དཔའ་བོ་སྟག་གི་ཞལ་ལྕེ་ནི། དགྲ་འདུལ་བ་ལ་དགོས་ཏེ། དེ་ཡང་འདུལ་བ་ལུང་དུ་རྒྱལ་ཁྲིམས་ཀྱི་བསྟན་བཅོས་དྲངས་པར། མཁས་པ་རྣམས་ནི་གཞོམ་པ་དང་། །རབ་ཏུ་སྦྱིན་དང་བསླུ་བ་དང་། །ཀུན་ཏུ་དཔྱད་དང་ལྔ་པར་ནི། །དཔུང་གི་དོན་རྣམས་འགྲུབ་པར་བྱ། །ཅེས་གསུངས་པ་ལྟར། དགྲ་ཕ་རོལ་པོའི་འདུལ་ཐབས་ལ་ཐོག་མར་དྲག་པོ་མཐར་སྐྱེལ་ཡ་འུད་དང་མི་བསྲེ་བར། འཇིག་རྟེན་གྱི་ཁ་དཔེར། ཕྱི་པདྨ་དཀར་པོའི་རྒྱ་མ་ཞིག་པ། ནང་ཅོ་ཀ་ཁྲ་མོའི་ཚང་མ་འཐོར་བ་དགོས་ཟེར་བ་ལྟར་དང་། བྱ་མ་འཕུར་སྒོ་ང་ལོན་པའི་དཔེ་ལྟར་མཁས་པ་རྣམས་ནི་གཞོམ་པའི་དོན། རྒྱལ་སྲིད་ལྟ་བུའི་སྟོབས་དང་གཡུལ་ཕན་ཚུན་སྙོམས་པའི་དགྲའམ། རང་རང་ཚོད་ཀྱི་དགྲ་གང་ལའང་ཐོག་མ་ནས་དགྲ་འདུལ་མི་རྩོམ་པར། ཁེ་ཉེན་བསྒྲགས། གོ་བ་བསྐོན། གསེར་ཡིག་གི་འགྲུལ་བཙུགས་ཏེ་ལབ་ཀྱི་སྒོ་ནས་འདུལ་ཐབས་དང་། ཞི་རྒྱས་དབང་དྲག་གང་འགྲོ་གང་ཟབ་དབྱིབས་བལྟ་དགོས་པ་བཞིན། མི་སྣ་གསེར་ཡིག་གིས་ཀྱང་རང་གི་དཔོན་ཁུངས་ཀྱི་བསྒྲུབ་བྱ་གཙོ་བོར་བཟུང་། དྲག་པོ་མཐར་སྐྱེལ་དུ་སོང་ན་ལེགས་ཉེས་སྤྱི་མར་ཡོད་པས་ཁེ་ཉེན་ཤེས་པར་བྱ། དྲག་པོ་དམག་གི་འཁྲུལ་འཁོར་ལ་སྦྱོར་དངོས་རྗེས་གསུམ་གྱི་བསམ་སྦྱོར་ངན་པ་ཚང་བའི་དགེ་སྡིག་བླང་དོར་མ་ལོག་པའི་སྒོ་ནས་ཐོག་མའི་མི་སྣས་རྒྱུ་བརྔན་པ། འགྲིམ་འགྲུལ་གྱི་བཀའ་ལས་མ་བསམ་པ།  ཐབས་ལ་མཁས་པར་བྱ་ཞིང་བསམ་པ་ཆེ་བར་བཟུང་། ཐེག་པ་ཆེ་བར་འཁུར། གཏིང་གྱོང་བར་བྱས། ཁ་འཇམ་པོར་བྱས་ནས་སོ་སོའི་བློ་ཁྲིད་པའི་ཁོག་ནས་རང་དོན་ལ་འཇུག་གང་ཐུབ་བྱས་ཏེ་འཇིག་རྟེན་གྱི་ཁ་དཔེར་འདྲ་བ་མཉམ་པོར་གྲུ་བཞིར་དྲོས་ཟེར་བ་ལྟར་ཁེ་ཉེན་བསམ་ལ་བདེན་པའི་བསྒྲུབ་བྱ་བཀོད། ཕ་རོལ་གྱི་གྲོས་རར་འཚངས་ནས་འཆར་བསྟན། དེས་མ་ཉན་ན་མི་གཏི་ཐུག་གཅིག་གིས་དོན་ལ་འཇུག་མི་ཤེས། གཡོན་ཅན་དྲང་པོར་སྨྲ་ཟེར་པའི་དཔེ་འདིར་འོང་སྟེ། ཕ་རོལ་པོས་རང་གི་བྱ་བ་མ་ཤེས་ན་སྦྲ་བ་ལ་མེ་མཆེད་པ་ལྟར་གྲོས་ཕྱེད་དགྲ་ལ་དྲིས་བྱ་བ་འདིར་ཡོང་། སྡེ་གཟར་ཕ་འཁྲུག་བུ་འཁྲུག་ཀྱང་མི་སྣ་གསེར་ཡིག་གི་འགྲུལ་མི་གཅོད། ཁ་ངན་ཚིག་ངན་མི་རྒྱག གསེར་ཡིག་གིས་སྔོན་འགྱུར་གྱི་བསླུས་ཧམ་སྡེབས་སྟོང་མི་བྱེད། ཕན་ཚུན་གྱི་བདག་རྐྱེན་བཟང་བ་བྱེད། མི་སྣ་གསེར་ཡིག་ཕན་ཚུན་སུའི་ཡིན་ཀྱང་སྤྱི་མིར་ཆ་འཇོག བར་མི་བླ་མ་སྡེ་དཔོན་གཙོ་བོ་སུ་འདྲ་ཞིག་གིས་གསེར་ཡིག་ཡིན་ཀྱང་སྐྱེལ་མ་ཐུབ་དགོས་སོ།། །།གཉིས་པ་རབ་ཏུ་སྦྱིན་དང་ཞེས་པའི་དོན་ནི་དགྲ་ལ་ནོར་རྫས་ཟང་ཟིང་གི་དངོས་པོ་སྦྱིན་ཏེ་གཏན་གྱི་དོན་ལེགས་པ་དང་། དགྲ་དཔུང་ཚོགས་ཆེ་བ་ཡོད་ན། དགྲ་གཉིས་བྱུང་ན་དགྲ་གཅིག་པང་དུ་ལོངས་ཟེར་བའི་དཔེ་ལྟར། དགྲའི་དཔུང་ཚོགས་ནས་ནང་ཚན་ཁ་ཕྲལ་ཏེ་ས་ཁང་ཡུལ་མཁར་སོགས་བྱིན་ཏེ། དགྲ་བོ་ནུས་པ་ཇི་ཆུང་ལ་གཏོང་བའི་ཐབས་དང་། བསླུ་བ་དང་ཞེས་པ། མནའ་ཟ་བ་དང་ཉེ་སྤྲེལ་བ་དང་གྲོགས་པོ་བྱས་ནས་བསླུ་བ་མ་ཡིན་ཏེ། ཐབས་མཁས་ཀྱི་སྒོ་ནས་ཁ་དྲངས་མགོ་བསྐོར་བའམ་ལབ་ཀྱི་སྒོ་བློ་ནས་བྲིད་དེ་བཙོན་དུ་འཇུག་པ། ཡོད་མེད་གོ་ལོག་གིས་དགྲ་ཐབས་ཀྱིས་སྐུངས་འཇུག་པ་དང་འབེབས་སྤྲོད་པ། དཔུང་ངོ་བརྫུས་རྟ་བརྫུས། བྱ་ལོག་གཏམ་ལོག མཚན་མོ་དགྲ་ཕྱོགས་ཀྱི་ཐག་ཉེ་མ་རིང་ལ་ངོ་མ་ཕག་ཏུ། མེ་ཁ་མང་པོ་སྤར་ཏེ་རྡབས་སྤྲད་ནས་བསླུ་བ་ཡིན་ཞིང་། དཔའ་བོ་དགྲ་ཐབས་ལ་མཁས་པ་ཞེས། རང་ཟོང་ཟད་དུ་མ་སོང་བའི་ཐབས་མཁས་ཀྱིས་བསླུ་ཞིང་མནའ་ཟོས་དུག་སྦྱོར་གྱིས་བསླུས་ན་ཁྲེལ་མེད་ངོ་ཚ་མེད་པའི་གསོན་པ་ལས། བག་ཡོད་ཚུལ་དང་ལྡན་པའི་ཤི་བ་མཆོག་ཟེར་བ་ལྟར་ཕོ་རབ་ཀྱི་དགོས་པ་འདི་ཡིན་ལགས། ཀུན་ཏུ་དཔྱད་དང་ཞེས་པ་ནི་བརྟགས་དཔྱད་ལེགས་པར་བྱས་ཏེ། གཞན་ཕྱོགས་གཉེན་པོའི་ཐབས་གང་འགྲོ་རྩོམ་པ་དང་། ས་ཆ་ལུང་པའི་གནས་དབྱིབས་རྫོང་ལྟ་བུའི་བཙན་དམིགས་ལ་བརྟགས་དཔྱད་བྱས་ནས་དམག་དཔུང་གི་འཁྱེར་འཁྲིད་དང་། འཚང་ཁའི་གནས་ཡུལ་དང་རང་ཕྱོགས་ཀྱི་བཙན་དམིགས། གཞན་ཕྱོགས་ཕ་རོལ་པོ་གང་ཡོང་གང་བྱེད་ལ་བརྟག་དཔྱད་དང་། རང་ཟོན་སྐྱོར་ནས་དགྲ་དང་འཐབ་ཟེར་བའི་དཔེ་ལྟར། ཁེ་ཉེན་གྱི་བརྟགས་དཔྱད་ལེགས་པར་བྱེད་དགོས་ཤིང་། དཔུང་གི་དོན་རྣམས་སྒྲུབ་པར་བྱེད་ཅེས་པ་ནི། གོང་གི་ཐབས་རྣམས་ཀྱིས་མ་ཐུབ་ན། དཔུང་དང་དམག་གི་གཡུལ་བཤམས་ཏེ་དགྲ་ཕ་རོལ་བ་འདུལ་དགོས་ཏེ། དེ་ལ་རང་ཕྱོགས་ཐམས་ཅད་བསམ་པ་གཅིག་ཏུ་འཛོམས་དགོས་པའི་ཁ་དཔེར། གསེར་བཅག་དངུལ་དཀྲུམས་ར་གན་ལྷད་ཕུད་ཟེར་བ་བཞིན། རང་ཕྱོགས་སུ་འདྲིལ་བའི་སྲིད་པོ་རྣམས་སྐྱིད་ཚང་གཅིག་དང་སྡུག་སྐོར་གཅིག གཞུ་ཕྱོགས་གཅིག་ཏུ་བདུངས། སྐྲ་གཅིག་ནས་འཐེན་ན་མགོ་བོ་ཡོངས་ཚ་ཟེར་བ་ལྟར་འོག་གཞོལ་ཕྱི་ནུར་མི་བྱེད་པ་སོགས་བསྐོར་སྦྱངས་ལེགས་པར་བྱས། བློ་མི་ཁེལ་བ་རྣམས་ཐབས་མཁས་ཀྱིས་རང་སྲིད་མ་ལོག་ཙམ་གྱི་སྒོ་ནས་སྤངས། ན་ནུས་འཆི་ནུས་བགྱིད་ནུས་པའི་བསམ་པ་གཅིག་ཏུ་བྱུང་བ་རྣམས་བློ་སྟོབས་ཀྱིས་སྲིད་པ་འདེགས་ནུས་པ། ང་རྒྱལ་གྱི་ཕ་ལའང་བརྡེག་ནུས་པ། ཁེ་ཉེན་བལ་འདབ་རྡོ་གནོན་དུ་བརྩི་ཤེས་པ། འགྲོ་འཚམས་ལ་མཁས་པ། ཡིད་མི་ལྷོད་ཅིང་བློ་མི་འགེལ་བ་ཚེར་ཕུང་སྟེང་དུ་ཉལ་བ་ལྟ་བུར་གཞན་གྱི་བློ་འདྲི་འབྲུ་ལ་མཁས་ཤིང་གང་ཟེར་ལ་མི་གཏོང་བ་འཚང་འདྲུ་འཇབ་ཤེས་པ་སོགས་ཡོན་ཏན་དེ་དག་དང་ལྡན་པའི་དཔའ་བོ་རྣམས་ཀྱིས་གཡུལ་བཤམས་ཏེ་དྲག་ཤུལ་དང་གདུག་རྩུབ་བཙན་ཆས་པ་ལྟར་དགོས་ཤིང་བུ་དམག་ལ་ཆས་གདོང་དུ་ཕ་མ་སྡོད་བྱ་བ་དེ་འདི་ཡིན། འོན་ཀྱང་མི་ཕྱེད་སྲིན་པོར་སོང་ཡང་གཞོགས་ཕྱེད་ཁྲིམས་ལ་བརྟེན་ཟེར་བའི་དཔེ་འདིར་འཇུག་པ་ཡིན་པས། ཁྲིམས་ལ་བརྟེན་པ་ཞིག་མ་བྱུང་ན་ནང་འཐབ་ནང་འཁྲུག་ནང་རྐུན་སོགས་གྲ་མ་འགྲིག་གིས་རྒྱུར་འགྲོ་བས་ཐོག་མར་རྒྱལ་པོ་དང་དཔོན་པོའི་ལུང་དང་། ཡུལ་མི་གཙོ་དཔོན་གྲོས་དཔོན་སོགས་ཀྱི་དམག་དཔོན་མྱོང་བ་ཆེ་ཞིང་ཚན་ཆེ་བ། རང་འདོད་ཆུང་བ་སྤྱི་གཙིགས་ཆེ་བ་ཞིག་བསྐོས། དེས་ཀྱང་དམག་ལས་དཔར་ངར་མཛངས་གསུམ་ཚང་བ་ལས་ལ་འཇུག་པ་གཉིས་བསྐོས། དམག་དཔུང་རྣམས་ལ་གཡས་རུ་གཡོན་རུ་དབུས་རུ་གསུམ་དུ་བྱས། དེ་ལའང་རུ་དཔོན་དང་བརྒྱ་དཔོན་བཅུ་དཔོན་བསྐོས། དཔོན་གྱིས་ལྟོ་གོས་ཀྱིས་བསྐྱངས་པའི་དད་ཞེན་ཆེ་ཞིང་དང་དོད་ལྡན་པའི་དཔའ་བོ་སྐྱེན་པ་བསྡུས་པའི་སྐྱེན་འདུས། སྐུ་ལ་བཅར་བའི་གཟིམ་ཆུང་བ། ཡུལ་དམག་ལྟ་བུ་ཡིན་ན་དཔའ་མཚན་ཅན་དེ་རྣམས་ལའང་ལྡིངས་ལོགས་སུ་བཅོས་ནས་ལྡིང་དཔོན་མགོ་དཔོན་བཙུན་ལ་མཁས་པ་རེ་བསྐོས་ནས། ཐོག་མར་མགོ་མིར་གཏོགས་པ་རྣམས་དམག་དཔོན་གྱིས་བསགས་ནས། ཕ་རོལ་གྱི་དགྲ་ཆེ་གེ་མོས་རྒྱལ་པོའི་གཡུལ་ཡིན་ན་ཆོས་ཀྱི་རྒྱལ་པོའི་མཚན་དོན་ལ་དགྲས་རྒོལ་ལུགས། འདི་རེངས་ན་མངའ་འབངས་མི་བདེ་བས་སྡེ་གཟར་ཞེས་པའི་མིང་དང་མཐུན་པའི་དུས་མི་བདེ་ལུགས། ཡུལ་དམག་ཡིན་ན་ཡུལ་གྱི་སྤྱི་ཚིས་ལ་གནོད་ཅིང་མ་འཐུས་པ་འདི་དང་འདི་ཞེས་བྱ་བ་བྱུང་ཟེར་བའི་བདེན་པ་བརྡར། ཁེ་ཉེན་ལེགས་པར་བཤད། དགྲ་ལ་མཚོན་རྩེ། གཉེན་ལ་སྐྱོར་ཁ་གཅིག་ཟེར་བའི་ལུང་དོན་ལྟར་དགྲ་ལ་ནུས་འདོན། རང་ཕྱོགས་སུ་ཞོད་འཇགས་དགོས་པ་སོགས་སྤང་བླངས་གན་རྒྱར་བཀོད། དོན་འགག་ཐེལ་ལུང་གིས་བསྡམས། གན་རྒྱའི་གལ་ཐོའམ་དོན་ཉན་སྒྲུབ་བྱེད་པ་ལས་མི་འདའ་བའི་འདུན་པ་ལྟར་ཁ་དཔེར། དཔེ་རྒྱ་ཤོག་དཀར་ཆུང་ལ་དོན་སྣག་ཚའི་རི་མོ། འགག་ཐེལ་ཚེ་ཁྲ་མོ་ཟེར་བ་ལྟར། དོན་ཉན་ལོག་སྤང་བླངས་ཀྱི་དོན་རྩའི་འགག་ལ་སོ་སོས་ནན་ཏན་དགོས་པའི་ཕྱིར་དང་མི་འགྱུར་བའི་ཕྱིར་མིང་བྲིས་རྟགས་བཞག དེ་དོན་སེམས་ལ་བཟུང་ནས་རང་རང་གི་སྲོག་འཚོ་བའི་རྟ་ཕོ། མགོ་ཕིབས་ཀྱི་གུར། སྲོག་ཁེབས་ཀྱི་ཁྲབ། འཆོར་སྐྱོང་གི་ལུས་ཆས་རྣམས་ལ་ཁྲལ་འཇམ་དུ་མ་སོང་བར་དང་དོད་ཆེ་བར་བྱེད། ལྟད་སྟོན་གྱི་ཡུལ་མིའི་ཁྲོམ་ཚོགས་སར་འཆོར་སྐྱོང་བྱེད་ཟེར་བ་ལྟར་མི་འདྲ། རྒྱལ་ཁམས་ཀྱི་མི་ང་ཡིན་བསམ་པ་ཀུན་འདིར་ཚོགས་པ་ཡིན། རང་ལ་དཔག་པའི་ཟལ་ཐོན་པར་བྱེད་དགོས་སོ། །དམག་འདི་ལ་མེད་དུ་མི་རུང་བའི་མི་བཞི་དགོས་ཏེ། ན་བ་གསོ་བའི་སྨན་པ། ལེགས་ཉེས་སྟོན་པའི་མོ་མ། དགྲ་གྲོགས་བརྩི་བའི་གཡུལ་རྒྱལ། དགྲ་ལྷ་གསོལ་བའི་ཐུགས་དཀར་དང་བཞིའོ། །དང་པོ་གཡུལ་རྒྱལ་གྱི་གཟའ་སྐར་དང་། སྒྲ་གཅན་གྱི་འགྲོས་དང་དང་ཕྱོགས་རྩིས། གཏོ་བསྒྱུར་གཟའ་གསོལ་ཏེ། དཔའ་བོ་སྟག་ལྟར་ཆས་པའི་ཁྲིམས་ཀྱི་ཐོག་མ། དམག་ལས་ཀྱི་སྒར་ཐོ་རྒྱབ། དེ་ལས་མ་འགལ་བར་སྒར་ཕབ། དགྲ་ཕྱོགས་སྒར་སྒོ་དང་མཚོན་རྩེ་གཏད། རང་ཡུལ་ལ་དཀོན་མཆོག་གི་རྟེན་དང་སྔས་བསྟན། རྟགས་དུང་རྟགས་རུ་བཏེག་པ་ནས་བཟུང་སྒྲིག་མ་འཆུག་པར་བྱ། རྟགས་དུང་གསུམ་པ་ལ་དཀྱིལ་སྒར་ནས་དོ་དམ་པ་རྣམས་འཛོམས་ཚར་བ་བྱས་ནས་དམག་ལས་ཀྱིས་འདེགས་ཁྲིམས་ཚུགས་མལ་ཤོ་རིམ་བཟན་ལེན་ཤོ་རྒྱག་སོགས་དགྲ་ཕྱྭ་གྲོགས་ཕྱྭའི་སྒར་སྐད་སློབ་སྟོན་མཐིན་ཕྱིན་པ་བྱེད་དགོས། འགྲིམ་དུས་འདེགས་དུང་གསུམ་གྱི་དང་པོ་ལ་མེ་ཁ་གསོ་བ། གཉིས་པ་ལ་གུར་བསྡུ་པ། གསུམ་པ་ལ་གཡས་རུ་ནས་རིམ་བཞིན་གཤེགས་པའི་དགྲ་ཟོན་ལམ་འཕྲང་ལ་དཔགས་པའི་འགྲིམ་ལུགས་ཤོ་རིམ་བྱས་ཏེ་ཆུང་ཁལ་ཆེ་ཁལ་གྱི་མི་བརྫི། ནད་པ་ལ་སྦུད་མི་རྒྱག ཀོ་གྲུ་སྲ་བཙན་དུ་འཛིན། ལམ་ལ་ཆས་ཀ་སྐྱུར་བ་བརྩད་ཆོད་ན་བརྔན་པ་མི་དགོས། སྦེད་བློ་ཤུག་བློ་བྱས་ན་ལྡབ་འཇལ། གོང་བཏོགས་བྱས་པ་ལ་ངོ་བོ་བརྒྱད་མཇལ། ཉིན་རྐུན་ལ་སྐྱིན་འཁྲིད་ཚབ་གསུམ་དང་ཆད་པ། མཚན་རྐུན་ལ་ངོ་སྤྲོད་མ་གཏོགས་ཆད་པ་འཇལ་མི་དགོས། རྐུན་མ་ཟིན་ན་ལག་པ་རྒྱབ་བཀྱིག་ཙམ་མ་གཏོགས་བརྡུང་སོགས་མི་བྱེད། ཁྲིམས་རར་མི་འཛུད་དེ། སྒར་མཚན་མོ་གསང་བའི་དགོས་པ་ཡོད་པ་ཡིན་ནོ། དགྲ་དང་ནོར་ནས་བསད་པ། མདའ་འཁྱམས་རྡོ་འཁྱམས་ཀྱིས་བསད་པ་སོགས་ལ་དགེ་བ། ནང་འཐབ་མི་དཔུང་དགྲ་སྡེབས་གོ་གྱོན་མཚོན་ཐོགས་ཀྱིས་བསད་པ་ལ་ཆད་པ་འདབ་འཕར་དང་སྙིང་གནོན་ལྡབ་འཇལ། རྨས་འཇལ་ཡང་དེ་འགྲོས། བྱུར་ཆགས་ཐུབ་པ་དཔེ་འདྲ། ལོང་ཅན་རྭ་ཅན་གྱིས་བསད་པར་རུ་དམར། ཡུལ་སྲུང་དར་ལྕོག་བཅོམ་པ། རང་ཕྱོགས་བཅོམ་པ་སོགས་ལ་འགོ་མིའི་རྟ་ཁྲབ་དཀྱིལ་སྒར་དུ་བཞེས་པ། གཤེར་ངོ་ཡོད་ངོ་མེད། ངོ་མེད་སྐྱིན་ཚབ་སྤྲོད་ལེན་མི་སྣ་ལ་བཅུ་ཁ། ཇག་པའི་ཁྲབ་ཤུལ་ཟེར་ཁྲབ་གང་ཡོད་ལ་རྒྱུ་ནོར་གྱི་བཅུ་ཟུར་ལེན། ཐོབ་ཤོར་ཁ་གྲངས་ལ་མ་འཆམ་ན། མནའ་གཡག་ཏུ་ཁུག་ཅེས་ཤོ་རྒྱབ་པའི་ཐོབ་པོས་ཁ་གྲངས་ལ་སྐྱེལ། ཤོར་པོས་སྐྱིན་ཚབ་ལ་སྐྱེལ། དགྲ་གཉེན་ཆ་ཕྱེད་ལ་བགོད་ཁོངས་གང་བྱུང་ཇག་པ་མནའ་སྐྱེལ་དང་སྤྲོད་གསུམ་སྤྲོད་ཟེར། སེམས་ཅན་ཆེ་ཆུང་ཅི་ཤོར་ཀྱང་ཁ་ཚང་གི་ཆ་ཕྱེད་གཅིག དབྱར་གཉིས་ཀྱི་ཆ་གཅིག བེའུ་ལུག་གི་ཆ་གཅིག་སྤྲོད་པ། དཔེ་གཡང་མོ་རྦབ་ལ་ཤོར་ཀྱང་ལྷུ་དྲུག་ལྤགས་ཁུད་མི་ཚང་བ་ཟེར་བ་དེ་ཡོང་ཞིང་། དམག་རོང་རིགས་ལ་འགྲིམས་ན་ཁྱི་སྐྱེད། རི་དྭགས་པ་ཉིན་གཅིག་ཙམ་གྱི་སྔོན་མ་བཏང་བས་ས་འཁྲུ། རྒན་མི་ཉམས་ཆེ་བས་རྫབ་ལྟོས། དང་པོར་དགྲ་འཚོལ། དེ་ནས་ཤ་ལྟོས། རྒྱ་རུ་དང་ཚོམ་ཁྱི་སྤྲོད། གཞོན་པས་དང་པོར་ས་འཁྲུས། དེ་ནས་ཁྱི་བཀྱེ། དགྲ་འདུག་ལ་ཤ་ཞོག་ལ་ལན་ཐོངས། ས་འཇམ་ན་ཤ་འཚོལ། གཞོན་ལས་ཀྱིས་དབུགས་ལོངས། རྒྱ་ཁྱི་འཇམ་པ་ལ་གླ་རྩི། ཁྱི་ལ་མགོ་མཇིང་། རྒྱ་ལ་པགས་པ། ཤ་ལོངས་པ་ལ་ཤ་འགྱེད་དུ་ཆེ་ཐོབ་ཆུང་ཐོབ་བགོ་དགོས། བྱང་ཐང་ཡངས་པ་དང་དགྲ་ཁ་སོ་ཐུག་པར་རྟ་ཕོ་གཏོང་དགོས་ཏེ། དེ་ཡང་ས་ངོ་མ་ཕག་གི་རྩིབས་བཅད་དེ། མཚན་སྔ་རུ་ལ་ལྡན་པ་ཕབ། ཉིན་ཕྱི་རུ་ལ་ཧོར་བཏེགས་ཀྱིས་ཟེར། མཚན་ལ་ས་ཉན། ཉིན་ལ་མིག་སྒྲུངས་ཏེ་དགྲའི་འགྲིམ་འགྲུལ་བྱེད་པ་དང་། རི་དྭགས་རྒྱུ་ས་མ་འཁྲུལ་པ་དགོས་ཤིང་། དགྲ་འགྲིམ་པའི་ཚེ་རྟའི་རྡུལ་ནི། གཅིག་ཏུ་འཕྱུར་སེ་གནམ་ལ་སྐྱ་འཕྱུར་འགྲོ་ཞིང་། རི་དྭགས་རྒྱུགས་པའི་རྡུལ་ནི་འཐོར་འཐོར་ཞིང་སྐབས་རེ་སྐབས་རེར་སྐྱ་འཕྱུར་འཕྱུར། ཕར་ཡལ་ཚུར་ཡལ་བྱེད་པ་གཞན་ལས་བྱིངས་ཆུང་བ་ཞིག་ཡོང་། དངོས་སུ་མཐོང་བ་ནི་རི་དྭགས་རྐྱང་འགྲིམ་པ་ནི་སྐྱ་ལྷེབ་ལྷེབ་པ། འབྲོང་འགྲིམ་པ་ན་ནག་ཉིལ་ཉིལ་བ་ཡོང་། དགྲའི་རྟ་པ་བྱང་རིགས་ཧོར་སོག་ཡིན་ན་ཐུམས་སེ་འགྲིམ་པ་དང་། བོད་རྟ་ཡིན་ན་ཤར་སེ་འགྲིམ་པ། ཁལ་མ་ཡིན་ན་ཉོར་འགྲོས་སུ་ཡོང་བ། རྐང་དམག་ཡིན་ན་ཆགས་སེ་འགྲིམ་ཡོང་བས་དེ་རྣམས་བརྟགས་ཤིང་། དགྲས་བྱ་ལོག་གི་མེ་བརྫུས་དང་། ཡང་སྒར་ཕབ་པའི་མེ་ཁ་མ་ནོར་བ་དགོས་ཏེ། མེ་བརྫུས་མ་ནི་གཞན་ལས་བཀྲག་ཆེ་བ་གཅིག་གཅིག་གཉིས་གཉིས་ནས་འདྲེན་ཐུབ་པ། ས་ཡུལ་དེ་གཞན་ལས་ཐང་དཀར་ཞིང་སྐྱ་འཆལ་བ་ཞིག་ཡོང་། སྒར་མེ་ངོ་བོ་ནི་ས་ཡུལ་གཞན་ལས་བྱིངས་ཆེ་བ་མེ་རབ་རིབ་མང་བ། མེ་དམར་ནག་རྩེགས་རྩེགས་ཡོང་བ་ཞིག་འདུག་ན་ཡིན་ཏེ་མ་འཁྲུལ་བར་བརྟག་དགོས་སོ། རུ་འཛིན་གྱིས་དར་འཕྱོར། སོ་པས་སོ་སྒྲིམས་ཞིང་དེ་ནས་དགྲ་དང་གཡུལ་འཐབ་པའི་དུས་སུ་རུ་གསུམ་ལ་ཐུག་གསུམ་རྔ་བརྡ་གསུམ། ཐམས་ཅད་དུང་ཆེན་དང་རྐང་གླིང་གནམ་ས་འབིར་བ་ལྟ་བུ། གཡས་ཀྱི་གདོང་དུ་མེ་མདའ་པ། གཡོན་གྱི་གདོང་དུ་མདའ་པ། བར་བར་དུ་མདུང་དང་མདུང་ཐུང་རྟ་གྲི་ཐོགས་པ། ཞོལ་བཏགས་ལྕགས་སྦྲེལ་ཁྱེར་བ། དེའི་རྒྱབ་ཏུ་རྟ་རྐང་བསྲེས་པས་དམག་ཚོགས་བཙན་ཆས་པ་ལྟ་བུ། དེའི་རྒྱབ་ཏུ་རྒྱབ་དམག་གི་དཔུང་ཚོགས་བྱ་སྤུ་སྣོལ་དུ་ཡོད་པ། ཟུར་དམག་གཡས་གཡོན་རྟ་པ་སག་ཐག་པའི་རིགས་རྟ་སྒྲོམས་སུ་སྤུངས་ནས་ཐུམ་ཧྲིལ་སེ་འཕྱོ་བ། རུ་ཁྱེར་འཁྲིད་བརྡ་རོལ་ལ་བལྟས་ནས་འགྲིམ་ན་ཅབ་སེ་འགྲིམ། སྡོད་ན་ཐུམས་སེ་སྡོད་པས་དཔུང་དེས། བྱང་རྟ་དམག་གི་དགྲ་ལ་སྤུང་བ་དང་། ལྷོ་མོན་གྱི་དགྲ་ལ་འགུགས་པ་དང་། བོད་རྟ་རྐང་གི་དགྲ་ལ་བསྒྲིགས་ནས་དམག་དཔོན་གྱི་བྱུས་ཁ་ཏ་ལ་རྣ་བ་གཅིག་ཏུ་གཏད་ནས་ཉན་ཏེ། དགྲ་ལ་འཁྱུ་བའི་ས་སྐལ་མ་བཞག་ན་གཡག་ཆད་གད་ལ་མཆོང་བ་དང་འདྲ། རང་ལ་འཁྱུ་བའི་ས་ཆ་མ་བཙལ་ན་གྲོག་པོ་མགོ་བཏུམ་དུ་བཅུག་པ་དང་འདྲ་ཟེར་བ་ཡིན་པས། འདས་མ་འོངས་ལེགས་པར་རྩིས། ཐུགས་གསུམ་གྱི་འཕྱར་སྟབས་ལ་བལྟས་ནས་འཛིངས་པས་གཡུལ་ལས་རྣམ་པར་རྒྱལ་ཏེ་དཔའ་བོ་སྟག་གི་མིང་བཟང་པོ་ཐོབ་སྟེ། དེ་ཉིན་དམག་གི་གཡུལ་གང་སླེབས་ཀྱི་ས་ཆ་ཡུལ་མཁར་རྟ་རྨིག་ཁྲབ་བཤམ་ཟེར། དམག་བྱུས་ཀྱི་བསྡུ་སོ་འཇོག་ཁའི་སྐབས་ལ་ཡང་བརྗེད་མེད་དུ་དཔའ་ཚན་ལ་ཆོད་འགྲོ་བ་ཡིན་ནོ།།   །།གཉིས་པ་སྡར་མ་ཝའི་ཞལ་ལྕེ་ནི། ཞུམ་པའི་ཐད་སྙད་དུ་བྱས་ཏེ། དཔའ་བོས་རྫོང་མཁར་ལ་བསྐོར་ན། ཁ་འདོན་དང་འབོར་ཉུག་མང་པོ་མི་བྱེད། གཞི་མཁྲེག་པར་བཟུང་། མདའ་རྡོའི་ལག་ཆ་དགོས་མེད་ལ་མི་རྒྱག བཙན་དམིགས་དང་ཆུ་སྤེལ་གཟབ། ཕྱི་ནང་འདྲེས་སུ་མི་འཇུག ཇོ་མི་བཟང་། བར་ཆིངས་ལ་རྒྱག་མི་བསྒུལ། གཡུལ་དུས་འཕམ་ན་སྐུ་ཆེ་ཆུང་ལ་མ་ལྟོས་པའི་ཁྲབ་རྨོག་དཔའ་བོ་ལ་གཏོང་། དེ་བབས་པ་མཐོང་ན་བསད་པའི་དཔེ་མེད། གལ་སྲིད་བསད་པ་བྱུང་ན་སྡར་མ་མཚོན་ཐོག་ཏུ་དཔའ་ཟེར་བའི་ཁ་གཤགས་མི་ཐུབ། དམག་དཔོན་དང་དམག་དཔོན་ཐུག་ནས་སྡར་མས་སྲོག་བབ་བཏང་ན་ལག་པ་དར་མདུད་ཀྱིས་བཀྱིགས། རྟ་རང་རྟ་ལ་བསྐྱོན་ནས་རང་དང་ཡུལ་གཉན་མི་གཉན་ལ་དཔགས་པའི་སྟེང་གོས་གཡོགས་ཏེ་ཚུལ་མ་དོར་བར་འཁྲིད། ཕལ་པ་དྲན་སྤྲ་ལག་ཅན་ལ་ལག་པ་རྒྱབ་ཏུ་བཀྱིགས། སྐྲ་སྙིལ་དོར་འཇོལ་བྱས་ལ་འཁྲིད་པ་དང་མགོ་མི་ཡིན་ན་རྟ་ངན་ལ་སྒ་ཆག་མཇུག་ཕབ་སྟེ་དྲེས་ཡོབ་དྲེས་མཐུར་བྱས་ཏེ་འཁྲིད་པའི་སྲོལ་འདུག རྫོང་མཁར་ནས་ཕབ་ན་དམར་འབེབས་ལ་གོང་དང་འདྲ་ཞིང་། ལབ་ཁོག་ནས་ཕབ་ན་དམག་དཔོན་དམག་ལས་ལ་བབས་རྟེན་རྒྱུ་ནོར་དགོས་ཤིང་། བབ་གཏད་ནས་ཁ་ངན་ཚིག་ངན་མི་གཏོང་། གདན་བཟོས་བདག་རྐྱེན་སྔར་བབས་ལས་ལོད་པ་མི་བྱེད། སྐུ་ཆེ་བ་ཡིན་ཀྱང་འདི་སྐབས་སུ་ཆིབས་བསུ་སྐྱེལ་མི་དགོས། ལབ་རིགས་ཀྱི་བུ་གཏེ་ལ་ཆས་ཟུར་གསོས་ལྷ་མགུ་མི་མགུ་གཏོང་ངོ་། །འགྲོ་རྫོངས་གཟབ་བཙོན་ཡིན་ཡང་ལབ་དན་ལ་འཁྱོལ་ནས་གཏོང་བ་ལ་བཙོན་རྫོངས་དྲག་ཞན་ལ་དཔགས་པ་སྟེར། ཕྱིན་ཆད་ཀྱི་སྡོམ་ལ་ཀོ་དམར་མདུང་ཚོམས་ཁྲག་གཞོང་སོགས་སུ་རྩི་ཁ་དམ་པར་ལེན་ཅིང་། མི་རབས་མ་སོང་གི་བར་འཕམ་སློག་བློ་ངན་གྲོས་ངན་མི་བྱེད་པ་དང་བཅས་གཙང་སྟོད་རྒྱལ་བློན་གྱིས་མཛད་པའི་དཔའ་བོ་སྟག་དང་སྡར་མ་ཝའི་སྐབས་ཀྱི་ཞལ་ལྕེ་རྫོགས་སོ།། །།

མཐོ་བོད་ཀྱི་ལུགས་ཟུང་རྒྱས་པའི་རྒྱུར་གྱུར་ཅིག   བསྟན་སྲུང་རྣམ་རྒྱལ་ནས་གུས་བཅས།