༄ །འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང་རྒྱལ་དབང་འཇིག་རྟེན་གསུམ་མགོན་དུས་ཀུན་ས་སྟེང་གི་ཀུན་ཁྱབ་༸རྒྱལ་བསྟན་ཡོངས་ལ་མངའ་དབང་བསྒྱུར་བ་ཐམས་ཅད་མཁྱེན་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་འབོད་པའི་གཏམ།

འཛམ་བུའི་སྒྲ་དབྱངས་ཀྱིས་ཤིས་པའི་གླིང་ཆེན་པོའི་ནང་ཚན་བསིལ་ལྡན་ཁ་བ་དཀར་པོས་ཁོར་ཡུག་ཏུ་མཛེས་པའི་ཞིང་འདིར་གནས་ཤིང་རྒྱུ་བའི་སྐྱེ་རྒུ་སེར་སྐྱ་མཆོག་དམན་བར་པ་སྤྱི་དང་། བྱེ་བྲག་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ལས་བཞིའི་སྣེ་འཛིན། ལྷག་པར་རྩེ་ཕོ་བྲང་འདི་ཉིད་དུ་འདུ་འཁོད་སྤྱི་ཁྱབ་འགོ་འཆིངས་ནང་མ་མཁན་སྡེ་ཆེ་ཆུང་། ཕོགས་མདའ་རྩིས་སྲས། རྩེ་ཤོད་ལས་ཚན་པ། དྲུང་དྲག་འབྲིང་དཀྱུས་གསུམ། དྲུང་གཏོགས། ནང་གཟན། སྒོ་ར་ཁང་གཉེར་སོགས་དང་། སྔར་སྲོལ་དམིགས་བསལ་འཁུར་འཁྲིའི་ཁྱབ་འདོམས་བྱེད་པོ་རྩེ་འཕྲལ་བདེ་བའི་ལས་འཛིན་རིམ་འབྱོར་བཅས་མཐའ་དག་ལ་བཟློ་བ། འཕགས་མཆོག་རིགས་གསུམ་མགོན་པོའི་ཡེ་ཤེས་སྒྱུ་མ་རོལ་པའི་ཟློས་གར་ལྷ་བཙན་མེས་དབོན་རྣམ་གསུམ་གྱི་བཀའ་བོད་ཆོལ་ཁ་གསུམ་དུ་གྲགས་པའི་དབྱིག་འཛིན་གྱི་ལྟེ་བ་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོའི་སྟེང་ཤོད་བར་གསུམ་དུ་སྲི་ཞུའི་འཛིན་སྤྲས་དང་། ཞབས་འབྲིང་སེར་སྐྱ་དྲག་ཞན་ཚང་མའི་འགྲོ་འདུག་སྤྱོད་ལམ་སོགས་གང་ཅིའི་སྐོར་སྔོན་ནས་བླང་དོར་བྱེད་སྒོ་རིམ་པར་ཡོད་འདུག་དོན། ཚང་མས་དེ་དག་གིས་དོན་བཞིན་སྒོ་གསུམ་གྱི་སྤྱོད་ཚུལ་ཕྱིན་ཅི་མ་ལོག་པ་ཞིག་དགོས་གནས་ཀྱང་། ཕྱིས་ཁྱབ་འདོམས་བྱེད་པོར་ཤེས་སུ་བཅུག་པ་རྣམས་ནས་བསྐྱུར་འཇོག་གིས་ཁྱབ་འདོམས་ལྷོད་ཡངས་དང་། སྤྱི་བྱིངས་ནས་ཀྱང་གནས་དུས་ཚོད་རྩིས་ཀྱི་སྣང་ཆུང་བག་ཡངས་མི་ལྟོས་རིམ་ལད་ཀྱི་སྔོན་གནང་རྩ་ཚིག་གི་འབྲུ་དོན་རལ་བོར་གྱིས་སྒྲིགས་ཁྲིམས་འཆལ་སྤྱོད་སོགས་ཅི་རིགས་ཤིག་འདུག་ན། ད་ཆ་བྱེད་སྒོའི་དོན་སྙིང་རྩེ་ཕོ་བྲང་ཆེན་པོ་འདི་བཞིན་དོན་དམ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཞལ་མེད་ཁང་འགྲན་ཟླ་མེད་པའི་སྐྱེ་རྒུའི་ལེགས་བྱས་བསོད་ནམས་ཀྱི་མཆོག་ཏུ་གྱུར་གཤིས་ཆེ་བའི་དགེ་མཚན་གྱི་ཁྱད་པར་དང་། ལྷག་པར་འཛམ་གླིང་བསྐལ་བའི་མངའ་བདག་གནམ་བསྐོས་ས་ཡི་ཚངས་པ་དང་ཉི་ཟླ་ཟུང་དུ་འབྲེལ་ཞིང་། གསེར་གྱི་འཇའ་ས་དང་། ནོར་བུའི་ཐམ་ཁ་སོགས་བླ་ན་བཀུར་བའི་སྲི་ཞུའི་ལུང་ལས་དང་བཅས་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་བདག་པོ་སྲིད་ཞིའི་གཙུག་རྒྱན་དུ་དབང་བསྐུར་བར་མ་ཟད། དེང་དུས་ངོས་ནས་བསིལ་ལྗོངས་ཆོས་སྲིད་གཉིས་ལྡན་གྱི་འཁུར་སྐྱོང་ཐོག ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་གཉིས་ཀྱི་འཇུག་ལྡོག་དང་བཅས་སྔར་སྲོལ་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་གྱི་ཐབས་ཚུལ་ལྷུར་ལེན་པའི་སྐབས་འདིར། ས་ཆེན་པོར་དབང་བའི་སྔོན་གྱི་ཆོས་ལྡན་རྒྱལ་པོ་རྣམས་ཀྱིས་ཀྱང་ཡུལ་སྲིད་ཀྱི་ཁྲིམས་ལ་བརྟེན་ནས་བསྟན་འགྲོ་ཕན་བདེའི་དགེ་མཚན་བཞད་པ་ལྟར་ལུགས་གཉིས་ཀྱི་མདུན་སར་ལྷགས་པའི་སྐྱེ་འགྲོ་སྤྱི་དང་། ནང་ཚན་རྣམ་ཀུན་གཞུང་ས་ཆེན་པོའི་བཀའ་དྲིན་གྱིས་འཚོ་བའི་ཞབས་འབྲིང་པ་མཆོག་དམན་བར་བའི་སྤྱོད་ལམ་གང་ཅི་དགའ་ལྡན་ཕོ་བྲང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གཞུང་ས་ཆེན་པོའི་མཚན་ལར་དགུང་འདེགས་གཏམ་དོན་གཉིས་དགེའི་བག་ཡོད་གུས་འདུད་ལྷུར་ལེན་ཞིག་མ་བྱུང་ཚེ་ལྷ་ལྡན་གཙུག་ལག་ཁང་གིས་གཙོས་བྱིངས་བཞིའི་འཛིན་སྤྲས་ལའང་ལམ་ངན་མུ་འབྱམས་ཤུགས་ཀྱིས་ཉམས་ཆག་དང་། མཐའ་གྲུའི་སྐྱེ་བོ་ཀུན་གྱི་བྱ་སྤྱོད་བཟང་པོའི་སྲོལ་རྒྱུན་སོགས་སྙིགས་མའི་རྒུད་མདངས་ཀྱིས་རིམ་ཉམས་སུ་འགྲོ་བ་ཀུན་ཤེས་བཅས་ད་སྒོས་གུང་བཀའ་བློན། སྤྱི་ཁྱབ་མཁན་པོ་སོགས་མི་དྲག་ཁག་དང་། གམ་བཅར་མཁན་སྡེ་ཆེ་ཆུང་། ཕོགས་མདའ་རྩིས་སྲས། དྲུང་དྲག་འབྲིང་དཀྱུས་གསུམ་བཅས་པར་གཞུང་ས་ཆེན་པོས་ཆོས་སྲིད་གཉིས་ལྡན་གྱི་བཀའ་དྲིན་མངོན་པར་ལྕི་བས་འཕྲལ་ཡུན་དུ་ཇི་ལྟར་འཚོ་བ་སོ་སོའི་བློ་མངགས་བཞིན། སྐྱེ་རྒུའི་བདེ་སྐྱིད་ཀྱི་གཞི་རྩ་ལུགས་ཟུང་བླང་དོར་གྱི་རྣམ་གཞག་ཇི་བཞིན་བག་ཡོད་ཚུལ་གནས་ཐོག སྤྱི་དང་བྱེ་བྲག་གི་འཆར་འཕར་ཁུར་འཁྲིའི་གཞུང་དོན་སྲི་ཞུ་གང་ཅིར་ལོག་སྤྱོད་གཡོ་ཟོལ་སྤངས་པའི་གནས་དྲང་འབྲེལ་འཁུར་བསམ་རྣམ་དག་སོགས་བོད་རྗེ་སངས་རྒྱས་རྒྱ་མཚོའི་དྭངས་ཤེལ་མེ་ལོང་དང་། སྤྱིར་བཏང་དམིགས་བསལ་གྱི་རྩ་ཚིག སྤྱི་སྒྲིགས་གན་རྒྱ་བཅས་པའི་འབྲུ་དོན་འགལ་མེད་སྔར་སྲོལ་དགོས་རྒྱུ། གཟིམ་འགག་ཏུ་སེར་སྐྱ་ཚང་མས་གྱོན་ཆས་རལ་རྡོལ་མཐའ་ཧྲུལ་མིན་པ་རྩེ་དྲུང་ནས་དྲུང་སྟོད་དང་། སྐྱ་བོ་རྣམས་སོ་སོའི་ལས་གོས་རུང་མཐུན་ཐོག་ལྷམ་འཇའ་ཆེན། ཧབ་ཁྲ། རྟ་ཟོམ་བཅས་ལས་གང་དྲན་གྱོན་མི་ཆོག་པ་མ་ཟད། ཕྱི་ནང་གི་འགྲོ་འདུག་སྤྱོད་ལམ་གྱི་རིམ་པ་ཇི་བཞིན་དབྱེ་བའི་ཚང་མས་སྒོ་གསུམ་སྤྱོད་ཚུལ་ཆེ་ཕྲག་བག་ཡངས་དང་ཉམས་དམས་སུ་མི་སྤྱོད་པར་ཆོས་དང་སྲིད་ཀྱི་ཆེ་བཀུར་གུས་འདུད་ལྷུར་ལེན་སོགས་གནའ་བོའི་སྲོལ་བཟང་ཉམས་མེད་དགོས་རྒྱུ། བཀའ་ཤག་གིས་མཚོན་ལས་ཁུངས་གར་ཡར་རྩེ་དྲུང་ནས་དྲུང་སྟོད་མ་གྱོན་པ། ལྷམ་རས་ཟོམ་སག་མཐིལ་མ། གཙང་ཟོམ་དང་། དུག་ལྷམ། སྣམ་སྟོད་རས་སྟོད་བཅས་གྱོན་པ། སྐྱ་བོ་རྣམས་ནས་ཀྱང་ཆས་གོས་ལྷམ་སོགས་གང་དྲན་གྱོན་པ། ཐ་མ་ཁ་འཐེན་པ་བཅས་ནམ་ཡང་མི་ཆོག ལྷག་པར་བདེ་ཡངས་ཤར་གྱིས་མཚོན་མི་མང་མཐོང་སར་ཨོར་སྦོག་ཐོག་སྣམ་སྟོད་གྱོན་པ་སོགས་ངན་སྤྱོད་རིགས་མི་བྱེད། ཞོལ་སོགས་གཞུང་སྒེར་གྱི་ལས་དོན་ལ་རྒྱུ་སྐབས་ཀྱང་སྤྱོད་ལམ་ལུགས་མཐུན་ལས། གྲོང་ཁྲོད་ཁྲོམ་བར་དང་། ཟ་ཁང་སོགས་ལས་ཚུལ་མིན་འཁྱམས་མྱུལ་རིགས་མི་འགབ། རྩེ་དྲུང་རྣམས་བཀར་ཡོང་། མང་བསྐོལ་སོགས་ཕྱོགས་ཐོན་ལ་ཆ་ལུགས་རུང་མཐུན་ལས་ལྷ་ལྡན་ནས་ཐོན་སྐབས་སོག་ཆས་སྟབས་བདེའི་རིག་མི་ཆོག སྐྱ་བོ་རྣམས་ཀྱང་ཕྱོགས་ཐོན་སྐབས་རྒྱ་སོག་གི་ཆས་གོས་ཚུལ་མིན་སྟབས་བདེའི་རིགས་གྱོན་ཏེ་རྡོ་རིང་ནང་མ་དང་། རྟ་སོ་ཡན་ལ་འགྲོ་འདུག་མི་ཆོག་གདན་གཉེར་དྲུང་གཏོགས་བཅས་རྩེ་ཤོད་ལས་ཁུངས་སུ་འགྲོ་འདུག་སྐབས་ལུས་ཆས་རུང་མཐུན་ལས། རྒྱ་ལྷམ། དུག་ལྷམ། གཙང་ཟོམ་གྱོན་པ། རྒྱ་གྲི་ཕོར་ཤུབས་དང་། ཞྭ་འབོག་མེད་པར་རྒྱུ་འགྲུལ་མི་ཆོག སྒོ་ཁང་གད་པ་བཅས་ནས་རང་དོན་སྒྲུབ་ཕྱོགས་གཙོ་འདོན་གྱི་ཡལ་ཡོལ་བོར་ཏེ། ཁབ་འཚེམས་མངགས། སྦུད་པ་དབུགས་མངགས་ལྟར་མིང་དོན་མཚུངས་པའི་རང་རང་འཁུར་འཁྲིའི་ས་གནས་སུ་གཏན་སྡོད་ཐོག ཕོ་བྲང་སྟེང་ཤོད་ལེ་ལག་བཅས་པར་ཉིན་ལྟར་གད་ཕྱི་གཙང་ལྡན་ནམ་དུས་དང་བསྟུན་པའི་ཞིག་གསོ་འཛིན་སྤྲས་དང་། ཨར་བཅགས་ཞིབ་འཇུག་ཐོག་མཆོག་དམན་སུ་ཐད་ནས་ཁྲིམས་འགལ་ལོག་སྤྱོད་དང་། མེ་རྐུན་སོགས་མི་འབྱུང་བའི་ལྟ་རྟོག་འོན་སེང་ལྷོད་ཡངས་སུ་མ་སོང་བ་འཐུས་ཚང་གིས་སྲི་ཞུ་ཆེ་བའི་འཛིན་སྤྲས་རྣམས་ཚགས་སུ་ཚུད་པ་ཀུན་གྱི་ཡིད་མཐུན་དང་བསྟོད་ཀུན་བླང་བྱེད་ཅིང་། གཟིམ་འགག་དང་། མཇལ་དུས་བཅས་པར་རྒྱང་སྐད་བབ་ཅོལ་རིགས་མི་ཆོག་པ་ཁུངས་སོ་སོས་ཞིབ་འཇུག་བྱེད། འཕགས་པ་ལྷ་ཁང་དང་། གསེར་སྡོང་ཁག་གི་སྐུ་གཉེར་རྣམས་མཆོད་ཁང་སྒོ་འབྱེད་ཀྱི་ཉིན་མཚམས་བར་བསྡད་ཐོག་སྒོ་རྒྱག་སྐབས་གསེར་ཀོང་མཚན་ཐུབ་རེ་མེ་ཉེན་མེད་སར་སྤར་འབུལ་གྱིས་དེ་བྱིངས་སྤོས་བསངས། མར་མེ་སོགས་ལུས་མིན་ཞིབ་འཇུག་ནན་ཏན་དང་། མཆོད་ཁང་སྒོ་རྒྱག་འབྱེད་བཅས་པར་གཞུང་དོན་གལ་ཆེ་དམིགས་བསལ་ལྕོགས་མི་ན་གྱི་རིགས་ཡོད་ན་མ་གཏོགས་རྩེ་དྲུང་ངོ་མ་རང་ཡོང་བ་ལས་གཡོག་རིགས་བྱེད་མང་དང་། རྫི་མེད་སྣང་ཆུང་ཁ་མ་བུད་བློ་གདེང་མི་འཁེལ་བའི་རིགས་ལ་ཕྱག་ལྡེ་བསྐུར་གཏོང་མི་ཆོག དེ་བྱིངས་མཆོད་འབུལ་བ་རྣམས་ཀྱང་སྡོད་རྟག་ཅིང་། མཆོད་ཁང་སོ་སོའི་སྲི་ཞུའི་འཛིན་སྤྲས་སེང་ཤོར་མི་འབྱུང་བའི་ཐོག་ངོས་རིང་འཚོ་དང་། གངས་ལྗོངས་བསྟན་འགྲོའི་བདེ་ཐབས་ཆེད་ལས་ཁུངས་ཁག་གི་མཆོད་ཐོབ་ལ་བཅགས་འཕྲི་མེད་པར་འབུལ་བ་བཤམས་གྱི་རྒྱལ་གསོལ་མ་གྲུབ་པར་མཆོད་ཁང་སྒོ་འབྱེད་ཐོག་ཕྱོགས་འགྲུལ་རྟེན་དང་མཇལ་བ་སོགས་ནས་བློ་ལྷད་རྐུན་ཤོར། མེ་སྐྱོན་སོགས་མི་འབྱུང་བ་ཞིབ་འཇུག་གིས་གཏོང་ཞིང་། ཆོག་གྲྭ་བ་སྡོད་རྟག་མིན། མཆོད་པ་ཇི་བཞིན་ཕུལ་མིན། རྒྱུད་སྡེའི་ཆོ་ག་ཚུལ་བཞིན་གཏོང་མིན་སོགས་སྔར་རྒྱུན་འཕྲལ་བདེ་བ་ནས་སྐོར་གཡེང་ཞིབ་འཇུག་ཆག་མེད་བགྱིས་པས་འཐུས་སྒོ་ཚང་མིན་རིགས་ལ་འཕྲལ་འཕྲལ་བབས་བཀོད་དྲང་འབྲེལ་ནར་མར་བགྱིས་ཐོག ས་གནས་ཞབས་ལྷ་ཁང་གཉེར་ནས་ཀྱང་མཆོད་འབུལ་གད་བྱིངས་བཅས་པར་མགོ་འོག་ལུས་ཆུད་ཀྱི་བཀོད་འདོམས་དང་འབྲེལ་བར་མཐུན་དང་མཐུན་མིན་འཇུག་ལྡོག་ཚུལ་བཞིན་བྱེད་ཅིང་། རྩེ་དྲུང་རྣམས་དང་། མཆོད་འབུལ་བ་སོགས་ནས་གཟན་ཤམ་མ་གྱོན་པར་འགྲོ་བ། ཆས་གོས་རུང་མཐུན་མ་ཡིན་པར་ཧོར་ཆས་ཡ་མ་གཟུགས་གྱོན་པ། སེར་སྐྱ་སུ་ཐད་ནས་འཇག་ཞྭ་ཉི་ཁེབས། ནད་ཞྭ། རྒྱ་སོག་གི་ཞྭ་མོ། བགས་པའི་ཞྭ་མོ། ཞྭ་ཚད་མ་ལོང་པའི་འབོག་ཐོ་དང་། སོག་ཞྭ། བདེ་ཆས་དང་། ལྷམ་ལྕགས་གཟེར་ཡོད་པ། ཧད་དང་། འཇུ་ཏ་གྱོན་པ། ཉི་གདུགས་ཕུ་འཁྱེར། ཞྭ་གོས་ཡ་མ་གཟུགས་གྱོན་པ་དང་། སྟོད་ཧྲེང་དུ་སྡོད་པ། དཀར་གསལ་བཏེགས་སྣོད་མེད་པར་ཁྱེར་བ་སོགས་མི་ཆོག ཆེན་པོའི་གནས་ཀྱི་ཆེ་བ་དང་བཅས་ཕོ་བྲང་སྟེང་ཤོད་དུ་བརྡིབ་སྒྲ་དང་། ཕོ་བྲང་ཉེ་སྐོར་ཞོལ་བཅས་པར་ཀུ་ཅོ་སྒྲོག་པ། བྱ་བྱིའུ་ཚུན་སྲོགས་ཆགས་རིགས་ལས་གནོད་འཚེ་དང་། དོན་མེད་མེ་མདའ་རྒྱག་པ་སོགས་མདོར་ན་གོ་བབ་དང་། མཛེས་ལམ། རྟགས་དང་རྟེན་འབྲེལ་བཅས་ལ་མི་གཏུབ་པའི་བྱ་སྤྱོད་རིགས་མི་ཆོག་པའི་སྲུང་འདོམས་རྩ་ཚིག་གཞིར་གཞག་ཐོག གལ་ཏེ་བཀོད་ལུང་འགྲོ་མིན་རིགས་ས་ཁུངས་སོ་སོས་རང་འཚམས་བསྐྱུར་འཇོག་མིན་པར་ལས་ཁུངས་སུ་བརྡ་སྦྱོར་བྱེད། རྩེ་ནས་ཞོལ་སོགས་ཕོ་བྲང་རྒྱབ་མདུན་གང་སར་སྐད་རྒྱང་འབོད་པ། ལོག་སྐད་བརྒྱག་པ། རྡོ་དང་། ཟན་གོང་བསྐྱུར་བ། སྐས་ཁར་བརྡབ་ཤོག་དོས་དྲག་གི་བབ་འཛེགས་དང་། ཁ་དལ་སྤྱོད་དལ་གྱི་ཀུ་ཅོ་སྒྲོགས་པ། ལག་དལ་གྱིས་སྐྱ་ལྡེབས་སུ་ཡིག་རིས་བྲི་བ། ཁ་རྩོད་འཁྲུགས་འཛིངས་བྱེད་པ། ཤག་ནང་དུ་རུས་རྡོར་རྫོག་པ། སྤྲེའུ་དང་ཤ་ཁྱུ་བསྟེན་པ། སྐྱེས་བཙུགས་མེ་ཏོག་དང་། བྱིའུ་སོགས་ཉར་བ། གཡའ་ཕིན་སོགས་ཐ་མི་ཁ་འཐེན་པ། གང་ཚག་འཕྲེད་གཟེར། གྲི་རིང་དང་རྟ་ལྕག་སྐེད་གཟེར། གླིང་བུ་དང་། སྒྲ་སྙན། པི་ཝང་སོགས་གཏོང་བ། འགྲིག ཤོ་སྦག་མིག་མངས། ཨར་ལྕུག ཁབ་རྩེད། རྡེའུ་རྩེད་སོགས་ནམ་ཡང་མི་ཆོག ཕོ་བྲང་ནང་འཁོར་འདིར་སྔ་དྲོའི་ཆར་རྟེན་མཇལ་ཕྱག་མཆོད་བྱེད་མི་ཕྱོགས་འདུས་སེར་སྐྱ་མཆོག་དམན་བར་གསུམ་ནས་ཆས་གོས། འགྲོ་སྤྱོད་ཚུལ་མིན་རིགས་འབྱུང་བར་སྒོ་ར་བ་དང་། ཁང་གད་སོགས་ནས་རྟོག་ཞིབ་ཀྱིས་དགེ་སྐྱོན་བསླབ་བྱའི་ཐོག་བཀག་བྱ་ཕྱོགས་ལྷུང་མེད་པ་ཚུལ་ལྡན་གྱིས་བཏང་ངོས། རེ་གཉིས་ནས་རྟེན་མཇལ་སོགས་ལ་བསྙད་བློ་ལྷད་རིགས་མི་བྱེད་པའི་ངེས་པ་མཆིས་གཤིས་སྒོ་ཁང་ནས་ཞིབ་འཇུག་གིས་སྔར་མེད་དོགས་ཅན་མི་ཡན་སོགས་རང་གར་བཏང་མི་ཆོག རྒྱལ་གསོལ་བཏང་མཚམས་ནས་ཕྱི་དྲོ་བུད་མེད་རིགས་ཀྱི་རྒྱུ་འགྲུལ་བཀག་ཆ་དང་། དགའ་ལྡན་ལྔ་མཆོད་སོགས་སྐུ་མཆོད་ཁག་གི་ཀོང་འཛིན་འུལ་མི་ལྟ་བུ་ཕྱི་དྲོ་དམིགས་བསལ་རིགས་ཀྱང་འཕྲལ་གཏོང་འཕྲལ་འབུད་བྱེད། མྱོས་འགྱུར་བཏུང་བ་ལྐོག་གྱུར་དུ་ལོངས་མི་སྤྱོད་པའི་ངེས་པ་མ་མཆིས་ན་ད་ནས་བཟུང་གཟིམ་ཆུང་མགོན་ཁང་དང་། གྲྭ་ཁང་སྐུ་རིམ་སོགས་ཀྱི་ནང་མཆོད་གསེར་སྐྱེམས། གཞུང་དོན་རྒྱ་ཁུར་ཁང་དང་། བུར་ཆང་བཅས་ནམ་དགོས་དངོས་གནས་གང་ཡིན་དམིགས་བསལ། དེ་བྱིངས་ལ་མྱོས་འགྱུར་འཐུང་བ་ཉེས་པ་ཀུན་གྱི་དངོས་རྒྱུ་རྩ་བར་བརྟེན་སྒོ་ར་ཁང་གད། ཕྱག་ནང་། སྒེར་གཡོག རྣམ་རྒྱལ་གྲྭ་ཚང་གི་གྲྭ་གཡོག ཆུ་ལེན་པ་སོགས་སུ་ཐད་ནས་རྒྱལ་སྒོའི་ནང་ཁོངས་མྱོས་འགྱུར་ལེན་སྤྱོད་རིགས་ཀྱི་མཐོང་ཐོས་དོགས་གསུམ་གླེང་ཙམ་མི་ཆོག་ཀྱང་། དེ་རིགས་ཤར་ཚེ་ལུས་སྲོག་ལོངས་སྤྱོད་ཐོག་ཉེས་པ་ཕྱིས་འདོམས་གཅོད་ངེས་བཅས་དེ་དོན་རྒྱལ་སྒོ་ཕན་ཚུན་གྱི་ནང་དུ་ཆང་འཁྱེར་བ་ལྟ་ཞོག རྒྱལ་སྒོ་ཕྱི་མ། རྡོ་རིང་ནང་མ། ཤར་ལྕོག་དང་། རྟ་ལམ་སྒོར་མོའི་རྟ་སོ་ཕན་ཚུན། གྲྭ་ཤག་ལྟག་སྒོའི་རི་འདབས་ཡན་ལ་ལེན་འཐུང་མི་ཆོག ཕོ་བྲང་ལེ་ལག་གི་ཐོག་སྟེང་དུ་གྱོན་ཆས་དང་། རྫ་ཆས་སྐམ་འགྲེམས་བྱེད་པ། སྟེང་ཤོད་གང་སར་གོ་ཐལ་དང་། ཆུ་ཉོག་གཤོ་བ་སོགས་གཏན་ནས་མི་བྱེད། དེ་རིགས་བྱུང་ན་ས་ཁུངས་ཁང་གད་ཀྱིས་གཞན་སྐྱོར་ངོ་སྲུང་སྤང་སྟེ་གཞུང་ས་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་མཚན་དོན་སྙིང་བཅང་གིས་འཕྲལ་འཕྲལ་ཕྱག་མཛོད་དུ་བརྡ་སྦྱོར་གྱིས་བྱེད་པོར་རྩ་འཛིན་བབས་བཀོད་ཕྱིས་འདོམས་བྱེད་པ་ལས་ངོས་འཛིན་ཟོལ་འཇོག་རིགས་མི་ཆོག སྒེར་གཡོག་ལྟ་བུ་རྩེ་ཤོད་གཟིམ་འགག་དང་། ལས་ཁུངས་ཡས་མས་བཅས་སུ་འགྲོ་དགོས་ངེས་རིགས་ཞྭ་གོས་ལྷམ་གསུམ་བཅས་ལུགས་མཐུན་གྱོན་ཏེ་འགྲོ་བ་ལས་སྒྲིགས་ཤས་མི་ཆོག ཆས་གོས་རང་སྣང་གང་དྲན་སོགས་སྒྲིགས་ཁྲིམས་ཁྱད་གསོད་རིགས་འདུག་ཚེ་སྐབས་སྦྱར་སོ་སོར་རྩད་གཅོད་བབས་བཀོད་བྱེད། ཕོ་བྲང་སྟེང་ཤོད་ལེ་ལག་དང་བཅས་པར་མེ་ཉེན་ཤིན་ཏུ་ཆེ་གཤིས་རྣམ་གྲྭ་རུང་ཁང་དང་། བཞེས་སྤྲོ་བ། བུར་སྒར་བ། གཞུང་སྒེར་གྱི་མེ་ཐབ་གཏན་འཇགས་ཁག འཆར་འཕར་རིམ་འགྲོ་སྒྲུབ་པ་བཅས་ནས་མེ་ཐབ་བཅའ་བ་དང་། མེ་ཤིང་གསོགས་འཇོག་བྱེད་ཡུལ་བཅས་པར་རང་ཁུངས་སོ་སོ་དང་། སྐུ་གཉེར་ཁག གད་ཁང་ཚང་མས་ཉིན་མཚན་ཀུན་ཏུ་མེ་སྐྱོན་མི་འབྱུང་བའི་ཉེན་སྲུང་ཟབ་བཅགས་རྒྱུན་འཁྱོངས་སེང་ཤོར་མེད་པ་དགོས་རྒྱུ། མེ་བསྙལ་དགོས་ངེས་ལའང་རུ་ང་ཏན་ཏིག་མ་བྱས་པར་བུད་ཤིང་དང་མཉམ་འཇོག་རིགས་མི་ཆོག རྩེ་སྐོར་གྱི་གད་སྙིགས་ཚང་མ་སྔར་ལམ་རྡོ་རིང་ཕྱི་མའི་ས་སྦོག་སྒང་དུ་འདོར་བ་ལས། སླ་བཅོས་ངལ་འཛེམས་ཀྱི་ཕོ་བྲང་ཉེ་འདབས་ཕན་ཚུན་དུ་གཤོ་བའི་རིགས་ཁུངས་སོ་སོ་ནས་ལྟ་རྟོག་གིས་བབས་བཀོད་འབྲེལ་དེ་རིགས་མི་ཆོག ཕོ་བྲང་རྒྱབ་རིའི་གཡས་གཡོན་རྣམས་ནས་གསང་ལམ་ལྟ་བུའི་འཛེགས་འབབ་བྱེད་པ་ཕྱིས་མང་བས་ལྟག་རྒྱབ་ཁང་གད་ནས་ཞིབ་དཔྱད་ཀྱིས་སྲུང་བཀག་དང་། བོང་ཕྱུགས་འཚོ་བ། སྐད་འུར་རྒྱག་པ་སོགས་ནམ་ཡང་མི་ཆོག་པ་སྲུང་ཆ་བ་རྩེའི་སྒོ་ཁང་སོ་སོས་ལྟ་རྟོག་ཉན་རྣ་བྱས་པའི་དེ་རིགས་ཤར་ཚེ་འཕྲལ་བདེར་བརྡ་སྦྱོར་གྱིས་འཕྲལ་འཕྲལ་རྩ་འཛིན་བྱེད། གཞན་ཡང་ཕོ་བྲང་ཉེ་འདབས་ཕན་ཚུན་དུ་སུག་པ་དང་། ཚོན་རིགས་བརྡུང་རྫོག་བྱེད་པ། ཡང་དྲག་ཞན་ཚང་མས་རྡོ་རིང་ནང་མ་དང་། རྟ་སོ་ཕན་ཚུན་ཡན་རྒྱབ་མདུན་ལ་དྲི་ཆུ་སོགས་རང་གར་གང་བྱུང་བཏང་མི་ཆོག ལྟག་སྒོ་རྒྱབ་དང་། བདེ་ཤར་གྱི་སྤྱི་སྤྱོད་འདི་བཞིན་སྲ་བརྟན་མི་ཡོང་བ་ཡང་ཆུ་ཉོག་གཤོ་བ་དང་། དྲི་ཆུ་རང་སྣང་གང་དྲན་གྱིས་བཏང་རྐྱེན་ལ་ཐུག་པ་བཅས་ད་ནས་བཟུང་ཕོ་བྲང་ནང་འཁོར་གྱི་བསིལ་ཁང་རྣམས་ལ་ཆུ་ཉོག་དང་། གད་སྙིགས་གཤོ་བ་དང་། དྲི་ཆུ་སོགས་གང་བྱུང་གཏོང་བ་བཅས་གཏན་ནས་མི་ཆོག ལྔ་མཆོད་དང་། སྐུ་མཆོད་ཁག རྒྱུད་སྟོད་སྨད་རྩེར་ཆོས་ཐོག འཆར་འཕར་བརྒྱ་ཁག་བཅས་ཚུགས་སྐབས་དགོང་ལྟར་དཀར་གསལ་སྤྱོད་བཞུ་ཆག་མེད་སྤར་དགོས། རྒྱབ་མདུན་གྱི་རྟ་སོ་ཁག་དང་། རྡོ་གཅལ་སོགས་གོག་སྐྱོན་རིགས་ལ་ས་ཁུངས་གད་ཁང་སོ་སོས་ཉམས་གསོ་དགོས་རིགས་སྔོན་ཚུད་སྲ་བརྟན་བྱེད་པ་ལས། རལ་རྒྱལ་འཆལ་རྒྱལ་དུ་བཞག་མི་ཆོག དེ་མཚུངས་མེ་ཏོག་ལབ་ཉུང་སོགས་ཚོང་མིའི་རིགས་ཀྱང་གྲྭ་ཤག་ལྟག་མདུན་དང་། ཤར་ལྕོག་རྒྱལ་སྒོ་བཅས་ཀྱི་འགག་ཏུ་འཇོག་པ་ལས། ནང་ཁོངས་སུ་བཏང་མི་ཆོག་པ་མ་ཟད། གཞུང་སྒོ་ཕན་ཚུན་དང་། ལྟག་རྒྱབ་བཅས་ཀྱི་འགག་ཏུ་བཞག་མི་ཆོག་པ་བཀག་འདོམས་བྱེད། གཞུང་སྒེར་གྱི་དངོས་དོས་འདྲེན་ཁལ་རྣམས་མདུན་ངོས་རྡོ་རིང་ནང་མ་དང་། ཤར་ལྕོག་བར་སྒོའི་རྟ་སོའི་འགྲམ། ལྟག་རྒྱབ་རྟ་ལམ་གོང་མའི་ཐབ་སྒོ་འགག་ཐད། གྲྭ་ཤག་ལྟག་སྒོའི་ཡོ་འབོག་སྡོང་པོའི་ཕྱི་སྒོ་མ་གཏོགས་དེ་ཡན་འཁྲིད་འདེད་མི་ཆོག རྒྱལ་སྒོ་རྒྱག་མཚམས་སུ་ཕྱག་མཛོད་ནང་གཟན་ལས་བྱ་བ་གཉིས་ནས་རྔ་བོ་དབྱུག་བསྐུལ་གྲུབ་བསྟུན་སྡེབས་རྒྱག་གིས་ལྡེ་མིག་རྣམས་བསྡུས་ཐོག་འཕྲལ་བདེ་བའི་ཤག་ཏུ་གྲངས་བཤེར་གྱིས་རྩིས་སྤྲོད་བྱེད་པ་མ་གཏོགས་འགྲིམ་འགྲུལ་བ་སྒུག་སྡོད་བྱེད་པ་སོགས་དུས་འགྱངས་རིགས་མི་ཆོག རྒྱལ་སྒོ་རྣམས་བསྡམས་གཅོད་གྲུབ་རྗེས་གཞུང་དོན་ལྟ་བུའི་འགྲོ་འདུག་དམིགས་བསལ་བྱ་དགོས་རིགས་འཕྲལ་བདེ་བར་བརྡ་སྦྱོར་གྱིས་ཤར་ཆེན་ལྕོག་དང་། བདེ་ནུབ་གང་རིགས་ནས་བཏང་བས་འཕྲལ་འཕྲལ་བདེ་བར་བརྡ་སྦྱོར་གྱིས་ཤར་ཆེན་ལྕོག་དང་། བདེ་ནུབ་གང་རིགས་ནས་བཏང་བས་འཕྲལ་འཕྲལ་བསྡམས་གཅོད་བྱེད་པ་ལས། རྒྱལ་སྒོ་གཞན་དག་འབྱེད་གཅོད་མི་བྱེད། ཕུན་ཚོགས་འདུ་ལམ་འདི་བཞིན་གསོལ་འོ་འབུལ་མི་མཛོ་ར་ཤེ་མ། ལྟག་རྒྱབ་ནས་ཆབ་དྲེལ་འབྱོར་ཚོད་དུས་མཚུངས་སུ་ལྡེ་མིག་ནང་གཟན་ངོ་མས་བླང་སྟེ་འབྱེད་པ་ལས་སྔ་ཕྱི་དུས་མིན་དུ་རྒྱལ་སྒོ་དབྱེ་བ་ལྟ་ཅི། ལྡེ་མིག་ཀྱང་བླང་ཆོག་རྒྱུ་མིན། གཞུང་སྒོ་ཕན་ཚུན་དུ་དངོས་ཆས་སྤོ་གཤུག་དང་། ལྕི་ཤིང་། གོ་ཐལ། གད་སྙིགས་སོགས་དངོས་པོ་མི་འོས་པའི་རིགས་ཕར་ཕྱིར་ཁྱེར་མི་ཆོག སྒེར་ཁག་གི་ཆུ་དྲེའུ་རིགས་ཀྱང་ལྟག་རྒྱབ། རྟ་ལམ་གོང་མའི་ཐད་བར་ལས། དེ་ཡན་དྲེའུ་འདེད་མི་ཆོག་པ་མ་ཟད། ཆབ་དྲེལ་དང་། གཟིམ་དྲེལ་མ་གཏོགས་དེ་བྱིངས་དྲག་ཞན་སུས་ཀྱང་གཡེར་ཁ་གཡོག་མི་ཆོག ཕོ་བྲང་མདུན་ངོས་ཆིབས་བསྒྱུར་སྐབས་ཆིབས་སྟེགས་ཉེ་འགྲམ་དུ་མཆོག་དམན་སུ་ཐད་ནས་རྟ་བཞོན་འབབ་མི་ཆོག་ཅིང་། གུང་བཀའ་བློན། ནང་མ་ཁག ཕོགས་མདའ་སོགས་ནས་ཀྱང་རྡོ་གཅལ་སྣེ་མཚམས་སུ་ཞོན་འབབ་ཀྱིས་མཚོན་དྲག་ཞན་གོ་རིམ་མ་འཛོལ་བ་དང་། ཕོ་བྲང་རྒྱབ་ངོས་ཆིབས་བསྒྱུར་སྐབས་སེར་སྐྱ་བྱིངས་རྣམས་རྟ་ལམ་སྒོར་མོ་དང་། ཆིབས་དར་བ། གར་རོལ་བ། ལས་ཚན་ཆེ་ཁ་ཡན་ཕོ་བྲང་གི་རྩིག་ཟུར་ནང་ཁུག་བར་དང་། གུང་བཀའ་བློན། ནང་མ་སོགས་ནས་ཆིབས་བསྒྱུར་བར་སྐབས་རྒྱུན་པར་བཅས་ཆིབས་སྟེགས་འོག་མའི་ཉེ་འགྲམ་ཡན་ལས་བརྒལ་བར་རྟ་ཞོན་འབབ་མི་ཆོག་པ་མ་ཟད། མི་དྲག་ཞན་དང་། ནང་མ། རྩེ་ཤོད་ཀྱི་ལས་ཚན་པ། སེ་འབྲས་དགའ་གསུམ་གྱི་བླ་མ་ལས་སྣེ་བཅས་ལྟག་སྒོ་ནས་རྒྱུ་འགྲུལ་ཆོག་པ་སྔར་སྲོལ་དང་། དེ་མིན་མཇལ་དམངས་དང་། སྒེར་གྱི་དོན་གཅོད་པའི་རིགས་སོགས་གཞུང་སྒོ་ཕུན་ཚོགས་འདུ་ལམ་དང་། བསྔོ་རྟེན་འབུལ་མི་དང་། མཆོད་འབུལ་བའི་རིགས་བཅས་བྱང་ཆེན་ཐར་ལམ་བརྒྱུད་པ་ལས་ལྟག་སྒོ་ནས་རྒྱུ་འགྲུལ་མི་ཆོག ཕོ་བྲང་ཞལ་དཀར་འོག་རྡོ་རིང་ནང་མ་དང་། རྟ་ལམ་སྒོར་མོ་སོགས་མིག་ལམ་འཁེལ་ཡུལ་དུ་ཧོར་སྟེགས་དང་། རྐང་བརྐྱང་ལག་བརྐྱང་གིས་ཉལ་འདུག ཐ་མི་ཁ་འཐེན་པ། ཤོ་སྦག་རྩེད་འཇོ། སྐད་འུར་སོགས་མཛེས་ལམ་མི་ཆགས་པའི་ཁྲིམས་འགལ་རིགས་མི་འབྱུང་བ་སྒེར་གཡོག་གིས་མཚོན་པར་འགྲོ་འདུག་སྤྱོད་གསུམ་གོ་བབ་འཛོལ་མེད་སྒྲིགས་ཁྲིམས་ཁུར་ཤེས་དགོས་པ་སོ་སོས་ལྕགས་དམར་སྐམ་འཆུན་བྱེད་ཅིང་། སྒོ་ཁང་གད་པ་སོགས་ནས་ཀྱང་རྟོག་ཞིབ་འཆུག་མེད་དགོས་རྒྱུ་བཅས་ཀྱི་སྐོར་སྔར་སྲོལ་ནས་ཕོ་བྲང་ཆེན་པོའི་སྲི་ཞུ་འཛིན་སྤྲས། སྒྲིག་ལམ་གནོན་ཁུར་སོགས་ཀྱི་སྤང་བླང་བྱེད་སྒོ་ཕྲ་ཞིབ་འཁོད་པའི་རྩ་ཚིག་ལྟག་ཚང་སྒོར་མོའི་སྐྱ་ལྡེབས་སུ་བྲིས་འཁོད་མ་ཟད། འདི་ནས་ཀྱང་སྔར་སྲོལ་སྒྲིག་ཁྲིམས་འཁུར་ཤེས་བག་ཡོད་ཚུལ་མཐུན་དགོས་རྒྱུ་རྩེ་འཕྲལ་བདེ་བས་མཚོན་པར་བཀོད་འདོམས་རིམ་པ་སོང་རུང་། དེ་དག་ལ་རྟོག་ཞིབ་མཇུག་གནོན་ཆུང་སྐྱོན་གྱིས་ལུགས་གཉིས་ཁྲིམས་སྲོལ་བཟང་པོར་ཇི་མི་སྙམ་པ་འགའ་ཞིག་ནས་བ་གླང་རྐྱལ་འཇུག་ལྟ་བུའི་ཚུལ་མིན་བྱ་སྤྱོད་སྣ་ཚོགས་ལ་བརྟེན་འདི་ལོར་དེ་སྔའི་རྩ་ཚིག་གཞིར་བཞག་ཐོག་འབྲུ་བསྣོན་གྱིས་འོས་དང་བཅས་གལ་ཆེ་ནན་དཔེའི་དྲན་གསོའི་རྩ་ཚིག་འདི་བཞིན་བཏང་བ་ནས་བཟུང་སྤྱི་ཁྱབ་དོ་དམ་འགོ་འཆིང་དང་། རྩེ་ཕྱག་ལས་འཛིན་རིམ་འབྱོར། སྐུ་གཉེར། ཁང་གཉེར། སྒོ་ར་བ། གད་པ་སོགས་མངགས་བཀོད་ཤེས་སུ་བཅུག་པའི་སྣེ་སླེབས་ཚང་མས་སྲི་ཞུ་འཛིན་སྤྲས་དང་། ཉམས་གསོ་གད་བདར། གཙང་སྤྲ། ཁྲིམས་འགལ་ལོག་སྤྱོད་ཀྱི་རིགས་ལ་ཞིབ་འཇུག མེ་རྐུན་གྱི་གླེང་ངན་མི་འབྱུང་བའི་དོ་དམ་བྱེད་རྒྱུས་མཚོན་སེར་སྐྱ་དྲག་ཞན་འབྲིང་གསུམ་སུ་ཐད་ནས་སྒོ་གསུམ་བག་ཡངས་ཉམས་འཆལ་ངན་སྤྱོད་སོགས་གོང་དོན་ལས་འགལ་གཡོའི་རིགས་ནམ་ཡང་མི་འབྱུང་བ་རང་གཅེས་ཐེག་པ་ཁུར་ལེན་དམ་པོས་དམ་བཅིངས་ཁྲིམས་མཐུན་བྱུང་ན་དང་། མ་ངེས་པའི་སྣང་ཆུང་བག་ཡངས་ཀྱི་ལེ་འཁོན་རིགས་དྲག་ཞན་སུ་ཐད་ནས་ཤར་ན་བྱེད་འཛོལ་ལ་གཞིགས་པའི་ཉེས་པ་བབས་ལྕི་ཀུན་གྱི་མིག་ལར་འདོམས་པ་གཅོད་ངེས་ལས་ལྷོད་ཡངས་རྒྱ་ཡན་དུ་འཇོག་རྒྱུ་མིན་ཞིང་། འདི་ནས་ཀྱང་ཕྱི་ནང་གང་ཅིར་སྐོར་གཡེང་ཞིབ་འཇུག་ནར་མར་བགྱིས་རྒྱུ་བཅས་དེ་རྩིས་རང་རང་གི་ཁེ་ཉེན་དང་། གཞུང་སའི་མཚན་ལར་བཀའ་དྲིན་བསམ་ཤེས་རྗེས་ཡོང་སྔོན་དྲན་གྱི་བླང་དོར་འཇུག་ལྡོག་བག་ཡོད་ཚུལ་ལྡན་རྒྱུན་འཁྱོངས་སུ་སྤྱོད་པ་གྱིས། ཞེས་གོ་བར་བྱ་བའི་ཡི་གེ་རབ་བྱུང་བཅོ་ལྔ་པ་འཕགས་པའི་ཡུལ་དུ་བི་ཀྭ་རི། སྟོད་འགྲེལ་གྱི་བརྡ་ལས་སྒྱུར་བྱེད་དུ་གྲགས་པ། མང་བཀུར་ཙི་ནའི་ཁབ་ཏུ་གྱི་ཧའི། གངས་ཅན་པ་རྣམས་ཀྱིས་ཁམས་འཁོར་ལོའི་སྣ་ཅན་དུ་འབོད་པའི་རྒྱལ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་ལ་པད་དཀར་འཆང་བའི་སྐྱེ་ཕྲེང་བཅུ་གསུམ་པས་ལུགས་གཉིས་ཀྱི་སྣང་བ་ཉིན་མོར་སྤྱོད་པའི་མདུན་ས་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོ་པོ་ཏ་ལ་ནས་བྲིས། །