་པ་ཆུང་འབྲིང་གི་སྐྱིད་སྡུག་ཞིག་བཙུགས་ཏེ་ཉེན་རྟོག་ལས་ཁུངས་བརྒྱུད་མི་དགོས་པར་ཚོང་རྒྱག་པར་འགྲོ་ཆོག་པའི་ཆེད་དུ་ཁོང་ཚོས་ཁྲིམས་རྩོད་པ་བཙལ་ནས་ཉེན་རྟོག་ཁང་དེར་གྱོད་འཛུགས་བྱས་མཐར་གྱོད་གཞི་དེའི་བདེན་པ་བོད་ཀྱི་ཚོང་པར་ཐོབ་ནས་ས་གནས་གཞན་ལ་ཚོང་རྒྱག་པར་འགྲོ་ཆོག་པར་བྱུང་བ་རེད། འོན་ཀྱང་ཐུབ་བསྟན་ཀུན་འཕེལ་ལགས་ཁོ་རང་ལ་རྒྱ་གར་དབྱིན་གཞུང་གི་ཉེན་རྟོག་པས་དེ་བས་དོགས་གནད་དང་འཁོན་འཛིན་བྱས་ཏེ་རྟག་ཏུ་རྟོག་ཞིབ་དང་རྗེས་འདེད་བྱེད་ཀྱི་ཡོད་པའི་ཐོག་ཁོང་གི་བཞུགས་ཁང་ལ་བསྔོག་བཤེར་བྱས་པ་དང་ཆབས་ཅིག་ཁྱོད་རང་ནི་སྔ་བར་ཕྱི་གསུམ་དུ་ཡུལ་ཁྲིམས་མི་འཁུར་བའི་མི་ཞིག་རེད། དེར་བརྟེན་ད་ཆ་ཁྱོད་རང་ཉིན་བདུན་ལས་རྒྱ་གར་དབྱིན་གཞུང་གི་ས་གནས་སུ་བསྡད་མི་ཆོག དེ་ནས་དུས་ཚོད་ཉིན་གཅིག་ཙམ་གྱི་འགྱངས་རིགས་བྱུང་ཚེ་འཛིན་བཟུང་གིས་ལོ་བཅུ་བཞིའི་རིང་བཙོན་འཇུག་བྱ་རྒྱུ་ཡིན་ཞེས་དབྱིན་ཇིའི་དབང་འཛིན་སྡེ་ཁག་གྱི་ཉེན་རྟོག་པས་བཀའ་བཏང་པ་རེད། སྐབས་དེར་ཁོང་བོད་ལ་ལོག་ས་མེད་པ་དང་ཕྱི་རྒྱལ་གཞན་ཡུལ་ལ་ཕེབས་རྒྱུའི་འདོད་པ་མེད་པར་བརྟེན་རྒྱ་གར་དབྱིན་གཞུང་གི་གྲོང་ཁྱེར་ལྡི་ལི་གསར་པར་(新德里)བསྐྱོད་ནས་ཁྲིམས་རྩོད་པ་བཙལ་ཏེ་རྒྱ་གར་དུ་སྡོད་ཆོག་པའི་ཆེད་དུ་གྱོད་གཏུགས་བྱ་རྒྱུ་ཡིན་ཞེས་གང་སར་བསྒྲགས་པ་དང་། དོན་དུ་ཀ་ལི་ཀ་ཏར་(加尔各答)ཕེབས་ནས་གསང་ཐབས་ཀྱིས་སྐབས་དེའི་རྒྱ་ནག་རྒྱལ་འབངས་སྲིད་གཞུང་གི་རྒྱ་གར་དུ་སྡོད་པའི་གཞུང་ཚབ་ཆེན་མོ་བ་(中华民国驻印度大使馆)བཙལ་ནས་ཁོང་རང་གི་དེ་སྔའི་ལོ་རྒྱུས་དང་། སྐབས་དེར་འཕྲད་པའི་གནས་ཚུལ་དང་ཕྱིན་ཆད་རྒྱ་གར་དུ་བསྡད་མི་ཆོག་པའི་བཀའ་བཏང་ཚུལ་སོགས་ཀྱི་གནས་ཚུལ་གསལ་ཞུ་གནང་བར་མ་ཟད། ད་ལྟའི་གནས་ཚུལ་འོག་བོད་དུ་ལོག་ས་མེད་པ་དང་ཕྱི་རྒྱལ་གཞན་དུ་འགྲོ་རྒྱུའི་འདོད་པ་མེད་པས་རྒྱ་ནག་གི་མི་ལྟར་རྒྱ་ནག་རང་དུ་ལོག་ཆོག་པ་དང་དེའང་ནན་ཅིན་(南京)དུ་འགྲོ་ཆོག་པའི་རོགས་རམ་ཡོང་བ་ཞུས་གནང་བ་རེད། དེར་རྒྱལ་འབངས་སྲིད་གཞུང་གི་གཞུང་ཚབ་ཆེན་མོས་དེ་དོན་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་འདུག་ཀྱང་ཁོང་སྤྱིར་བཏང་འགྲུལ་པ་ལྟར་ཐར་ཐབས་དཀའ་བའི་གནས་ཚུལ་འོག་སྟབས་ལེགས་པ་ཞིག་ལ་རྒྱ་གར་གྱི་དུས་ཆེན་ཞིག་ལ་འཁེལ་འདུག་ཅིང་། དེར་བརྟེན་ལས་ཁུངས་ཁག་ངལ་གསོ་བཞག་པའི་དུས་ཚོད་དང་སྟབས་བསྟུན་མཛད་དེ་གནམ་གྲུའི་སྤ་སེར་(机票)དབྱིན་ཇིའི་ཆོག་མཆན་ཞུ་མ་དགོས་པར་གཞུང་ཚབ་རང་ནས་འགན་ལེན་ས་ཡིག་བཀོད་དེ་ནན་ཅིན་དུ་གཏོང་གནང་མཛད་པ་རེད། གནས་ཚུལ་དེ་རྒྱ་གར་དབྱིན་གཞུང་གི་དབང་འཛིན་སྡེ་ཁག་ནས་ཤེས་འཕྲལ་ཉེན་རྟོག་པ་བཏང་སྟེ་གནམ་གྲུ་ཐང་དུ་ཁོང་འཛིན་བཟུང་བྱེད་པར་འབྱོར་ཀྱང་གནམ་གྲུ་ནམ་མཁར་འཕུར་ཚར་ཏེ་འཛིན་བཟུང་བྱེད་མ་ཐུབ་པ་རེད། དེའི་སྐོར་ཉེན་རྟོག་པས་གནམ་གྲུ་ཐང་དུ་གནས་ཚུལ་ཞིབ་འཇུག་བྱས་པར་མ་ཟད། དེ་འཕྲལ་གཞུང་ཚབ་ཆེན་མོའི་སར་ཕྱིན་ཏེ་ཐུབ་བསྟན་ཀུན་འཕེལ་ཟེར་བའི་མི་དེ་ཉེས་ཅན་ཡིན་པས་ཁོ་པ་ནན་ཅིན་དུ་འགྲོ་ཆོག་པ་ང་ཚོར་ཆོག་མཆན་ཞུས་མེད། ཁྱེད་རང་ཚོས་འགན་ལེན་བྱས་ཏེ་ནན་ཅིན་དུ་བཏང་བ་འོས་མིན་རེད་ཟེར་བཤད་ཀྱང་སྐབས་དེར་གཞུང་ཚབ་ཕྱོགས་ནས་མི་དེ་རྒྱ་ནག་གི་མི་རེད། རྒྱ་ནག་ཏུ་ལོག་རྒྱུར་ང་ཚོས་མོས་མཐུན་བྱས་པ་ཡིན། ཁོ་པ་ཉེས་ཅན་ཡིན་པ་ང་ཚོས་ཤེས་མ་བྱུང་། གལ་སྲིད་ཁོ་པས་ཉེས་པ་ཆེན་པོ་བསགས་ཡོད་ན་དེའི་སྐོར་གྱི་གནས་ཚུལ་ཁྱེད་ཚོས་ང་ཚོར་འབྲེལ་བ་གང་ཡང་གནང་མེད་སྟབས་རྒྱ་ནག་གི་མི་ཕྱིར་རྒྱ་ནག་ཏུ་ལོག་རྒྱུ་དེ་ང་ཚོས་འགན་ལེན་བྱས་པ་ཡིན་གསུངས་པ་རེད། དེར་བརྟེན་ཉེན་རྟོག་པ་བྱ་ཐབས་གང་ཡང་མ་བྱུང་བ་རེད། གོང་གསལ་གནད་དོན་དེའི་འབྲེལ་ཡོད་མི་སྣ་ཚང་མར་སྐབས་དེར་རྒྱ་གར་དབྱིན་གཞུང་གི་ལྐོག་གཡོའི་རྡུང་རྡེག་སྣ་ཚོགས་འཁེལ་བ་དཔེར་ན་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱང་རྗེས་སུ་བཙོན་འཇུག་མནར་གཅོད་མྱོང་དགོས་པའི་དོན་རྩ་ཡང་དེར་ཐུག་ཡོད།

ཕྱི་ལོ་ ༡༩༤༦ མེ་ཁྱི་ལོར་ཁོང་ནན་ཅིན་དུ་ཕེབས་ནས་བོད་གཞུང་ནན་ཅིན་བཅའ་སྡོད་དོན་གཅོད་ཁྲུའུ་(噶厦政府驻南京办事处)ཡི་འབྲེལ་ཡོད་འགན་འཛིན་པར་འབྲེལ་བ་བྱས་ཀྱང་སྐབས་དེར་བོད་གཞུང་ནན་ཅིན་བཅའ་སྡོད་དོན་གཅོད་ཁྲུའུ་ནས་ཁོང་ལ་ཁ་ཡ་རོགས་རམ་དེ་ཙམ་གནང་མེད་པར་བརྟེན་ནན་ཅིན་གྱི་མགྲོན་ཁང་ཆུང་ཆུང་ཞིག་གི་ནང་ལོ་ཕྱེད་ཙམ་ལ་བཞུགས་པ་རེད། དེའི་རིང་ཁོང་གི་དངོས་རིགས་རྣམས་རྫོགས་ནས་འཚོ་བའི་ཐོག་དཀའ་ངལ་ཆེན་པོ་བྱུང་སྟེ་སྐབས་འགར་ཁོང་ལ་ལྟོ་དུས་རེར་ཐུག་པ་དཀར་ཡོལ་གང་མ་གཏོགས་མཆོད་རྒྱུ་མེད་པར་བཞུགས་དགོས་བྱུང་འདུག སྐབས་དེར་༸གཞུང་བླའི་བར་འགལ་བ་ཡོད་པའི་གནས་ཚུལ་འོག་པཎ་ཆེན་དོན་གཅོད་ཁྲུའུ་ཡི་ཛ་སག་ཅེ་འཇིགས་མེད་དང་། ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་གཉིས་ནས་ཁོང་སྐད་བཏང་སྟེ་ཁོང་གི་བདེ་སྡུག་ཉན་པ་དང་འཚོ་བའི་ཐད་རོགས་རམ་གང་ལེགས་གནང་བ་དང་འབྲེལ་བཞུགས་གནས་ཀྱང་པཎ་ཆེན་དོན་གཅོད་ཁྲུའུ་རུ་བཀོད་སྒྲིགས་གནང་བ་མ་ཟད། རྒྱལ་འབངས་སྲིད་གཞུང་བོད་སོག་ཨུ་ཡོན་ལྷན་ཁང་(中华民国蒙藏委员会)གི་ལས་བྱེད་བུའུ་ཙེ་ཀྲུང་དང་ངོ་སྤྲོད་གནང་བ་མ་ཟད། གོ་མིན་ཏང་བོད་སོག་ཨུ་ཡོན་ལྷན་ཁང་ངམ་ཡང་ན་པཎ་ཆེན་ཕྱོགས་ཀྱི་སར་ཕྱག་ལས་གནང་རྒྱུའི་རེ་བ་ཞུས་པ་རེད། དེ་རྗེས་གནས་ཚུལ་དེ་བོད་གཞུང་ནན་ཅིན་བཅའ་སྡོད་དོན་གཅོད་ཁྲུའུ་ནས་ཀུན་འཕེལ་ལགས་ཀྱི་གནས་ཚུལ་གཞུང་སར་སྙན་སེང་གིས་ཁོང་པཎ་ཆེན་ཕྱོགས་ཀྱིས་བེད་སྤྱོད་བྱ་རྒྱུར་དོགས་པ་སྐྱེས་ཏེ་བོད་གཞུང་ནན་ཅིན་བཅའ་སྡོད་དོན་གཅོད་ཁྲུའུ་ནས་ཁྱེད་རང་ནི་གཞུང་གི་ཁོངས་མི་ཡིན་སྟབས་ཁྱེད་ཀྱི་གནས་ཚུལ་སྐོར་ང་ཚོའི་གཞུང་སར་སྙན་སེང་ཞུས་པ་ཡིན་པས་གཞུང་ས་ནས་ཁྱེད་རང་རང་མོས་ངང་བོད་དུ་ཕྱིར་ལོག་བྱ་རྒྱུར་ཆོག་མཆན་གནང་བྱུང་བས་ཁྱེད་རང་ཕྱིར་ལོག་གནང་ན་ཡག་པོ་ཡོད་ལུགས་གསུང་པ་རེད། ཁོང་ནས་ང་རང་གི་ཕ་ཡུལ་དུ་ལོག་རྒྱུར་འདོད་པ་ཡོད་ནའང་ལམ་བར་གྱི་གྲོན་དངུལ་གཏོང་སྤྱད་མེད་གསུངས་པར་དོན་གཅོད་ཁྲུའུ་ནས་ཁྱེད་རང་ཕྱིར་ལོག་གནང་ན་ལམ་བར་གྱི་འགྲོ་གྲོན་ནི་བོད་སོག་ཨུ་ཡོན་ལྷན་ཁང་ལ་བཀའ་མོལ་ཞུ་རྒྱུ་དང་། བོད་གཞུང་ནན་ཅིན་བཅའ་སྡོད་དོན་གཅོད་ཁྲུའུ་ནས་ཀྱང་རོགས་རམ་བྱ་རྒྱུ་ཡིན་ལུགས་གསུངས་པ་རེད། སྐབས་དེར་ཁོང་ནས་ལམ་བར་གྱི་འགྲོ་གྲོན་ཕྱོགས་གཉིས་ནས་རོགས་རམ་གནང་གི་ཡོད་ན་དེང་སྐབས་རྒྱ་གར་རང་བཙན་ཐོབ་ཟིན་པས་ང་རང་རྒྱ་གར་བརྒྱུད་ཕྱིར་ལོག་བྱ་གི་ཡིན་གསུངས་ནས་བོད་དུ་ཕྱིར་ལོག་གནང་པ་རེད།

ཕྱི་ལོ་ ༡༩༤༧ མེ་ཕག་ལོའི་ལོ་མཇུག་ཏུ་ལྷ་སར་འབྱོར་སྐབས་ལྷ་སར་བཞུགས་གནས་སོགས་གང་ཡང་མེད་སྟབས་ཡབ་གཞིས་གཡུ་ཐོག་ནས་རོགས་རམ་གནང་སྟེ་ཁང་པ་གཡར་ནས་བཞུགས་པ་རེད། དེའི་རིང་གཡུ་ཐོག་གི་ཚོང་རོགས་གནང་རྒྱུ་དང་། ཁོང་རང་སྒེར་གྱི་ཚོང་ཕྲན་བུ་བསྐྱོན་ནས་འཚོ་ཐབས་གནང་བ་རེད། དེ་རྗེས་ས་གནས་སྲིད་གཞུང་ནས་གཡུ་ཐོག་གི་ཁང་པ་ཡོངས་རྫོགས་བཅིང་འགྲོལ་དཔོན་དམག་(驻藏人民解放军)བཞུགས་ཡུལ་ལ་བཀོད་སྒྲིག་ཚེར་འབེབས་གནང་སྟབས་ཁོང་ཡབ་གཞིས་སྟག་འཚེར་ལ་ཁང་པ་གཡར་ཏེ་ལོ་ཕྱེད་ཙམ་བཞུགས་རིང་༸གོང་ས་བཅུ་བཞི་པ་མཆོག་གི་སྐུའི་གཅེན་པོ་བློ་བཟང་བསམ་གཏན་ལགས་དང་ཕན་ཚུན་བཀའ་མོལ་བྱུང་བའི་ནང་ཀུན་འཕེལ་ལགས་ཀྱིས་དེ་སྔ་དང་བར་སྐབས་ད་ལྟ་བཅས་ཀྱི་ལོ་རྒྱུས་རྣམས་གསལ་པོ་ཞུས་པར་བློ་བཟང་བསམ་གཏན་ལགས་ནས་ཁྱེད་ཀྱིས་༸གོང་ས་བཅུ་གསུམ་པའི་སྐུ་བཅར་གྱི་ཕྱག་ལས་ལེགས་བསྒྲུབ་གནང་ཡོད་པ་ངས་གོ་མྱོང་། ད་ཆ་བོད་དུ་ཕེབས་ནས་ལོ་ཤས་སོང་ཡང་གཞུང་ནས་ལྟ་རྟོགས་མ་གནང་བ་དེ་མ་འགྲིག་པ་རེད། འོན་ཀྱང་དེའི་སྐོར་ཡིད་བཞིན་ནོར་བུས་མཁྱེན་མེད་པས་ངས་ཁྱེད་ཀྱི་གནས་ཚུལ་རྣམས་སྙན་སེང་ཞུ་རྒྱུ་ཡིན། ཁྱེད་རང་ནས་བཀའ་ཤག་ལ་བདེ་སྡུག་དང་། རེ་བ་གང་ཡོད་སྙན་ཞུ་ཞིག་འཕྲལ་དུ་འབུལ་གནང་མཛད་ན་དོན་སྨིན་སོན་རྒྱུ་གདོན་མི་ཟ་བ་རེད་ཅེས་གསུངས་སྟབས་དེ་དོན་ལྟར་ཁོང་རང་གི་ལོ་རྒྱུས་ཐོག་སྐབས་དེར་མ་ཉེས་ནག་འགེལ་གྱིས་ཉེས་ཆད་ཕོགས་པ་དང་བར་སྐབས་ཕྱི་རྒྱལ་གཞན་ཡུལ་དུ་གྱར་བ། ད་ལྟ་རང་ཡུལ་དུ་ཕྱིར་ལོག་ཐུབ་པའི་སྐབས་སྡོད་ཁང་དང་འཚོ་ཐབས་གང་ཡང་མེད་པས་ཁོང་རང་གི་དེ་སྔའི་ཁང་པ་ཕོ་བྲང་གསར་པ་དང་། འཚོ་རྟེན་འོས་འཚམས་སྲིད་གཞུང་ནས་དགོངས་བཞེས་ཡོང་བའི་བཀའ་ཤག་ལ་སྙན་ཞུ་ཕུལ་བ་རེད།

ཕྱི་ལོ་ ༡༩༥༢ ལོའི་ཆུ་འབྲུག་ཟླ་ ༢ པའི་ནང་དུ་བཀའ་ཤག་ལ་སྙན་ཞུ་ཕུལ་བའི་ནང་དོན་གཞིར་བཟུང་བཀའ་ཤག་ནས་ཁོང་རང་གི་དེ་སྔའི་ཁང་པ་ཕོ་བྲང་གསར་པ་དང་། འཚོ་རྟེན་བོད་དངུལ་ཊམ་རྡོ་ ༢༠༠༠ སྐོར་ཞིག་ཕྱིར་སྤྲོད་གནང་རྒྱུའི་སྙན་ཞུར་ཆོག་མཆན་གནང་བ་རེད།བོད་ཞི་བའི་བཅིངས་འགྲོལ་བཏང་རྗེས་ཀྱི་ཕྱི་ལོ་ ༡༩༥༤ ཤིང་རྟ་ལོར་སྐུ་བཅར་ཁོང་སྐྱ་བོར་བབས་ཏེ་ལྕམ་ལྷ་འཛོམས་སྒྲོལ་དཀར་ལགས་དང་གཉེན་སྒྲིག་བྱས་པ་དང་བུ་ཕྲུག་གསུམ་སྐྱེས་ལ། ཕྱི་ལོ་ ༡༩༦༣ ལོར་སྐུ་བཅར་ཁོང་ལས་གྲྭ་ཞིག་ཏུ་རྡོ་ཤིང་དང་མཉམ་དུ་ཇུས་འགོད་གནང་བའི་ཉིན་ཞིག་ཀ་སྒྲིག་དང་གདུང་སྒྲིག་བྱེད་པའི་སྐབས་ཀ་བ་འགྱུར་ནས་གཞུ་ཟགས་ཏེ་ཁོང་གི་ཞབས་སྟེང་དུ་ཕོག་ནས་རྨས་སྐྱོན་བྱུང་བ་རྗེས་སུ་དྲག་བསྐྱེད་བྱུང་ནའང་རྐྱེན་འདི་བུ་ཞིག་གིས་དབང་གིས་དུས་ཕྱིས་ཁོང་གི་གཟུགས་པོ་ཇེ་ཞན་དུ་སོང་བ་དང་། མཚན་མོ་མནལ་མི་ཡོང་བ། འགུལ་སྐྱོད་ལ་ཁག་སྣང་ཡོད་པ་ལྟ་བུར་གྱུར་ནས་སྨན་ཁང་དུ་སྡོད་དགོས་བྱུང་ཡོད་འདུག་ལ། མཐར་ཀླད་པའི་སྙུན་གཞི་ཕོག་སྟེ་སྨན་ཁང་དུ་སྨན་བཅོས་གནང་ཡང་ཕན་ནུས་མ་ཐོན་པར་ཕྱི་ལོ་ ༡༩༦༣ ལོའི་ཟླ་བ་ ༡༢ པའི་ཚེས་ ༢༢ ཉིན་དགོངས་པ་རྫོགས།

གསལ་བཤད། ༸གོང་ས་བཅུ་གསུམ་པ་མཆོག་གི་སྐུ་བཅར་སྤྱན་གསལ་ཐུབ་བསྟན་ཀུན་འཕེལ་ལགས་ཀྱི་ལོ་རྒྱུས་བསྡུས་ཐུང་འདི་ནི་ལྕམ་ལྷ་འཛོམས་སྒྲོལ་དཀར་ལགས་ཀྱིས་བྲིས་པའི་ཁོང་གི་ལོ་རྒྱུས་མདོར་ཐུང་ཅན་དེ་གཞིར་བཟུང་ནས་སྒྲིག་པ་ཡིན་སྟབས་ཐོབ་དབང་མཐའ་དག་ལྕམ་ལྷ་འཛོམས་སྒྲོལ་དཀར་ལགས་ལ་ཡོད་པ་ངེས་གྱུར་ཅིག བསྟན་སྲུང་རྣམ་རྒྱལ་ནས་གུས་བཅས།