གསུམ་པ།  ཨ་མེ་རི་ཁའི་རྩ་བའི་རྩ་དོན་ནི་ཅི་ཞིག་ཡིན་ནམ།

ཨ་རིའི་རྩ་བའི་རྩ་དོན་ནི་སྐྱེས་བུ་སྒེར་གྱི་རིང་ལུགས་ཡིན། ཨ་རི་ནི་སྐྱེས་བུ་སྒེར་བ་སོ་སོར་གཞན་གྱིས་འཕྲོག་མི་ཆོག་པའི་ཐོབ་ཐང་ཡོད་པའི་རྩ་དོན་གྱི་སྟེང་ཚུགས་པ་ཞིག་རེད། ཐོབ་ཐང་འདི་དག་ནི་ཆ་རྐྱེན་ཅི་ཡང་མེད་པའི་འོག་ནས་མི་སོ་སོ་སྒེར་ལ་ཡོད་ཅིང་སྒེར་ལ་གཏོགས་པ་མ་ཟད། ཐུན་མོང་དང་སྤྱི་ཚོགས་ལས་འདས་ནས་སྤྱིའི་ཚོགས་པ་གང་ལའང་མི་གཏོགས་པ་ཞིག་རེད།

ཐོབ་ཐང་འདི་དག་ནི་སྐྱེས་མ་ཉིད་ནས་ཡོད་པ་ཞིག་ལས་སྤྱི་ཚོགས་ཀྱིས་གསོལ་རས་སུ་བསྩལ་བ་ཞིག་མིན།

མི་སྒེར་ལ་བདག་པའི་ཐོབ་ཐང་འདི་དག་ནི་ཐུན་མོང་གི་ཚོགས་པ་གང་ཞིག་ནས་ཡོང་བ་མ་ཡིན་ལ།  ཐུན་མོང་གི་ཚོགས་པ་གང་རུང་གི་ཁེ་ཕན་དམིགས་སུ་བཟུང་བ་ཡང་མིན་པར་ཐོབ་ཐང་འདི་དག་ནི་ཐུན་མོང་གི་ཚོགས་པ་དང་ཁ་གཏད་ཡིན་ལ་ཐུན་མོང་ཚོགས་པས་བཟློག་ཏུ་མེད་པ་དེ་ཡིན།

ཐོབ་ཐང་འདི་དག་གིས་སོ་སོ་སྒེར་ལ་སྲུང་སྐྱོབ་བྱས་ཆོག་ལ་མི་སུ་གང་གིས་ཀྱང་དེར་བཙན་གནོན་བྱས་མི་ཆོག།

གལ་ཏེ་སྤྱི་ཚོགས་ཤིག་ཐོབ་ཐང་འདི་དག་ཡོད་པའི་རྨང་གཞིའི་སྟེང་ཚུགས་པ་ཡིན་ན་ནི་མི་རྣམས་ཀྱིས་རང་དབང་དང་དྲང་བདེན། བརྩི་མཐོང་བཅས་ཉམས་སུ་མྱོང་ཐུབ་པ་ཡིན།

ཨ་རིའི་རྩ་ཁྲིམས་ནི་སྐྱེས་བུ་སྒེར་གྱི་དབང་ཆར་ཚོད་འཛིན་བྱེད་པའི་ཁྲིམས་ལུགས་ཤིག་མ་ཡིན་པར་སྤྱི་ཚོགས་ཀྱི་དབང་ཆར་ཚོད་འཛིན་བྱེད་པའི་ཁྲིམས་ལུགས་ཤིག་ཡིན།

བཞི་པ། ཐོབ་ཐང་ཞེས་པ་ནི་ཅི་ཞིག་ཡིན་ནམ།

ཐོབ་ཐང་ནི་ཚུགས་ཐུབ་ཀྱི་སྤྱོད་ལམ་འཁྱེར་སྟངས་ཤིག་ཡིན། ཐོབ་ཐང་ཡོད་པས་འགྲོ་འདུག་གང་ལ་ཡང་མི་སུ་གང་གི་སར་ཆོག་མཆན་ཞུ་མི་དགོས།

གལ་ཏེ་ཁྱེད་རང་གཞི་གྲུབ་པ་དེ་སྤྱི་ཚོགས་ཀྱི་མངགས་བཀོད་ལྟར་ཡིན་ན་ནི་ཁྱེད་ལ་རང་ཉིད་ཀྱི་སྲོག་འཚོ་བའི་ཐོབ་ཐང་ཡང་མེད་དེ་ཁྱོད་ཀྱི་འགྲོ་འདུག་རང་དབང་ནི་ཕྱིའི་མངགས་བཀོད་དང་བསྟུན་ནས་འགྲོ་དགོས་པས་སོ།

གལ་ཏེ་ཁྱེད་རང་གི་འགྲོ་འདུག་སོགས་སྤྱི་ཚོགས་ལ་ཆོག་མཆན་ཞུ་དགོས་ཚེ་ཁྱོད་ལ་ཆོག་མཆན་ཐོབ་མིན་གང་ལྟར་ཡང་ཁྱོད་ནི་རང་དབང་ཅན་ཞིག་མིན། བྲན་གཡོག་ལ་ནི་འགྲོ་འདུག་གང་རུང་གི་སྔོན་དུ་བྲན་བདག་གིས་ཆོག་མཆན་སྤྲོད་དགོས་ཤིང་། ཆོག་མཆན་སྤྲད་པ་དང་ཐོབ་ཐང་གཉིས་རྦད་དེ་མི་འདྲའོ།  ལས་བཟོ་བས་བཟོ་གྲྭའི་འགན་འཛིན་གྱི་མཐུན་རྐྱེན་འོག་ལས་གནས་རྙེད་པ་ཡིན་པའི་རྐྱེན་ལ་བརྟེན་ནས་ལས་བཟོ་བ་ནི་བྲན་གཡོག་ལ་ངོས་འཛིན་བྱེད་ཐབས་གཏན་ནས་མེད་དེ། ཁོ་ནི་མི་གཞན་གྱིས་གནང་བའི་མཐུན་རྐྱེན་གཅིག་པོར་བརྟེན་ནས་ལས་ཀ་ཐོབ་པ་མིན་པར་ཕྱོགས་གཉིས་ནས་རང་མོས་ཀྱིས་བཞག་པའི་གན་རྒྱར་བརྟེན་ནས་བྱུང་བ་ཞིག་རེད། དེ་བས་ལས་བཟོ་བས་ལས་གནས་ནས་རྩ་དགོངས་ཞུས་ཆོག་མོད་བྲན་གཡོག་གིས་ནི་མི་ཆོག་གོ

མུ་འགོད