ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན། ང་ཚོ་བཅར་འདྲི་ཚན་ཆུང་ཟི་ལིང་ནས་སྔ་དྲོའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་ལམ་ལ་ཆས་ཏེ། བར་ཐག་ཧ་ལམ་སྤྱི་ལེ་ལྔ་བརྒྱ་ཡིས་ཆོད་པའི་དུར་ལམ་རྫོང་དུ་བགྲོད་སའི་ལམ་ལ་ཞུགས་པ་ཡིན། ལམ་ཐག་རིང་ལ་ཚ་དུབ་ཆེ་བས། རླངས་འཁོར་ནང་དུ་སྡོད་པའི་ལས་གྲོགས་རྣམས་ཀྱི་ལུས་སེམས་ཉོབ་ཅིང་དུབ་ནའང་། རོལ་དབྱངས་ནི་གནས་བབ་འདི་དར་ཅིག་སྒྱུར་བྱེད་གཤའ་མ་དེ་རེད། ཉིན་གུང་ཡོལ་ཙམ་ལ་མཚོ་ལྷོ་ཁུལ་ཐོག་ཏུ་འབྱོར་ནས་གུང་ཟས་སྟབས་བདེ་ཞིག་ཟས་རྗེས། ཐད་སོར་སྔར་མུས་བཞིན་དམིགས་སར་ཆས་པ་ཡིན། ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་དུར་ལམ་རྫོང་ཐོག་ཏུ་བདེ་ལེགས་ངང་འབྱོར། ཆོས་རྗེ་ཞང་ནས་ཡར་ལ་བུད་མ་ཐག་ལུང་བ་ཁ་ཞེང་ཆེན་པོ་ཞིག་གི་མཐིལ་བརྟོལ་ནས་དུས་ཡུན་རིང་ཙམ་འགྱངས། སྐབས་རེར་ནོར་ལུག་རེ་ཟུང་རྩི་ཏོའི་གསེབ་ནས་མངོན་རྒྱུ་ཡོད་ནའང་། ས་གཤིས་ཐང་རྒོད་དུ་སྣང་ལ་རྩི་ཏོ་ལས་སྤང་ལྗོངས་མེད། བྱེ་འགྱུར་བྱས་པ་ཚབས་ཆེན་རེད། རླུང་ནག་འཚུབ་མ་ཆེ་ཆུང་མང་པོ་ལམ་གྱི་གཡས་གཡོན་རྒྱུད་ན་ཐོལ་ཐོལ་དུ་འཕྱུར་བཞིན་ཡོད་ནའང་། གནས་འདིའི་འཚོ་སྡོད་པ་རྣམས་ཀྱིས་རང་བྱུང་ཁམས་ཆེན་མོའི་ཉམ་ང་ཡི་གནས་བབ་བཏུལ་ནས་སྔར་གཞིན་སྤྲོ་སྣང་གིས་འཚོ་ཞིང་གཞེས་ཀྱིན་པ་ནི་ཡི་རང་བྱེད་འོས་པ་ཞིག་རེད། ཚེ་སྲོག་གི་དན་རྟགས་རིས་སུ་བོར་བའི་ལུང་རྒན་ཁ་ཞེང་ཆེན་མོ་འདིའི་ལུང་མགོ་ཕུད་རྗེས། གཞི་ནས་ལུང་མགོར་བུད་པ་ཡིན། ལུང་མགོར་བུད་མ་ཐག་མ་གལ་གྱི་སྡོང་བོ་མང་པོས་ལྗང་ལྡེམ་གྱི་ཚེ་སྲོག་དང་དཔྱིད་མགོའི་མངའ་ཐང་སྲུང་འདུག་ལ། ཨ་གར་མེ་ཏོག་གི་བསུང་ངད་མཁའ་དབུགས་ཀྱི་རྒྱུ་བ་དང་བསྡོངས་ནས་གང་སར་འཐུལ། གྲམ་ཆུ་ཆེན་པོ་ཞིག་ལུང་ཁོག་ཆེན་མོ་འདིའི་དཀྱིལ་དུ་འབབ་ཀྱིན་འདུག་ཅིང་། དེས་རི་ཚོགས་སྤྱི་ཐེར་འདི་དག་ལ་དབུགས་དབྱུང་གི་བགོ་སྐལ་བག་ཙམ་གནང་ཡོད་པ་གདོན་མི་ཟ། དུར་ལམ་རྫོང་མཁར་ནི་ཐང་ཡངས་ས་ཞིག་ན་ཆགས་ཡོད་ཅིང་། ཆེ་ཆུང་མེད་པའི་ཞིང་ས་མོད་པོ་ལམ་གྱི་འགྲམ་གཉིས་ན་ཤོ་མང་གི་རྩེད་ཆས་བཞིན་བསྟར་ཆགས་སུ་བསྒྲིགས། དར་ཤིང་རིང་མོའི་རྩེ་རུ་དར་ལྕོག་ཁ་གང་བསྒྲེངས་པའི་ཨར་འདམ་གྱི་ཁང་མིག་མང་པོ་གྲལ་བསྟར་འཁོད་པ་མཐོང་ལམ་དུ་སྣང་ལ། དེ་དག་ནི་བོད་ཁྱིམ་ཡིན་པ་གདོན་མི་ཟ། ཞིང་སའི་ཕན་ན་མཐའ་མི་མངོན་པའི་ཐང་རྒོད་མང་དུ་གནས་ཡོད་པ་འདིས། གནས་འདིའི་ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་མངོན་པར་མཚོན། མང་མང་ཞིག་གྲོང་ཁྱེར་ཞེས་པའི་ཨར་འདམ་གྱི་ཁུད་ཆེན་མོ་དེར་ཧོབ་ཀྱིས་འདུས་ནས་འཚུབ་ཀྱིས་འཚོ་བཞིན་ཡོད་ནའང་། ཁོ་ཚོ་གྲོང་ཁྱེར་ལ་དེ་ཙམ་འཚངས་དགོས་པའི་དོན་རྩ་དེ་གང་དུ་ཐུག་ཡོད་མེད་ལའང་འདང་ཞིག་རྒྱག་དགོས་བྱུང་། རང་ཉིད་ཀྱི་རྡོག་ལམ་ཤོང་སའི་ས་ལག་མཐིལ་ཙམ་པོའང་ཉོ་དགོས་ལ། རང་ལུས་ཤོང་ཙམ་ལས་མེད་པའི་རྡོ་ཁང་གྲུ་བཞིའང་ཉོ་དགོས། ཁ་ལུད་འཕེན་ས་དང་རྐང་རྡུལ་གཏོར་སའང་ཉོ་དགོས་ན། ཁྱོད་ཚོ་སྔར་མུས་བཞིན་ཚ་སྐོམ་གྱིས་མནར་བའི་རི་དྭགས་ཀྱི་ཁྱུས་སྨུག་རྒྱུ་འབབ་ཆུར་འཁྲུལ་བ་བཞིན་གོམ་པ་རིང་ལེན་གྱིས་གྲོང་ཁྱེར་ལ་ལྷགས་དོན་གང་ཅི་ཡིན།

ཀི་རྒྱངསཤིག་འདེབས་འདོད་དུས་གཡས་དང་གཡོན་ན་ཆུ་ལོག་བཞིན་རྒྱུ་བ་ལྷོད་མི་སྲིད་པའི་མི་ཚོགས་ལ་འཛེམ་ནས་ཞེ་བློ་དེ་གུད་དུ་བོར། དེ་ནི་དཔལ་ཡོན་དང་རང་གི་སྣང་བརྙན་སྲུང་བའི་སྦྱོར་བ་ཞིག་ཏུ་བརྩིས། ནང་སེམས་ན་སྤྲིན་བཞིན་འཕྱུར་བའི་སེམས་འགྱུ་མོད་པོ་རང་ཡན་ངང་བྱོ་འདོད་དུས། གློ་རྒྱུ་མའི་མཚམས་དང་མགྲིན་ལམ་གང་རུང་ནས་ཐོན་སྲིད་པ་མང་དག་ཅིག་ཁང་བརྩེགས་མཐོན་པོ་དག་གི་མུ་ཁྱུད་ཟླུམ་པོའི་ཁྲོད་ནས་རང་ཤུགས་ཀྱིས་འཇགས། འདི་དག་གི་རྐྱེན་གྱིས། ངས་དེ་རིང་ཁ་ཡངས་ཁོད་ཡངས་ཀྱི་གནས་འདི་ནས་སེམས་མཁོ་སོད་པའི་ཀི་རིང་ཞིག་བཏབ། ངས་རང་གི་ཁབ་མིག་ལས་དོག་པའི་སེམས་སྒོ་ལ་སྒམ་བརླིང་གི་ས་གཞི་འདིའི་དྲོད་གདེང་བསྐྱིལ། ངས་རང་གི་ཡུན་རིང་ལ་རང་བྱུང་མའི་ལྷུམས་དྲོད་བོར་བའི་ལུས་པོ་ལྗན་ལྗིན་འདི་ལ་མ་བཅོས་གཉུག་མ་ཡི་སེམས་ངོ་བསྟན། དུར་ལམ། བྱེ་མའི་འཇིག་རྟེན་ན་ཚེ་སྲོག་གི་བདེན་པ་སྲུང་བའི་ལྗོངས་ཆེན་པོ། འདི་རུ་ཡོད་པ་བྱེ་མ་དང་ཐང་རྒོད་ཁོ་ན་ག་ནས་ཡིན། རླུང་གི་རམ་བུ་དཀྲོལ་བའི་སྒྲ རྨིག་རྡུལ་ཐང་ལ་གཏོར་བའི་འཇིགས། དུས་ཚོད་ཀྱི་ཐག་སྒྲས་འཁྲིད་མ་ཐུབ་པའི་གདོད་མ། ནམ་མཁའི་རྒྱ་ཁྱོན་གྱིས་མ་ཁེབས་པའི་སྟོང་ཆེན་མོ། ཉི་འོད་ཁྲུས་ལ་རོལ་སའི་གཙང་བོ། ཟླ་གཞོན་གྱི་བགྲོད་པ་ཁེགས་སའི་མཚན་མོ། བྱེ་མ་ཐང་ནས་འཕྱུར་ཏེ་སེམས་ལ་འཚངས། བྱེ་མ་སོག་དམག་གི་དམག་རྟས་བརྫིས་ནས་ཆིངས་བུ་བཟོས། བྱེ་མ་བཙན་པོའི་རལ་ཀློང་གིས་མཐའ་གྲུ་ཡངས་བོར་གཙུབས། བྱེ་མ། དུར་ལམ། དུར་ལམ། བང་སོ། རྒྱོབས་རྒྱོབས་སོད་སོད་ཀྱི་ཀི་དིར་དང་དཔའ་བོའི་འཁོར་གསུམ། བཙུན་མོའི་སྐྱེངས་འཛུམ་དང་མིག་ཆུ། མུག་བྱོལ་བ་ཁྲི་ཁྲག་གི་འགྲུལ་བཞུད། བརྩེ་དུང་གི་སྦྲང་ཆང་གིས་མྱོས་པའི་གཞོན་ནུ་མ་མང་པོ། རྟ་རྒྱབ་ནས་རང་ཉིད་ཕོ་ཁྱོ་ཀ་ཡིན་པ་ཐེངས་མང་པོར་བདེན་དཔང་བྱས་མྱོང་བའི་གསར་རྒོད། རི་སྤྱང་གི་གྲོད་པ་ལྷགས་རླུང་གིས་འགམ་པ་གྲངས་མེད་གྲངས་མེད།

༼ལྷའི་རོལ་དབྱངས༽བཀླགས་པ།

ཟླ་ངོ་གཅིག་ལྷག་གི་དུས་ཚོད་གྲོན་མཐར་གཞི་ནས་དབྱི་ཐ་ལིའི་སྙན་ངག་པ་གྲགས་ཅན་ཏན་ཏིན་ལགས་ཀྱིས་མཛད་པའི་སྙན་ངག་རིང་མོ༼ལྷའི་རོལ་དབྱངས༽རྒྱ་འགྱུར་མ་མཇུག་རྫོགས་པར་བལྟས་ཚར། དཔེ་དེབ་འདིའི་གླེང་གཞིའི་ནང་འཁོད་པ་ལྟར་ན། སྙན་ངག་ཧྲིལ་བོའི་མིང་དུ༼ལྷའི་སྤྲོ་གར༽ཞེས་བཏགས་ན་སྙན་ངག་པའི་དགོངས་གཞི་དང་འབྱོར་ཚུལ་གྱི་རྟགས་དང་མཚན་མ་བཀོད་འདུག སྙན་ངག་རིང་མོ་འདི་ཉིད་ནི་ཁྱོན་བསྡོམས་དེབ་ཕྲེང་གསུམ་གྱིས་གྲུབ་ཡོད་ཅིང་། དེབ་ཕྲེང་རེ་རེའི་མིང་ནི་རིམ་བཞིན༼དམྱལ་ཁམས༽དང༼དག་ཞིང་༽། ༼ལྷ་ཡུལ༽ བཅས་རེད། སྙན་ངག་འདི་བརྩམས་པ་བརྒྱུད་གཞི་ནས་ཏན་ཏིན་མཆོག་ལ། དུས་རབས་བར་མའི་དུས་མཇུག་གི་སྙན་ངག་པ་གཅིག་པུ་དང་། དུས་རབས་གསར་བའི་དུས་མགོ་ཡི་སྙན་ངག་པ་གཅིག་པུ་ཞེས་པའི་ཆོ་ལོ་ཐོབ།

གཅིག སྙན་ངག་འདི་བཀླགས་པ་ལས་ང་ལ་འཕྲད་པའི་དཀའ་ངལ།

ང་ལ་ནུབ་གླིང་གི་རིག་གནས་དང་ཆོས་ལུགས། རིག་གནས། སྲིད་འགྱུར་སོགས་ལ་འདྲིས་ཆ་ཏིལ་ཙམ་ཡང་མེད་པས། རྩོམ་དངོས་ཀྱི་ཁྲོད་དུ་མཆན་བུ་མང་དུ་བཏབ་ཡོད་ཀྱང་། གོ་བ་གཏིང་ཚུགས་པ་ཞིག་ལོན་རྒྱུ་ཕར་ཞོག གོང་འོག་དོན་གྱི་གཏན་ཚིགས་སྦྲེལ་རྒྱུ་དེ་དཀའ་མོ་ཞིག་ཏུ་གྱུར་བས། དེས་སྙན་ངག་པའི་དགོངས་བཅུད་ལེན་རྒྱུར་གེགས་བྱས།

གཉིས། སྙན་ངག་འདི་བཀླགས་པ་ལས་ང་ལ་བྱིན་པའི་བློ་སྐྱེད།

སྙན་ངག་སྤྱི་དང་ཁྱད་པར་དུ་སྙན་ངག་རིང་མོ་ནི་ཚོར་བ་ཁོ་ནས་འགྲུབ་ཐུབ་པ་ཞིག་གཞར་ཡང་མ་ཡིན་པར། སྙན་ངག་རིང་མོའི་བརྗིད་ཁོག་དེ་སྔར་བཞིན་སྙན་ངག་པའི་ནང་སེམས་ཀྱི་འཁོབས་རྒྱ་ཞིག་ལ་རག་ལས་ཡོད་ཅིང་། དེའང་མདོར་དེད་ན་སྙན་ངག་པའི་བསམ་བཀོད་དང་ཤེས་བྱའི་རྒྱ་ཁྱོན་ཞིག་ལ་ཐུག་འདུག་ཨང་སྙམ་པའི་སེམས་ཚོར་དེ་རེད།

གསུམ། སྙན་ངག་འདི་བཀླགས་པ་ལས་ང་ལ་སྐྱེས་པའི་བློ་དོགས།

ཏན་ཏིན་ལགས་ཀྱིས་ལྐོག་གྱུར་གྱི་དོན་མང་པོ་ཞིག་ཀུན་རྟོག་འགྱུ་ཤུགས་ཀྱི་གཤོག་ཡ་ལ་ཆོས་སྲིད་ཀྱི་དཔྱོད་ཤེས་གཤོག་ཡ་སྤྲད་དེ། གཞི་ནས་ང་ཚོ་ཀློག་མཁན་རྣམས་ཀྱི་དབང་ཤེས་ཀྱི་ངོས་སུ་དམྱལ་ཁམས་ཀྱི་མྱ་ངན་དང་དག་ཞིང་གི་ཤིན་སྦྱངས། ལྷ་ཡུལ་གྱི་ཞི་གནས་བཅས་ཤོག་དཀར་ངོས་སུ་གསོན་སྟོབས་ཀྱིས་བསྒྱུར་བྱུང་ཡོད་ནའང་། འུ་ཅག་གིས་སྙན་ངག་གསར་བའི་ལམ་ནས་ཆོས་ལུགས་ཀྱི་བསམ་བློ་དང་བོད་མིའི་ནང་སེམས་ཀྱི་དད་སྟོབས། ནང་བསྟན་ཆོས་ལུགས་ཀྱི་བསམ་བློའི་ཟིལ་ཐིགས་སོགས་སྒྱུ་རྩལ་རྩོམ་རིག་ཁྱབ་ཁོངས་སུ་འདྲེན་ཐུབ་ཀྱིན་མེད་པ་ནི། བོད་རྩོམ་ལ་མཚོན་ན་ཞིང་ས་གཅིག་ཐང་རྒོད་དུ་གྱུར་བ་དང་མཚུངས་ལ། བོད་རྩོམ་འཕེལ་བྱེད་ཀྱི་གཤོག་ཡ་གཅིག་རེངས་འཁུམས་སུ་ལུས་དང་འདྲའང་སྙམ།

སྒྲེན་པོས་རང་ཤག་ནས་སྦྱར།