གཅིག  དེང་གི་ཆར་འཛམ་བུའི་གླིང་གི་རྩ་བའི་དཀའ་རྙོག་དེ་གང་ཡིན་ནམ།

ད་ལྟའི་ཆར་འཛམ་བུའི་གླིང་གི་རྩ་བའི་གནད་དོན་ནི་རྩ་དོན་ཆེན་མོ་གཉིས་བར་གྱི་འགལ་བ་སྟེ།  སྐྱེས་བུ་སྒེར་གྱི་རིང་ལུགས་དང་ཐུན་མོང་རིང་ལུགས་གཉིས་བར་གྱི་འགལ་བ་རེད། སྐྱེས་བུ་སྒེར་བའི་རིང་ལུགས་ཀྱི་རྩ་དོན་འཛིན་མཁན་གྱིས་མི་སོ་སོར་སུས་ཀྱང་འཕྲོག་ཏུ་མི་རུང་བའི་ཐོབ་ཐང་ཡོད་དེ། མི་སྒེར་དང་ཐུན་མོང་གི་ཚོགས་པ་གཞན་སུ་གང་གིས་ཀྱང་ཐོབ་ཐང་དེ་འཕྲོག་མི་ཆོག་པར་མ་ཟད། སྐྱེས་བུ་སུ་གང་ལ་ཡང་སོ་སོར་འཚོ་ཞིང་གནས་པའི་ཐོབ་ཐང་ཡོད་ལ། ཐོབ་ཐང་དེ་ཡང་སོ་སོ་རང་ཉིད་ཀྱི་ཆེད་དུ་འཚོ་བའི་ཐོབ་ཐང་ཡིན་པ་ལས་ཐུན་མོང་དང་ཚོགས་པ་སུ་གང་གི་ཁེ་ཕན་གྱི་ཆེད་དུ་ཡང་འཚོ་བ་མ་ཡིན་ནོ།

ཐུན་མོང་རིང་ལུགས་པའི་ངོས་ནས་སྐྱེས་བུ་སྒེར་ལ་དབང་ཆ་ཅི་ཡང་མེད་པར་ཁོ་བོའི་ལས་ཀ་དང་། ལུས་པོ། ཆེ་མཐོང་བཅས་པ་ཐུན་མོང་ལ་བདག་ཅིང་། ཐུན་མོང་ཚོགས་པ་གང་གི་ཁེ་ཕན་གྱི་ཆེད་དུ་ཐབས་གང་རུང་གིས་སྐྱེས་བུ་སྒེར་གྱི་ལས་དབང་ཐག་གཅོད་པ་རེད།  དེ་བས་སྐྱེས་བུ་སྒེར་གྱི་འགྲོ་འདུག་ལ་ཐུན་མོང་གི་ཆོག་མཆན་དགོས་པ་མ་ཟད་སྐྱེས་བུ་སྒེར་དེ་ཐུན་མོང་གི་ཚོགས་པའི་ཆེད་དུ་འཚོ་དགོས་སོ། རྩ་དོན་འདི་གཉིས་ནི་ཁ་གཏད་དུ་གྱུར་ཡོད་པའི་སྤྱི་ཚོགས་ལམ་ལུགས་གཉིས་ལས་བྱུང་ཞིང་།  དེང་གི་འཛམ་གླིང་གི་རྩ་བའི་གནད་དོན་གཉིས་ནི་མདོར་ན་སྤྱི་ཚོགས་ལམ་ལུགས་འདི་གཉིས་བར་གྱི་འགལ་བ་རེད།

གཉིས། ཅི་ལྟ་བུ་ཞིག་ལ་སྤྱི་ཚོགས་ལམ་ལུགས་ཟེར་རམ།

སྤྱི་ཚོགས་ལམ་ལུགས་ནི་མི་རྣམས་ཀྱིས་ཐུན་མོང་གི་འཚོ་བའི་ཆེད་དུ་བརྩི་སྲུང་བྱེད་བཞིན་པའི་ཁྲིམས་བཀོད་རེད། ཁྲིམས་བཀོད་འདི་ལྟ་བུ་གཏན་ལ་ཕབ་པར་ངེས་པར་དུ་རྩ་བའི་རྩ་དོན་ཞིག་གི་སྣེ་བཟུང་དགོས་ཤིང་། དེ་ལྟར་ཡོང་བ་ལ་ཐོག་མར་དྲི་བ་འདི་འདྲ་ཞིག་ལ་ལན་འདེབས་དགོས་སྟེ། སྤྱི་ཚོགས་ཀྱི་དབང་ཆ་ནི་ཚད་ཡོད་པ་ཞིག་ཡིན་ནམ་ཡང་ན་ཚད་མེད་པ་ཞིག་ཡིན་ཞེས་པ་དེ་ཡིན།

དེ་ལ་སྐྱེས་བུ་སྒེར་གྱི་རིང་ལུགས་པས་སྤྱི་ཚོགས་ཀྱི་ནུས་པ་ནི་ཚད་ཡོད་པ་ཞིག་སྟེ་རྒྱུ་མཚན་ནི་དེ་ལ་གཞན་གྱིས་འཕྲོག་ཏུ་མི་ཆོག་པའི་སྐྱེས་བུ་སྒེར་གྱི་ཐོབ་ཐང་གིས་ཚོད་འཛིན་ཐེབས་ཀྱི་ཡོད་ཅིང་། སྤྱི་ཚོགས་ཀྱིས་ཏག་ཏག་དབང་ཆ་འདི་དག་བཙན་འཕྲོག་བྱས་མི་ཆོག་པའི་ཁྲིམས་བཟོ་རྒྱུ་དེ་རེད།

ཐུན་མོང་རིང་ལུགས་པས་སྤྱི་ཚོགས་ཀྱི་དབང་ཆ་ནི་ཚད་མེད་པ་ཞིག་སྟེ། སྤྱི་ཚོགས་ཀྱིས་གང་བྱུང་དུ་ཁྲིམས་བཟོས་ཆོག་པ་མ་ཟད་དེ་གང་བྱུང་གིས་སྐྱེས་བུ་སྒེར་གང་རུང་གི་སྟེང་བཙན་གྱིས་བཀོལ་ཆོག

དཔེར་ན། སྐྱེས་བུ་སྒེར་གྱི་རིང་ལུགས་ཀྱི་ལམ་ལུགས་སྲུང་བརྩིའི་འོག་ཏུ་མི་སུ་གང་རུང་གིས་སོ་སོ་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་ཁྲིམས་བཀོད་གང་རུང་གཞིར་བཟུང་ནས་མི་སུ་གང་གི་སྲོག་འཕྲོག་མི་ཆོག་སྟེ། མི་ཁྱད་འཕགས་བླ་ན་མེད་པ་སུ་གང་ཞིག་གིས་ཀྱང་དེ་ལྟར་བྱས་མི་ཆོག་ལ།   གལ་ཏེ་ཁོ་ཚོས་དངོས་ནས་དེ་ལྟར་བྱས་ན་ནི་སྲོག་འཚོ་བའི་དབང་ཆར་སྲུང་སྐྱོབ་བྱེད་པའི་ཁྲིམས་ལ་འགལ་བ་ཡིན་པས་ངེས་པར་དུ་ཁྲིམས་ཆད་འཁུར་དགོས།

ཐུན་མོང་རིང་ལུགས་ཀྱི་ལམ་ལུགས་སྲུང་བའི་འོག་ཏུ་གལ་ཏེ་ཁེ་ཕན་ཡོད་པ་ཡིན་ན་ཐུན་མོང་གི་ཚོགས་པ་འམ་ཡང་ན་མང་མང་གི་ཚབ་བྱེད་ཐུབ་མཁན་ཡིན་ཟེར་མཁན་དག་གིས་ཁྲིམས་ལུགས་བརྒྱུད་ནས་མི་ཆེ་གེ་མོའམ་ཡང་ན་མི་ཉུང་ཉུང་གི་ཚོགས་མིའི་ཚེ་སྲོག་འཕྲོག་ཆོག་ཆོག་ཡིན་པས། སྐྱེས་བུ་སྒེར་གྱི་སྲོག་འཚོ་བའི་དབང་ཆར་ཁས་ལེན་ཐོབ་མི་སྲིད།

སྐྱེས་བུ་སྒེར་གྱི་རིང་ལུགས་པའི་རྩ་དོན་ལྟར་ན་མི་གསོད་པ་ནི་ཁྲིམས་འགལ་ཡིན་ལ། རང་ཉིད་སྲུང་སྐྱོབ་བྱེད་པ་ནི་ཡོངས་སུ་ཁྲིམས་མཐུན་ཡིན་སྟེ། ཁྲིམས་ལུགས་དེ་ཐོབ་ཐང་གི་ཕྱོགས་སུ་ལངས་པ་ཡིན།

ཐུན་མོང་རིང་ལུགས་པའི་རྩ་དོན་ལྟར་ན་མང་པོའི་ཕྱོགས་ཁ་མཐུན་ནས་མི་གསོད་པ་ནི་ཁྲིམས་མཐུན་ཡིན་ལ། ལྡོག་སྟེ་རང་སྲུང་བྱེད་པ་ནི་ཁྲིམས་འགལ་ཡིན་སྟེ་ཁྲིམས་ལུགས་མི་མང་པོའི་ཕྱོགས་སུ་ལངས་པ་ཡིན།

སྐྱེས་བུ་སྒེར་གྱི་རིང་ལུགས་པའི་ངོས་ནས་ཁྲིམས་ལུགས་ཀྱིས་ཀུན་སྤྱོད་རྩ་དོན་གྱི་ཚབ་བྱེད་ཀྱི་ཡོད་ལ།ཐུན་མོང་རིང་ལུགས་པའི་ངོས་ནས་ཁྲིམས་ལུགས་ཀྱིས་ཀུན་སྤྱོད་ཀྱི་རྩ་དོན་ལ་ཁྱད་དུ་གསོད་པའི་ལྟ་བའི་ཚབ་བྱེད་ཀྱི་ཡོད་པས།  མང་སྣ་ཉུང་གིས་མི་བརྟན་པའི་འོག་དུ་གང་དྲན་བྱུང་རྒྱལ་བྱས་ཆོག་པ་རེད།

སྐྱེས་བུ་སྒེར་གྱི་རིང་ལུགས་ཀྱི་ལམ་ལུགས་སྲུང་བརྩིའི་འོག་དུ་ཁྲིམས་ལུགས་ཀྱི་མདུན་སར་མི་ཚང་མ་འདྲ་མཉམ་ཡིན་ལ། མི་ཚང་མར་ཐོབ་ཐང་འདྲ་མཚུངས་སུ་ཡོད་དེ། སྐྱེས་བུ་སྒེར་བ་ནུས་མེད་ཅིག་གམ་མི་ཁྲི་སྟོང་མང་པོ་རྒྱབ་དུ་ལངས་ཡོད་པའི་མི་གང་སུ་དང་གང་ལའང་ཐོབ་ཐང་དེ་འདྲ་མཚུངས་སུ་ཡོད།

ཐུན་མོང་རིང་ལུགས་ཀྱི་ལམ་ལུགས་འོག་དུ་མི་རྣམས་ཀྱིས་གྲོགས་འཚོལ་དཔུང་སྒྲིག་བྱེད་དགོས་ཤིང་སུ་དང་གང་གི་ཚོགས་པར་སྟོབས་ཆེ་ན་གང་དེར་ཐོབ་ཐང་ཡོད་ཚད་ཐོབ་ཅིང་ཕམ་ཁ་འཁུར་མཁན་གྱི་མི་སྒེར་བའམ་གྲངས་ཉུང་བའི་ཚོགས་ལ་ཁེ་ཐོབ་ཐང་ཅི་ཡང་མེད། ཕྱོགས་དང་དཔུང་གི་ཆེ་ཆུང་གིས་མི་གང་ཞིག་དབང་ཤུགས་ལྡན་པའི་མི་རྗེ་ཆགས་ངེས་པ་མ་ཟད།། གྲོགས་མེད་ཁེར་རྐྱང་གི་བྲན་གཡོག་ཡང་ཆགས་སྲིད་པ་རེད།

དེ་ལ་ཨ་མེ་རི་ཁའི་རྒྱལ་ཁབ་ནི་སྐྱེས་བུ་སྒེར་གྱི་རིང་ལུགས་པའི་དཔེ་མཚོན་འཁྲུལ་མེད་ཡིན་པ་རང་བཙན་བསྒྲགས་གཏམ་ལས་ཤེས་ཐུབ་ཅིང། སུའུ་ལན་དང་འཇར་མན་ན་ཙེ་ནི་ཐུན་མོང་རིང་ལུགས་པའི་དཔེ་མཚོན་ཡིན་ནོ།

སུའུ་ལན་དུ་ཞིང་པའམ་ཞིང་ཕྱུག་ཁྲི་སྟོང་མང་པོ་ཁྲིམས་ལ་བརྟེན་ནས་མེད་པ་བཟོས་ཤིང་། རྒྱུ་མཚན་ནི་དབང་ཆ་གཅིག་སྡུད་པས་དེ་ལྟར་བྱས་པ་ནི་མི་དམངས་མང་ཤོས་ལ་ཕན་པར་ངོས་འཛིན་བྱས་ཤིང་། དེ་ཡང་ཁོ་ཚོའི་ངོས་ནས་མི་དམངས་མང་ཤོས་ཞིང་ཕྱུག་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་རྒྱུ་མཚན་གྱིས་རེད། འཇར་མན་ན་ཚེ་བས་ཀྱང་ཡ་ཧུ་ཏ་པ་ཁྲི་སྟོང་མང་པོ་ཁྲིམས་ལ་བརྟེན་ནས་མེད་པ་བཟོས་ཤིང་། དེའི་རྒྱུ་མཚན་ཡང་དབང་སྒྱུར་ཚོགས་པའི་ངོས་ནས་དེ་ལྟར་བྱས་པ་ནི་མི་དམངས་མང་ཤོས་ལ་ཕན་པར་ངོས་བཟུང་ཡོད་དེ། ཁོ་ཚོའི་སྣང་ངོར་མི་དམངས་མང་ཤོས་ཡ་ཧུ་ཏ་པར་ངོ་རྒོལ་བྱེད་མཁན་ཡིན་པས་རེད།

སུའུ་ལན་དང་ན་ཚེའི་ཁྲིམས་ནི་ཐུན་མོང་རིང་ལུགས་རྩ་དོན་གྱི་ལྡོག་དུ་མེད་པའི་འབྲས་བུ་ངོ་མ་དེ་རེད། དོན་དངོས་ཐོག་ཀུན་སྤྱོད་ཀྱི་ཚད་གཞི་དང་སྐྱེས་བུ་སྒེར་གྱི་ཐོབ་ཐང་སྣང་མེད་དུ་གཏོང་བའི་རྩ་དོན་ནི་མཇུག་མཐར་དྲག་སྤྱོད་ཀྱི་བྱུར་འདྲེན་ཉག་ཅིག་ཏུ་འགྱུར་ངེས།

ཁྱོད་ཀྱིས་སྤྱི་ཚོགས་ལམ་ལུགས་གང་ཞིག་ལ་ལྷག་ཏུ་ནས་དགེ་མཚན་ལྡན་མིན་གཏན་འཁེལ་མ་བྱས་པའི་སྔོན་དུ་ངེས་པར་དུ་གོང་གི་དབྱེ་ཞིབ་དེ་སེམས་ལ་ཉར་ནས་དྲི་བ་དང་པོ་དེར་ལན་འདེབས་བྱ་དགོས་སྟེ། སྤྱི་ཚོགས་ཀྱི་དབང་ཆ་ནི་ཚད་ཡོད་ཅིག་ཡིན་ནམ་ཡང་ན་ཚད་མེད་ཅིག་ཡིན་ཟེར་རྒྱུ་ལས་དེ་གཉིས་དུས་མཉམ་དུ་གྲུབ་རྒྱུ་ནི་མི་སྲིད་དོ།

མུ་འགོད།