image-200x300[1]

༄། །རྗེ་བཙུན་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་བཞུགས་སོ།།

ཤེས་བྱའི་མཁའ་ལ་ཤེས་རབ་སྣང་བ་རྩེན།།
རབ་གསལ་ཐུགས་ལ་རབ་འབྱམས་གཞུང་ལུགས་རྫོགས།།
རྒྱལ་བ་མགོན་པོའི་རྒྱལ་སྲས་སེམས་དཔའ་ཉིད།།
མཚན་ལྡན་བླ་མའི་མཚན་མར་སྟོན་ལ་འདུད།།

དེ་ལ་འདིར་འཕགས་མཆོག་ཕྱག་ན་པདྨོ་བསམ་བཞིན་མི་ཡི་ཟློས་གར་བསྒྱུར་བ། སྐལ་བཟང་གདུལ་བྱའི་དཔུང་གཉེན་གཅིག་པུ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨྲོས་ན༧རྗེ་བཙུན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཞེས་སྙན་པའི་གྲགས་པ་དཀར་བོ་ཁོར་ཡུག་འཛིན་མའི་ཁྱོན་ན་ཆེ་ཆེར་ཁྱབ་པ་གང་གི་རྨད་བྱུང་རྟོགས་བརྗོད་རྒྱ་མཚོ་ལྟ་བུ་ལས། བསྡུས་དོན་གྱི་ཆ་རོབ་ཙམ་གླེང་བར་བྱ་བ་ལ། སངས་རྒྱས་གཉིས་པ་པདྨ་ཀ་རས་བླ་མེད་ཐེག་པ་མཆོག་གི་བསྟན་པའི་གདུལ་ཞིང་དུ་ལུང་བསྟན་པའི་མདོ་སྨད་གནས་མཆོག་རེབ་གོང་གསེར་ལྗོངས་རིག་པ་འབྱུང་བའི་གྲོང་དུ་གྲུབ་པ་ཆེན་པོ་བརྒྱད་ཀྱི་བྱིན་རླབས་གནས་ལ་འཕོས་པའི་ཡ་གྱལ། བཅུ་གཅིག་ཤེལ་གྱི་དགོན་པའི་ཉེ་འདབས། བསྟན་ལ་མངོན་པར་དགའ་པའི་ཡུལ་སྐྱོང་ཇ་སྒྲོན་གཉེན་པོས་བདག་གིར་བྱས་པའི་དགེ་བཅུ་ཚང་བའི་ས་ཆ། ཡུལ་ཞོ་འོང་གཉན་རྒྱ་ཞེས་བྱ་བར། གྲུབ་དབང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གདུང་རྒྱུད་ལས་སྨིན་པའི་ཡབ་རྡོ་རྗེ་རྣལ་རྒྱལ་དང་། ཞོ་འོང་དཔོན་ཚང་གི་རུས་རྒྱུད་དུ་གཏོགས་པ་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་ཞི་བ་ས་བྱ་༼ཕྱི་ལོ་༡༩༠༩༽ལོའི་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་ངོ་མཚར་མཚན་ལྟས་དུ་མ་དང་བཅས་སྐུ་བལྟམས། གཞིའི་དཔོན་བསྟན་པས་མཚན་ལ་ཏིང་འཛིན་དབང་རྒྱལ་གསོལ།

དམ་པ་འདི་ཉིད་སྐུ་མ་འཁྲུངས་པའི་ཡར་སྔོན་ལ་གྲུབ་པའི་རིག་འཛིན་ཆེན་པོ་འགྲོ་འདུལ་ལས་རབ་གླིང་བ་སྟེ་གཏེར་སྟོན་བསོད་རྒྱལ་རིན་པོ་ཆེ་གཡའ་མ་བཀྲ་ཤིས་འཁྱིལ་དུ་ཞབས་ཀྱི་པདྨོ་མངོན་པར་བཞད་པའི་དྲུང་དུ་ཡུམ་མངལ་སྦྲུམ་པའི་སྐབས་སུ་མཇལ་པར་ཕྱིན་པས། རྗེ་འདིས་ཕྱག་དབང་གནང་སྟེ་ཁྱོད་ལ་བུ་ཞིག་བཙའ་བར་ཉེ་བས། ཕྱིས་སུ་གྲིབ་མནོལ་དང་བཙོག་བཙོག་ལ་གཟབ་གཟབ་གྱིས་དང་བསྟན་འགྲོ་ལ་ཕན་ཐོགས་པའི་སྐྱེས་བུ་བླ་ན་མེད་པ་ཞིག་འབྱུང་ཞེས་རྡོ་རྗེ་ལུང་གི་མེ་ཏོག་སྤྱི་གཙུག་ཏུ་གཏོར། རྗེས་ནས་སྔ་འགྱུར་བསྟན་པ་རྒྱ་མཚོའི་ཁྱབ་བདག ཐེག་རྩེའི་ངེས་དོན་དགོངས་པའི་གསལ་བཤད། སྒྲུབ་བརྒྱུད་བཀའ་བབས་བསྟན་པའི་ཤིང་རྟ་བ་ཆེན་པོ་རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་མཆོག་གི་ཞབས་ཟུང་གསེར་གྱི་རེ་ཁྰ་བཀྲ་ཤིས་འཁྱིལ་ལ་བཀོད་སྐབས། ཡུམ་སྲས་གཉིས་མཇལ་བར་ཕྱིན་ཙ་ན་བླ་མས་ཁྱེད་གཉིས་འདིར་ཤོག་གསུང་སྟེ་འཆི་མེད་ཚེ་ཡི་དབང་ཆོག་བསྐུར་ཞིང་། ཐུགས་ཀྱི་བྱིན་རླབས་མཐའ་དག་རྒྱུད་ལ་འཕོ་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་ནས་འདི་ཀའི་དགེ་འདུན་འདུས་སྡེ་ཡོངས་ཀྱི་སྤྱན་སྔར་རླངས་རྒྱལ་བོ་རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ཡང་སྤྲུལ་བཞི་བར་ངོས་འཛིན་གནང་།

དེ་ཡང་དག་སྣང་ནོར་བུའི་ཕྲེང་བར། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཡང་སྤྲུལ་དུ། ཐུབ་བསྟན་སྙིང་བོའི་སྲོག་འཛིན་རྫོགས་ཆེན་པ།། ཆོས་ཀྱི་སྤྱན་ལྡན་རྷརྨ་བཛྲ་ཡིས།། རྡོ་རྗེ་ལུང་གིས་བསྔགས་པ་ཁྱོད་ལ་འདུད།། ཅེས་པ་ལྟར། གདུལ་བྱའི་སྣང་ངོར་བསམ་བཞིན་སྲིད་པ་བཟུང་སྟེ་བརྩེ་བ་ཆེན་པོའི་གཞན་དབང་གིས་དྲངས་ནས་ཞིང་འདིར་སྐུའི་སྐྱེ་བ་བཞེས་པའི་ཚུལ་བསྟན། དགུང་གྲངས་བཞིའི་སྟེང་གཡའ་མ་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་སྔགས་བཙུན་ཁྱབ་བརྡལ་ཀློང་ཡངས་སམ་ཨ་ལགས་བོན་པོ་བློ་བཟང་བསྟན་འཛིན་མཆོག་གིས་སྐུའི་བདག་གཉེར་མཛད་ཅིང་། འཕྲལ་ཀློག་དང་སྦྱོར་ཀློག་གི་རིམ་པ་ནས་འདོན་ཆོས་སྤྱོད་ཀྱི་སྐོར་རྣམས་ཆ་ཚང་བར་བསླབས། ཞབས་དཀར་སྐུ་ཕྲེང་གཉིས་པ་འཇིགས་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་དྲུང་ནས་དབང་ལུང་མན་ངག་གི་བདུད་རྩི་རྒྱད་ལ་བླངས། གནས་ལྔ་མཐར་སོན་ཨ་ཁུ་བསྟན་པ་ཚང་གི་མདུན་ནས་སུམ་རྟགས་དག་གསུམ་དང་། རྩིས། སྙན་ངག་སོགས་ཐུན་མོང་རིག་གནས་ཀྱི་སྐོར་ལ་སྦྱངས་བརྩོན་ལྷོད་མེད་བརྟེན་ཅིང་། ཞབས་དཀར་གསུང་འབུམ་གྱི་གཙོས་མདོ་སྔགས་གཞུང་གི་ལྗགས་ལུང་ཡང་རྒྱ་ཆེར་གསན།

དེ་ནས་ཡོངས་ཀྱི་བཤེས་གཉེན་ཆེན་པོ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་དགོན་འདིར་ཞབས་ཀྱིས་བཅགས་ཏེ་དབྱར་གནས་ལ་བཞུགས་པའི་དྲུང་དུ་དབང་ལུང་བཀའ་ཆོས་ཀྱི་གདམས་པ་མང་བོར་གསན་ཅིང་། རྗེ་འདི་ཉིད་མཁན་པོ་མཛད་ཅིང་གཞན་དད་ཡུལ་དགེ་འདུན་གྲངས་ཚང་བའི་དབུས་ནས་བསྙེན་རྫོགས་ཀྱི་བསླབ་པ་བཞེས་ཏེ་མཚན་ལ་ཤེས་རབ་རྒྱལ་མཚན་གསོལ། དེ་ནས་བཟུང་བསླབ་པ་རིན་པོ་ཆེའི་གནང་བཀག་གི་མཚམས་ཕྲ་མོ་ཚུན་ཆད་ལ་སྐད་ཅིག་ཀྱང་མ་འདས་པར་མ་ཟད། ཤ་དང་སྒོག་བཙོང་ལ་སོགས་པ་ཡུལ་དུས་དང་བསྟུན་པའི་རང་བཞིན་གྱི་ཁ་ན་མ་མཐོ་བ་དག་ཀྱང་གཏན་སྤང་གི་བརྟུལ་ཞུགས་ལ་གནས་པས་འདུལ་བ་འཛིན་པའི་ཚད་དུ་བསྔགས། དེས་ན་ནོར་ཕྲེང་ལས་ཀྱང་། སྣང་སྲིད་དག་མཉམ་ཆེན་པོའི་དགོངས་པ་ལ།། མ་དག་བསྡམ་བྱའི་ཟག་པ་མི་མངའ་ཡང་།། རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་འཛིན་ཕྱིར།། ངུར་སྨྲིག་རྒྱལ་མཚན་འཆང་བ་ཁྱོད་ལ་འདུད།། ཅེས་གསུངས་པ་ལྟར་ལགས་ཤིང་། ངེས་དོན་བསྟན་པའི་མཛོད་འཛིན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཞོ་འོང་ལ་ཁར་ཞབས་སོར་བཀོད་པའི་དྲུང་ནས་གསང་ཆེན་རྙིང་མའི་ཉེ་བརྒྱུད་གཏེར་ཕྱོགས་ཀྱི་ཟབ་པའི་མཐར་ཐུག་རིན་ཆེན་གཏེར་མཛོད་ཀྱི་བཀའ་དབང་ཆེན་མོར་གསན་བཞེས་མཛད།

གཙོའི་དཔལ་སྤྲུལ་རིན་པོ་ཆེའི་དྲུང་ནས་རྩ་རླུང་དང་། གཏུམ་མོ། རྫོགས་ཆེན་ཡེ་ཤེས་བླ་མའི་འཁོར་འདས་རུ་ཤན་གྱི་སྦྱངས་པ་སོགས་ལ་ཉམས་ལེན་ཞིབ་རྒྱས་གནང་། ཨ་ལགས་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་གསར་རྙིང་གི་དམ་པའི་སྐྱེས་བུ་མང་བོའི་ཞབས་པད་ཚུལ་བཞིན་བསྟེན་ནས་མདོ་རྒྱུད་མན་ངག་གི་གཞུང་ལ་གསན་བསམ་རྒྱ་ཆེར་མཛད། ཁྲོ་བོ་ཤིང་གླང་ལོར་དགུང་གྲངས་བཅུ་བདུན་བཞེས་དུས་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བ་མདོ་རྒྱུད་མན་ངག་གི་མཛོད་འཛིན་ཆེན་པོ། རྗེ་འཇིགས་མེད་འོད་གསལ་རྡོ་རྗེའམ་ཡོངས་གྲགས་སུ་ཨ་ལགས་ཚེ་ཐར་ཚང་ཞེས་མཚན་ཐོས་པ་ཙམ་གྱིས་ཀྱང་སྐྱེ་དགུའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་པ་གང་གི་ཞབས་ལ་དངོས་སུ་གཏུགས་པས། ཚེ་རབས་ནས་ཚེ་རབས་སུ་འབྲེལ་བའི་དམ་ཚིག་གི་བརྩེ་བ་དུས་སུ་སྨིན་ཏེ་སྐྱབས་ཡུལ་མཐའ་དག་གི་ངོ་བོར་ཤེས་ཤིང་བླ་མེད་སྒོས་ཅི་གསུམ་བཀའ་སྒྲུབ་ཀྱི་ཕྱག་ཕྱི་ཞབས་ཏོག་ཚུལ་བཞིན་བགྱིས། ཉིན་ཞིག་བླ་མའ་ཀློང་སྙིང་སྔོན་འགྲོའི་དོན་ཊྰིཀ་ཀུན་བཟང་བླ་མའི་ཞལ་ལུང་གི་ལྗགས་ཁྲིད་སྩོལ་སྐབས། བླ་མས་གནད་གསང་འགའ་ལ་དྲི་བ་བཏོན་པས། དམ་པ་འདིའི་དོགས་པ་མ་འཁྲོལ་བའི་ཚུལ་དགོངས་པ་ན་བླ་མས། འདི་ལྟ་བུ་ལའང་ཁྱོད་ཀྱིས་ལན་སྨྲ་བར་དཀའ་ན་རྗེས་སུ་བསྟན་པ་དང་སེམས་ཅན་གྱི་དོན་ཅི་ལྟར་བྱེད་གསུངས་ནས་བཀའ་བཀྱོན་མཛད་པས། དམ་པ་མཆོག་གི་ཐུགས་ཤིན་ཏུ་ཞུམ་སྟེ་སྤྱན་ཆབ་ཀྱི་ལོ་འདབ་བསིལ་བཞིན་མྱ་ངན་མཛད་ཙ་ན། བླ་མས་འདིར་ཤོག་གསུང་སྟེ་དངོས་གཞི་ཟབ་མོའི་ལམ་གྱི་སྔོན་འགྲོ་འབུམ་ལྔའི་བསགས་སྦྱང་གི་ཕྱག་བཞེས་དམིགས་རིམ་དང་བཅས་པ་གནང་བས། ལོ་ངོ་གཅིག་གི་ཡུན་ལ་སྒྲིབ་སྦྱོང་རྣལ་མར་མཛད།

དེའི་རྗེས་ཐོག་ཏུ་འཇམ་དབྱངས་མཁྱེན་བརྩེ་དབང་བོས་མཛད་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟོད་སྒྲུབ་ཟབ་མོ་ཉམས་སུ་ལེན་ཚུལ་གྱི་ལྗགས་ལུང་བསྩལ་ཏེ་སྒྲུབ་པར་གྱིས་གསུངས་པས། བླ་མ་དང་ལྷག་ལྷ་དབྱེར་མེད་ལ་གསོལ་འདེབས་དད་པའི་བརྟན་ཆ་མ་བྲལ་བའི་ངང་ནས་བསྙེན་ཚད་མཐའ་ཕྱིན་པ་ན། ཚོགས་བསགས་སྒྲིབ་པ་དག་སྟོབས་ལས་འཁྲུངས་པའི་རྟེན་འབྲེལ་ལ་དམ་པ་མཆོག་གི་མཚན་ལམ་དུ་ཟོང་ཐོགས་པ་ཞིག་གིས་རྒྱལ་ཁ་སྤར་མོ་གང་ཉིད་ཀྱི་ཕྱག་ལ་གཏད་པས་ཁོང་གིས་དེ་དག་ཁོག་ཏུ་མིད་པ་ཞིག་རྨིས། ཐོ་རེངས་མནལ་ལས་སད་སྐབས་སྔར་དང་མི་འདྲ་བར་སྣང་བ་འགྱུར་ནས་ཤེས་བྱ་མཐའ་དག་ལ་བློ་གྲོས་ཀྱི་སྤོབས་པ་རང་ཆགས་སུ་གསལ་འདུག་པ་བྱུང་སྟེ་མདོ་སྔགས་ཟབ་རྒྱས་ཀྱི་དགོངས་དོན་མ་ལུས་པ་ཐུགས་ལ་ཚེགས་མེད་དུ་རྫོགས་པའི་མཐུ་ཐོབ། བླ་མའི་སྐུ་གཟུགས་བསྙུན་ཚུལ་མཛད་སྐབས་སྔར་དང་མི་འདྲ་བར་སྣང་བ་འགྱུར་ནས་ཤེས་བྱ་མཐའ་དག་ལ་བློ་གྲོས་ཀྱི་སྤོབས་པ་རང་ཆགས་སུ་གསལ་འདུག་པ་བྱུང་སྟེ་མདོ་སྔགས་ཟབ་རྒྱས་ཀྱི་དགོངས་དོན་མ་ལུས་པ་ཐུགས་ལ་ཚེགས་མེད་དུ་རྫོགས་པའི་མཐུ་ཐོབ། བླ་མའི་སྐུ་གཟུགས་བསྙུན་ཚུལ་མཛད་སྐབས་རྨ་ཕར་རི་ཚུར་རི་དང་མཚོ་གཡས་རི་གཡོན་རི་སོགས་རྒྱུས་མེད་ཡུལ་ཁམས་མང་བོར་ཞབས་ཐང་གིས་བསྐྱོད་ནས་ཚེ་བླུ་འབུམ་ཕྲག་དུ་མའི་ཞབས་བརྟན་གྱི་ཆེད་གཉེར་མཛད་ཅིང་། བདེ་ལྡན་མགོན་པོའི་སྟོང་མཆོད་ཆེན་མོ་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོ་ག་རེབ་གོང་སྟོད་སྨད་དང་། གཅན་ཚ་ཉིན་སྲིབ། བ་ཡན་སྐེད་གཞི། ཁྲི་ཀའི་ཡུལ་གཞུང་། སྒོ་མེ་དང་གཙོད་ལ་སོགས་པའི་ཡུལ་ཁམས་ཐམས་ཅད་ལ་ཆོས་ཐོག་གསར་འཛུགས་ཀྱི་མཛད་འཕྲིན་བླ་ན་མེད་པ་བསྒྱུར་སྐབས་སྐད་ཅིག་ཀྱང་འབྲལ་བ་མེད་པར་བླ་མའི་རྗེས་སུ་འབྲངས་ནས་ཐུགས་མཉེས་པའི་ཞབས་ཏོག་ལྷོད་མེད་བསྒྲུབས། བླ་མས་བསྙུན་བཞེས་ཀྱི་སྐབས་སུ་གནས་འདིའི་གསོལ་ཆབ་མ་འཕྲོད་པས་གསེར་ལྡན་ཆུ་བོ་ལེན་པར་ཞབས་ཐང་གིས་བསྐྱོད་ནས་བཞེས་ཆབ་དྲངས་པ་སོགས་གཞན་གྱི་བློ་ཡུལ་ལ་ཤོང་དཀའ་བའི་སྒོ་གསུམ་གུས་རྟག་གི་བརྩོན་པས་མི་ལོ་སུམ་ཅུའི་རིང་ལ་བསྟེན་ཅིང་། ཐེག་རྩེའི་གྲུབ་མཐའ་ཆེན་མོ་སྔ་འགྱུར་འོད་གསལ་སྙིང་ཐིག་གི་དག་པའི་བརྒྱུད་ལྡན་ཚང་ལ་མ་ནོར་བའི་ཞལ་ཆབ་བདུད་རྩིའི་མན་ངག་ལ་གོ་མྱོང་རྟོགས་གསུམ་གྱིས་ནང་བྱན་ཆུབ་པར་གྱུར་ནས་རྗེ་འདི་ཉིད་ཀྱི་སྲས་ཀྱི་ཐུ་བོར་གྱུར།

དེ་ཡང་ནོར་ཕྲེང་ལས། རྟག་དུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར།། ཚེ་རབས་ལས་ཀྱི་ཐར་བའི་ལམ་སྟོན་མཆོག། མཉེས་པ་གསུམ་གྱིས་བསྟེན་ཚུལ་རྨད་བྱུང་བའི།། སྣོད་ལྡན་སློབ་མར་གྱུར་བ་ཁྱོད་ལ་འདུད།། ཅེས་གསུངས་པ་ལྟར་རྟག་ངུས་ཆོས་འཕགས་བསྟེན་པའི་རྣམ་ཐར་གྱི་ཚུལ་ལའང་ཆེ་ཆེར་ཧ་ལས་མི་དགོས་པའི་ཚད་དུ་ཕྱིན། བཀྲ་ཤིས་འཁྱིལ་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་ལ་ལོ་ངོ་གསུམ་གྱི་ཡུན་དུ་ཕྲ་གཟིགས་ཞིབ་མཇལ་གནང་ཞིང་། ཁྱུང་དགོན་དུ་བྱོན་ནས་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྡེ་གཞུང་ལ་ཞིབ་མོར་མཇལ་ནས་འདིར་མ་འདུས་པ་རྣམས་བྲག་དཀར་རྒྱ་ནས་མཇལ་ཏེ་ཚིག་དོན་གྱི་ཆ་ལ་བསམ་གཟིགས་རྣལ་མར་མཛད། ཞོ་འོང་གི་ཆུ་ཁའི་རོང་ཞེས་བྱ་བར་སྙིང་བོ་ཡི་གེ་དྲུག་མ་དུང་ཕྱུར་གསུམ་གྱི་ཆུ་འཁོར་རྟེན་དང་བརྟེན་པ་ཕྱག་འདེབས་མཛད་ནས་བསྙེན་པའི་སྔོན་འགྲོ་སྔོན་དུ་སོང་ནས། གཞི་ཁྲེགས་ཆོད་ཐོད་བརྒལ་གྱི་ཟབ་མོའི་ཉམས་ལེན་ལ་གོམས་པ་རྒྱུན་བསྲིངས་ཏེ་ཐུན་མཚམས་སུ་ཆོས་རྗེ་བླ་མ་གསེར་ཁང་བའི་ཕྱག་བཞེས་བཞིན་གཏོར་མ་བརྒྱ་རྩ་དང་ཚ་ཚ་པར་འདེབས། མཆོད་བཤམས་དང་ཕྱག་སྐོར་ལ་སོགས་པའི་རྣལ་འབྱོར་ལ་བརྩོན་བཞིན་སྨྱུང་གནས་སྟོང་དཀར་གཅིག་གི་རྨད་བྱུང་རྣམ་ཐར་གྱི་ས་བོན་ལེགས་པར་བསྐྲུན།

དེ་ནས་ཞོ་འོང་ལ་སྟེང་འོག་གི་དད་ལྡན་སྐྱེ་འགྲོ་ཀུན་གྱི་མཆོད་གནས་སུ་བཀུར་ཏེ་མི་ཕྱེད་དད་གུས་ཀྱི་སྣང་བ་དཀར་བོ་བླ་ནས་བླ་རུ་འཕགས། རྣམ་འཕྱང་ས་ཁྱི་ལོའི་དགུང་གྲངས་ལྔ་བཅུ་བཞེས་དུས། གནམ་ས་ཁ་རྡེབ་ཀྱི་འཕོ་འགྱུར་ཡ་ང་བ་ཐེབས་ཏེ་སོར་སྐྱེས་ཚུར་མཐོང་གི་སྣང་ངོར་བསྟན་འགྲོའི་འཕྲིན་ལས་ཀྱི་མཇུག་བསྡུས་པ་ལྟར་སྣང་ན་ཡང་། རྟོགས་པའི་བསྟན་ལ་དག་པར་སྤྱོད་པ་ནི། དུས་ཀྱི་དབང་གིས་རྗེ་འདི་ཉིད་ཞོ་འོང་ཞུ་སྡེ་བའི་ནང་བགོས་རུ་ཁག་འགའ་ཡི་ཟས་དཔོན་དུ་བསྐོས་པས། ནད་པ་དང་། བགྲེས་པོ། ཉམ་ཐག་གི་རིགས་ལ་གསང་སྟབས་ཀྱིས་ཟས་སྐལ་སྣོན་པ་བརྒྱབ་ནས་ཉམ་ཐག་པའི་འགྲོ་བ་འཆི་ལ་ཐུག་པ་མང་བོར་མི་འཇིགས་པ་སྐྱབས་ཀྱི་ཚེ་སྲོག་གི་སྦྱིན་པ་བཏང་། ཁོང་ཉིད་ཀྱི་ཟས་སྐལ་ཕོན་ཆེ་བའང་བདག་པས་གཞན་གཅེས་ཀྱི་བློ་ཡི་གཞན་དབང་གིས་སྡུག་བསྔལ་གྱིས་གཟིར་བ་རྣམས་ལ་ཕངས་མེད་དུ་བསྩལ་བས་མཆོག་གི་སྐུ་ལུས་སྐམ་རིད་དུ་གྱུར་བའི་ཚུལ་བསྟན་པ་ན་སྐྱེ་བོ་དག་གི་ངོ་མཚར་གྱི་མིག་ཟུང་ཅེར་གྱིས་བསྒྲད། དེ་ནས་ཡབ་རྗེ་བླ་མ་ཚེ་ཐར་རིན་པོ་ཆེའི་རགས་པའི་གཟུགས་སྐུའི་ཟ་མ་ཏོག་དོར་ཏེ་ནུབ་ཕྱོགས་བདེ་ལྡན་ཞིང་དུ་དག་པ་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་སྐབས། རྒྱལ་བསྟན་སྤྱི་དང་། ཁྱད་པར་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་གཉེར་གཏད་དེ། རྗེ་འདིའི་རྒྱལ་ཚབ་ཏུ་དབང་བསྐུར། ནོར་ཕྲེང་ལས། བཅོམ་ལྡན་སྣང་མཐས་སྒྱུ་འཕྲུལ་ངོམ་པའི་གར།། ཞིང་འདིར་སྐུ་ཚེ་མཛད་པ་ཡོངས་རྫོགས་ཏེ།། ཐར་བ་ཆེན་པོའི་དབྱིངས་སུ་གཤེགས་པའི་ཚེ།། ཐུགས་ཟིན་བསྔགས་པའི་མེ་ཏོག་འཐོར་བཞིན་དུ།། ཕྱག་གཡས་གླང་བོའི་སྣ་ཞགས་ལྟར་བརྐྱངས་ནས།། རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ།། འོད་གསལ་རྡོ་རྗེ་སྙིང་བོའི་བརྒྱུད་གསུམ་གྱི།། བཀའ་བབ་གཏད་རྒྱ་ཐོབ་པ་ཁྱོད་ལ་འདུད།། ཅེས་གསུངས་པ་ལྟར་ཡབ་གཅིག་མཚན་ལྡན་གྱི་བླ་མས་ཐུགས་སྲས་སྣོད་ལྡན་གྱི་བུ་ལ་བརྒྱུད་པའི་བཀའ་སྲོལ་གཏད་པ་ནི་རྣམ་འདྲེན་རྒྱལ་བ་ཆེན་པོས་འོད་སྲུངས་ལ་གདམས་པའི་ངང་ཚུལ་ལ་མ་འདས་སོ།།

ས་ལུག་ལོ་དགུང་གྲངས་དོན་གཅིག་བཞེས་དུས། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྣུམ་ཟད་ཀྱི་མར་མེ་ལྟར་གྱུར་བའི་ཚུལ་ལ་ཐུགས་ཞེ་ཕངས་ཤིང་། རྗེ་བླ་མའི་ཞལ་གདམས་སྙིང་དབུས་སུ་ཉར་ནས་ཐུགས་སྟོབས་བླ་མེད་ཀྱི་གོ་ཆ་ལེགས་པར་བགོས་ཏེ། ཞོ་འོང་ལ་སྟེང་འོག་གི་སྔགས་འཆང་རྣམས་ལ་བཀའ་བརྒྱད་སྒོས་སྒྲུབ་བཞིའི་དབང་བསྐུར། གཉན་རྒྱ་ནས་ཉིད་ཀྱི་ཐུགས་སྲས་མཆོག་སྤྲུལ་གྲོལ་ལོ་རིན་པོ་ཆེའི་གཙོས་ཞོ་འོང་སྔགས་མང་ལ་གཅོད་འཛིན་པ་རང་གྲོལ་གྱི་ཟབ་དབང་བསྩལ། ཞོ་འོང་ཞུ་སྡེ་བའི་གྲོང་སྔགས་སྤྱི་ལ་ཆོས་སྐྱོངས་མགོན་པོ་ཚོགས་བདག་དང་། རྡོ་རྗེ་སེམས་དཔའ། དཀོན་མཆོག་སྤྱི་འདུས། རིག་འཛིན་འདུས་པ། འོད་དཔག་མེད་ལ་སོགས་པའི་སྨིན་བྱེད་དབང་བཞི་ཟབ་མོའི་གྲུ་ཆར་ཕབས། གཞན་སྔགས་འཆང་རྣམས་ལ་རྟ་ཁྱུང་དང་། རྟ་མགྲིན་གསང་སྒྲུབ་ཀྱི་སྨིན་དབང་། ཟངས་མདོག་དཔལ་རིའི་སྨོན་ལམ་དང་སྐྱབས་འགྲོའི་ས་བཅད་ཟུང་སྦྲགས་སྒོས་ཞལ་ཁྲིད་རྒྱས་པར་བསྐྱངས་ཤིང་། སྔགས་འཆང་རྒན་པ་དག་ལ་གཞི་གནས་རང་བྱུང་གི་རིག་པ་ངོ་སྤྲོད་པའི་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་པའི་བཀའ་དྲིན་སྩལ། ཨ་མཆོད་སྐྱ་བོ་རྣམས་ལ་གདུགས་དཀར་གྱི་དབང་དང་ཚེས་བཅུའི་ཕན་ཡོན་གྱི་ཞལ་ཁྲིད་ཞིབ་པར་གནང་། དེ་ནས་བྱ་དཀར་དང་། ཇའ་མོ། གླིང་རྒྱ། མྱང་། དྲ་དྲོང་། བྱང་ཆུབ། མཚོ་འདུ། སྤྱང་སྐྱ། སྤྱང་ལུང་། རྒྱལ་བོ་ཆུ་ཇ། ཆུ་མ་ལ་སོགས་པའི་རེབ་གོང་སྟོད་སྨད་བར་གསུམ་གྱིས་གདན་དྲངས་ནས་དབང་ལུང་བཀའ་ཆོས་ཀྱི་རིམ་པ་རྒྱ་ཆེར་སྤེལ། རེབ་གོང་ཕུར་ཐོགས་སྟོང་གི་ཚོགས་ཀྱི་རལ་བའི་རིགས་བདག་དུ་སྤྱན་དྲངས་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་སོགས་སྨིན་བྱེད་ཟབ་མོ་དབང་གི་སྐོར་དང་། བརྒྱུད་ལྡན་ཆོ་གའི་ལྗགས་ལུང་མང་བོ། གྲོལ་བྱེད་ཁྲིད་ཀྱི་ཞལ་ལུང་ལ་ལུང་རིགས་དཔེ་གསུམ་གྱི་ཁོག་ཕུབ་ནས་ཕུར་ཐོགས་སྟོང་གི་བསྟན་པའི་མགོན་བཞེས་མཛད་ཅིང་། ཁྱུང་དགོན་དུ་རྗེ་འདི་ཉིད་ལ་གཟིམ་ཁང་ཞིག་ཀྱང་བཀོད་པས་གནས་འདིར་ཞབས་སོར་གྱིའཁོར་ལོ་ཡང་ཡང་བསྒྱུར་ཏེ་སྔ་འགྱུར་རྫོིགས་པ་ཆེན་པོའི་བསྟན་པ་རྨང་ནས་གསོ་བའི་ཟུངས་བསྩལ།

དུས་འདི་ནས་བཟུང་ཞོ་འོང་ཞུ་ཡི་སྔགས་འཆང་གི་སྒྲུབ་སྡེ་ཕུར་ཐོགས་སྟོང་གི་བཞུགས་གྲལ་དུ་བཙུད། དེ་ནས་དགུ་རོང་དང་། སྣང་ར། གླེ་གསུམ། ནང་གོག་ས་དཀར་གོང་། ཚོ་བཞི། ཚོ་དྲུག ཆོས་ཙང་མ། སྐྱ་ནག བྲག་ཁང་སྣ་ཁ། ཁམས་ར། གནམ་རྫོང་རྫ་སོགས་སུ་ཞབས་ཟུང་བཀྲ་ཤིས་རེ་ཁ་མངོན་པར་བཀོད་ནས་དབང་ལུང་ཞལ་ཁྲིད་ཀྱི་ཆོས་འཁོར་བླ་ན་མེད་པ་བསྐོར་ཞིང་། ཁྱད་པར་དུ་སྙིང་ཐིག་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་དགེ་བཤད་སྡིག་བཀྲོལ་གྱི་སྤང་བླང་རྒྱ་ཆེར་སྤྲོས་པ་ན། སྣང་ར་སོགས་ཀྱི་ཁ་ཆེ་བ་མང་བོའང་ནང་བའི་བསྟན་པའི་སྒོ་ལ་ཚུད་དེ་རྒྱལ་བསྟན་ཉི་གཞོན་གྱི་འོད་སྟོང་མཁའ་ལ་དྲངས། དགུ་རོང་རྒྱལ་སྲས་ཀྱི་གདན་ཞུས་ལྟར་མ་དྰ་གོང་ལ་བྱོན་ནས་དམ་པའི་ཆོས་ཀྱིས་ཐུགས་རྗེས་ཡང་དག་བཟུང་། དཔའ་ལུང་ཤོར་གཙང་སྡེ་བའི་བོད་རྒྱའི་གདུལ་བྱ་མང་བོར་དགེ་སྡིག་རྒྱུ་འབྲས་ཀྱི་རྣམ་གཞག་གསལ་བར་བསྟན་ནས་བློ་ཁ་དམ་པའི་ཆོས་ལ་བཀོད། མཁར་སྒང་ཤྰཀྱ་བུ་རྒྱུད་དུ་ཞབས་བཏེགས་ནས་ཞབས་དཀར་བའི་མཆོད་རྟེན་སླར་གསོི་མཛད་ཅིང་སྡེ་སྔགས་ཡོངས་ལ་དབང་ལུང་བཀའ་ཆོས་ཀྱི་བདུད་རྩིས་བགོ་སྐལ་འགྱེད། དེ་ནས་ཁྲི་ཀའི་སྐེ་བ་དང་། སྒོ་མེ། ཧོར་རྒྱ། རྡོ་རིལ་ཚང་། སྒོ་མེ་གཡག་ལུང་སོགས་ཀྱི་སྔགས་འཆང་རྣམས་ལ་དབང་ལུང་ཞལ་ཁྲིད་ཀྱི་བཀའ་དྲིན་ལེགས་པར་བསྩལ་ཅིང་ཡུལ་ཕྱོགས་སོ་སོའི་འབུལ་བ་མནྟལ་གྱི་དངོས་རྫས་ཏིལ་འབྲུ་ཙམ་ཡང་མ་བཞེས་པར་རྟེན་བཞེངས་དང་དབུལ་བསྐྱོར་གྱི་རྨང་གཞིར་སྩོལ་བ་ཁོ་ན་མཛད། ལྕགས་བྱ་ཕྱི་ལོ་༡༩༨༡ལོར་ཞོ་འོང་ཞུ་སྡེ་བས་མ་དགོན་བཀྲ་ཤིས་འཁྱིལ་བ་བསྐྱར་གསོ་མཛད་རྒྱུའི་གསོལ་བ་ནན་ཏན་དུ་བཏབ་པ་བཞིན། རྗེ་འདི་ཉིད་ཀྱི་ཞབས་སོར་བཀྲ་ཤིས་འཁྱིལ་བ་བཀོད་དེ་ཀ་བ་བཅུ་གཉིས་ཀྱིས་བཏེགས་པའི་ཚོགས་བཞུགས་གཙུག་ལག་ཁང་དང་། གྲྭ་ཤག་སོགས་ཕྱག་འདེབས་གནང་ནས་དེ་འདུན་པའི་སྡེ་བཙུགས། ནང་དགོང་མཆོད་པ་དང་མར་མེའི་རྒྱུན་ཚོགས་ཀྱི་སྲོལ་བཏོད་ཅིང་རིམ་བཞིན་བདེ་ལྡན་གཙུག་ལག་ཁང་ཆེན་མོིའི་ཕྱི་ནང་གི་བཀོད་པ་རྟེན་དང་བརྟེན་པ་ལེགས་གྲུབ་མཛད། དགོན་འདིའི་དགེ་འདུན་པ་དག་གི་གཙོས་ཞོ་འོང་སྔགས་མང་དང་གཞན་དད་ཅན་སེར་སྐྱ་མང་བོར་ཞི་ཁྲོ་ཁྲོམ་དཀྲིགས་སོགས་རྒྱུད་སྡེ་རྒྱ་མཚོའི་སྨིན་བྱེད་དབང་གི་རིམ་པ་དང་། སྔོན་འགྲོའི་འབྲུ་འགྲེལ་དང་ཀུན་བཟང་ཞལ་ལུང་། ཡོན་ཏན་མཛོད་ཀྱི་དཀའ་འགྲེལ་ལ་སོགས་པར་བླ་མའི་ཞལ་རྒྱུན་དང་མྱོང་བའི་ཉམས་ལེན་གྱིས་བརྒྱན་ནས་གཞུང་དོན་གྱི་མདོ་དྲིལ། འཕོ་བ་མ་བསྒོམ་སངས་རྒྱས་ཀྱི་ཟབ་ཁྲིད་རྣལ་མར་བསྐྱངས་ནས་བསྙེན་ཚད་དང་འཕོ་རྟགས་ཚད་ཐོན་མཛད། བདེ་ཆེན་ཞིང་སྒྲུབ་དང་། འོད་མདོ། ཐར་མདོ། དྲི་མེད་བཤགས་རྒྱུད་ལ་སོགས་ཏེ་བརྗོད་ཀྱིས་མི་ལང་བའི་ཟབ་མོའི་མདོ་རྒྱུད་མཐའ་དག་གི་ལྗགས་ལུང་ལྷུག་པོར་བསྩལ་ནས་རུ་དགོན་ཟུང་གི་ལུགས་གཉིས་ཀྱི་བྱ་བཞག་ཐམས་ཅད་ཐོག་མཐའ་བར་གསུམ་དུ་ཆོས་བཞིན་བསྐྱངས།

གཞན་ཡང་མགོན་ཤུལ་དང་ཧོར་གཙང་། ཐེ་བོ། མཚོ་སྔོན་པོའི་ཡུལ་ཁམས་སོགས་ཀྱི་སྔགས་འཆང་རྣམས་ལ་སྔ་གཞུག་ཏུ་ཐུགས་རྗེ་ཆེན་པོ་པདྨ་གར་དབང་དང་། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ། བླ་མ་རྡོ་རྗེ་སེམས་དཔའ། རྟ་མགྲིན། གུ་དྲག་སོགས་ཀྱི་སྨིན་བྱེད་དབང་བཞིའི་གྲུ་ཆར་མཁའ་ལས་ཕབས་ཤིང་། ཀུན་བཟང་བླ་མའི་ཞལ་ཁྲིད་སྒོས་བརྩེ་ཆེན་ཐུགས་ཀྱི་བཀའ་དྲིན་བསྩལ། ཕྱིས་ཉིད་ཀྱི་ཐུགས་སྲས་མཆོག་སྤྲུལ་གྲོལ་ལོ་རིན་པོ་ཆེས་ཨ་ཆུང་དགོན་ལ་གདན་དྲངས་ནས་བཙུན་མ་གྲྭ་ཚང་དང་། སྔགས་པ་གྲྭ་ཚང་། རྫ་རི་ཁྲོད་དགོན་པ། འགྲམ་ཚང་སྡེ་བ་སོགས་ལ་ཞབས་ཟུང་གི་རེ་ཁྰ་རིམ་གྱིས་བཀོད་ནས་བདེ་ཆེན་ཞིང་སྒྲུབ་དང་། བླ་མ་རིག་འཛིན་འདུས་པའི་དབང་། སྔོན་འགྲོའི་ས་བཅད་དང། ཆགས་མེད་བདེ་སྨོན། ཀུན་བཟང་ཞལ་ལུང་ལ་སོགས་པའི་ལྗགས་ཁྲིད་ཡ་དག་གནང་། མཆོག་སྤྲུལ་ཉིད་ཀྱི་གཙོས་སྔགས་འཆང་རྒན་པ་དག་ལ་ལྟ་བ་མཁའ་ལྡིང་གཤོག་རླབས་དང་། མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་པའི་ཟབ་ཁྲིད་བསྩལ། བཙུན་མའི་གྲྭ་ཚང་གིས་ཐོག་དྲངས་ཏེ་གཞན་དོན་གཉེར་ཅན་དུ་མས། སྨྱུང་གནས་སྟོང་དཀར་དང་། མ་ཎི་དུང་ཕྱུར། འབུམ་ལྔའི་བསགས་སྦྱང་། ཀུན་བཟང་ཞལ་ལུང་བརྒྱ་ཚར་སོགས་སྒྲུབ་པའི་མཆོད་སྤྲིན་གྱི་རྣམ་གྲངས་དཔག་ཏུ་མེད་པ་ཕུལ། དེ་ལྟར་འཆི་མེད་མཚོ་སྐྱེས་རྒྱལ་བའི་རིང་ལུགས་དྲི་མ་མེད་པ། རྡོ་རྗེ་ཐེག་རྩེའི་དགོངས་དོན་མཐའ་དག་གྲ་མ་ཉམས་ཤིང་། གྲུ་མ་ཞིག་པར་གདུལ་བྱའི་རྒྱུད་ལ་ཉེ་བར་བཞག་པ་ནི། ནོར་བུའི་ཕྲེང་བར། རྒྱལ་བསྟན་དུས་ཀྱི་རྒུད་པའི་ཆར་རླུང་ནང་། སྣུམ་ཟད་མར་མེ་ལྟ་བུར་གྱུར་བའི་ཚེ། ། རྨད་བྱུང་སྙིང་སྟོབས་ཆེན་པོའི་གོ་བགོས་ཏེ།། བསྟན་པའི་སྒྲོན་མེ་སྦར་བ་ཁྱོད་ལ་འདུད།། ཅེས་གསུངས་པ་ལྟར་ཀུན་མཁྱེན་རྒྱལ་བ་གཉིས་པའི་སྨོན་ལམ་གྱི་སྟོབས་འཕྲོག་པའི་མཐུ་ལས་མདོ་སྨད་ཀྱི་ཡུལ་འདིར་གསང་སྔགས་བསྟན་པའི་སྒོ་ཆེན་གཉིས་པ་ཕྱེས།།

ཞོ་འོང་གཉན་རྒྱ་ནས་ཞབས་དཀར་བའི་འཁྲུངས་ཡུལ་ལ་རྗེས་དྲན་མཆོད་རྟེན་གསར་བཞེངས་ཀྱི་སྐབས་ནང་གཞུག་སྲོག་ཤིང་འཛུགས་པའི་དུས་སུ་ནམ་མཁའ་ནས་འཇའ་འོད་ཀྱི་གུར་ཕུབ་ཅིང་། ཁ་དོག་སྣ་ལྔའི་འོད་ཕུང་རབ་ཏུ་དཀྲིགས་པས་དེར་འདུས་ཚོགས་པ་ཐམས་ཅད་དད་ཅིང་ངོ་མཚར་སྐྱེས། ཕྱིས་སུ་ཐུགས་བསྐྱེད་ཀྱི་སྨོན་ལམ་དག་ཞིང་དུ་དགོངས་པར་གནང་དུས། ཐུགས་སྲས་མཆོག་སྤྲུལ་གྲོལ་ལོ་རིན་པོ་ཆེས་དབུ་དྲངས་ཏེ་ཕྱོགས་མེད་བུ་སློབ་བགྲང་ལས་འདས་པས་ཚེ་སྒྲུབ་ཞབས་བརྟན་གྱི་རིམ་པ་དང་། དགུང་ལོ་བརྒྱད་ཅུར་བཞེས་པའི་གྱ་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ་ནས་ཞབས་པད་བརྟན་བཞུགས་ཀྱི་གསོལ་བ་རྩེ་གཅིག་ཏུ་བཏབ་པས། རྗེ་ཉིད་ཀྱིས་ཀྱང་སྐུ་ཚེ་ཡུན་རིང་འཚོ་བར་ཞལ་གྱིས་བཞེས་ཏེ་བསྙུན་ཚུལ་གྱི་རྣམ་པ་རང་ཡལ་དུ་སོང་། སྐབས་ཤིག་གངས་རིའི་ཁྲོད་ཀྱི་རྣལ་འབྱོར་བཞད་པའི་རྡོ་རྗེ་གཉིས་པར་གྲགས་པའི་མཁས་གྲུབ་གཉིས་འཛོམས་ཀྱི་བཤེས་གཉེན་ཆེན་པོ། བློ་བཟང་ཐུབ་བསྟན་ཉི་མ་རིན་པོ་ཆེ་གནས་འདིར་ཞབས་སོར་བཏེགས་པས་དམ་པ་རྣམ་གཉིས་ཀྱི་གལ་ཆེའི་གསུང་གླེང་གི་མོལ་མཆིད་ཞིབ་མོར་གནང་ཞིང་། རྗེ་འདི་ཉིད་ལ་ཞབས་པད་རྟག་པར་བརྟན་རྒྱུའི་ཐུགས་འདུན་བཏོན། རྗེ་བླ་མས་ཐུགས་སྨོན་བཞིན་དུ་དམ་པ་འདིས་བདེ་ཆེན་གཙུག་ལག་ཁང་ལ་རབ་གནས་ཀྱི་བྱིན་ཆེན་ཕབས། རྗེས་ནས་སྲས་ཀྱི་ཐུ་བོ་མཆོག་སྤྲུལ་གྲོལ་ལོ་རིན་པོ་ཆེར་དབང་གི་ཆས་སྐོར་ཆ་ཚང་བ་གནང་ནས་གསང་ཆེན་སྔ་འགྱུར་གྱི་བསྟན་པའི་བདག་པོར་མངའ་གསོལ་ཏེ་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། ལོ་དེར་སླར་ཡང་སྐུ་ལ་བསྙུན་བཞེས་ཀྱི་ཚུལ་བསྟན་པ་ན་ཀུན་གྱིས་ཞབས་བརྟན་ལ་སོགས་པ་སྔར་བཞིན་གསོལ་བས། ཁོང་གིས་ད་ནི་དངོས་ནས་ཚེ་ཡི་འཕེན་པ་རྫོགས་ཟིན་པ་ཡིན་ནའང་། ཞབས་དཀར་སྐུ་སྐྱེས་ངོས་འཛིན་མ་བྱས་ན་ཁོ་བོའི་བྱ་བའི་མཇུག་མ་བསྒྲིལ་གསུངས་ནས་ལོ་ཁར་ཟླ་བརྩེགས་ཀྱི་དུས་ཡུན་རིང་བོ་འདས་པ་ན། ལོ་དེའི་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་དགུ་རོང་རྒྱལ་སྲས་ཀྱིས་སྤྲུལ་སྐུ་ངོས་འཛིན་མཛད་ཡོད་པའི་ཞུ་གཏམ་སྙན་དབང་ལ་སྦྲོན་པས། སྐུ་ངལ་གསོས་པ་ལྟ་བུའི་རྣམ་པ་ངོ་མཚར་བའི་ངང་ནས་ཕྱི་ཉིན་ཏེ། སྐྱེས་བདག་ལྕགས་ལུག་ཕྱི་ལོ་༡༩༩༡ལོའི་ཧོར་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་དགུང་གྲངས་གྱ་བཞིའི་སྟེང་སེངྒེ་འགྱིངས་པའི་སྟངས་སྟབས་ལ་རོལ་ནས་གཟུགས་སྐུའི་བཀོད་པ་བསྡུས་ཏེ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཞིང་ཁམས་སུ་རེ་ཞིག་གདུལ་བྱའི་འགྲོ་དོན་གཞན་ལ་གཤེགས།

དེ་ནས་ཐུགས་སྲས་མཆོག་སྤྲུལ་གྲོལ་ལོ་རིན་པོ་ཆེས་དགོངས་རྫོགས་ཀྱི་བྱ་བ་ཐམས་ཅད་བདག་གིར་བཞེས་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པ་ལ་དངོས་འབྱོར་ཡིད་སྤྲུལ་གྱི་མེ་ཏོག་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལ་མངོན་པར་བརླབས་ཤིང་། གཞན་བཀྲ་ཤིས་འཁྱིལ་དང་། མགར་རྩེ། སྒར་སོ་མ། ཤེལ་དགོན། སྒེའུ་སྟེང་། གནམ་རྫོང་རི་ཁྲོད། གནམ་རྫོང་བཙུན་མའི་གྲྭ་ཚང་སྟེ་དགོན་སྡེ་སོ་སོ། ཞོ་འོང་ཞུ་དང་། ལ་ཁ། བྱང་ཆུབ། ཚོ་འདུ། ཆུ་མ། ཤབ་རིང་། མཇའ་མོ། སྤྱང་ལུང་ལ་སོགས་པའི་སྔགས་སྡེ་རྣམས་ཏེ་ཕུར་ཐོགས་སྟོང་གི་སྔགས་མང་། སྣང་ར། བྲག་ཁང་སྣ་ཁ། ཚོ་བཞི། ཚོ་དྲུག གླེ་གསུམ། ས་དཀར་གོང་། སྐྱ་རྒྱ། རྡོ་རིང་། ཆོས་ཚང་མ། འགྲམ་ཚང་། ཁམས་ར། མཁར་སྒང་ལ་སོགས་པའི་སྔགས་འཆང་གི་སྡེ་རྣམས་དང་། ཞོ་འོང་ཞུ་དང་། གཉན་རྒྱ། ཉིན་ཐ། ཀ་ཤུལ། ཆུ་དམར། ཁོ་ཚེ། ཕྱེད་རུ། དཔོན་རུ་སོགས་ལ་ཁ་སྡེ་བདུན། དྲ་དྲོང་། བྱང་ཆུབ། གླིང་རྒྱ། སྨད་པ། རྒྱལ་བོ་ཆུ་ཇ། རྒྱལ་བོ་ས་སྐོར། སྐྱང་སྐྱ། བྱ་དཀར་ལུང་། མྱང་། ཀ་ཙིག་གདོང་། རྫི་རྒྱ། རྒྱལ་བོ་སྒང་། མགར་རྩེ། ཨ་བར། རུ་ངན། བློ་བ་རྨེ་རུ། སྟག་ཡན། མཁར་སྒང་། དགུ་རོང་། ཁོ་ས་ཐང་། སྦྲུལ་ལྕེ། དོ་ཀྱ་ལ་སོགས་པའི་ཡུལ་སྡེའི་དད་ལྡན་ཕོ་མོ་སྟོང་ཕྲག་དུ་མས་གདུང་མཆོད་ལ་ཆུ་ཡི་དབང་བོའི་གན་མཛོད་ཁ་ཕྱེས་པ་བཞིན་ཕངས་མེད་དུ་ཕུལ་ནས་གདུལ་བྱ་འཁོར་ཚོགས་རྒྱ་མཚོ་ལྟ་བུས་དགོངས་རྫོགས་ཀྱི་མཆོད་སྤྲིན་དཔག་ཏུ་མེད་པ་སྤྲོས། བདུན་ཕྲག་གཅིག་གི་རྗེས་ནས་ཐུགས་དམ་གྲོལ་བ་ནས་སྐུ་བུར་ཞུགས་འབུལ་མཛད་ཅིང་། སྐུ་གདུང་མེ་ལྷས་སྤྱན་དྲངས་པའི་ཤུལ་དུ་རྗེས་འཇུག་གདུལ་བྱའི་དད་པའི་རྟེན་དུ་བཞག་པའི་རྗེ་བཙུན་འཕགས་མའི་སྐུ་བརྙན་རང་བྱོན་ཞིག་བཞུགས་པ་ཐུགས་སྲས་མཆོག་སྤྲུལ་དམ་པས་ཨ་ཆུང་གནམ་རྫོང་ལ་གདན་དྲངས། རིང་བསྲེལ་དང་གདུང་རུས་རྣམས་དྲི་མེད་རྣམ་གཉིས་ཀྱི་ཚ་ཚའི་པར་འདེབས་མཛད་ནས་བདེ་བ་ཅན་གྱི་ལྷ་ཁང་གི་བྱང་ཤར་མཚམས་སུ་སྐྱེ་དགུའི་བསོད་ནམས་བསགས་པའི་རྟེན་དུ་བསྐྲུན།

དེ་ལྟར་རྗེ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་ཀུན་སྤངས་བརྟུལ་ཞུགས་ཀྱི་རྣམ་ཐར་ཁོ་ན་བསྐྱངས་ནས་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་། ནང་སྒོས་འོད་གསལ་སྙིང་ཐིག་གི་བསྟན་པ་རིན་པོ་ཆེན་དུས་དབང་གིས་སྣུམ་གྱམིས་བཏང་བའི་མར་མེ་བཞིན་གྱུར་བ་ལ། རྨད་བྱུང་ཐུགས་བསྐྱེད་ཀྱི་གོ་ཆ་ལེགས་པར་བགོས་ཏེ་གསང་ཆེན་ཨ་ཏི་ཡོ་གའི་གདམས་ངག་གི་དྲོད་ཕུང་གདུལ་བྱའི་རྒྱུད་ལ་ཅི་དགར་བསྐྱིལ། ནོར་བུའི་ཕྲེང་བར། རང་ལུགས་འཆི་མེད་བདུད་རྩིའི་མཛོད་བཞག་ནས།། གཞན་གཞུང་བ་ཚྭའི་རོ་ལ་སྲེད་པ་རྣམས།། ངེས་དོན་གསང་ཆེན་ལམ་ལ་གཟུད་པའི་ཕྱིར།། ཐེག་མཆོག་སེངྒེའི་སྒྲ་སྒྲོགས་ཁྱོད་ལ་འདུད།། ཅེས་གསུངས་པ་ལྟར་ལགས་པས། རྗེ་འདིའི་ཐུགས་ལས་སྐྱེས་པའི་བུ་སློབ་ཀྱང་རྒྱལ་བསྟན་མདོ་སྔགས་ཀྱི་བསྟན་པའི་གདུང་མ་འདེགས་པའི་མཆོག་སྤྲུལ་འཇམ་དབྱངས་ཆོས་འཕེལ། ལུང་རིགས་བང་མཛོད་ཀྱི་ཐུགས་རྒྱུད་གཏམས་པའི་མཁན་པོ་ཧོར་གཙང་བསམ་གཏན། ཉམས་རྟོགས་ཡོན་ཏན་གྱི་རྩལ་སྣང་རྒྱས་པའི་ཁམས་རིའི་མཚམས་པ་འཕྲིན་ལས་སོགས་ཡུལ་ཕྱོགས་སོ་སོར་དམ་པའི་སྐྱེས་བུ་མང་དུ་བྱུང་། གསུང་རྩོམ་གྱི་ཕྱོགས་ལ་བདག་ཅག་གི་སྟོན་པའི་རྣམ་ཐར་ཚིགས་བཅད་མ། ཐུན་མོང་སྐྱབས་འགྲོའི་ཁྲིད་ཡིག་ཚེ་རིང་མཆེད་ལྔའི་འཕྲིན་བཅོལ། རང་ཉམས་ལ་སྦྱར་བའི་ཀ་རྩོམ་སོགས་བཞུགས་ཤིང་། སྤྱིར་རྗེ་འདིའི་བཤད་སྒྲུབ་ལས་གསུམ་གྱི་རྨད་བྱུང་རྟོགས་བརྗོད་རྒྱ་མཚོ་ལྟ་བུ་ལས་མ་དག་གདུལ་བྱའི་སྣང་ངོར་བསྟན་པའི་མཛད་པར་རགས་ཙམ་བརྗོད་ལགས་མོད། འོན་ཀྱང་གྲེ་བར་ཉར་བའི་ཕངས་སེམས་ཀྱི་གཞིར་གྱུར་བ་ད་དུང་མང་ནའང་དུས་ཀྱི་གཞན་དབང་གིས་ཁ་ལོ་བསྒྱུར་ནས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས་པ་ལ་བློ་ལས་ཆུང་ངུར་བགྱིས་པ་ཡིན།

གང་གི་རྣམ་ཐར་རགས་བསྡུས་འདི་ཉིད་སྐྱབས་རྗེ་བླ་མ་འགྲོ་མགོན་རྡོ་རྗེ་འཆང་ཆེན་པོ་སྐུ་འཚོ་བཞུགས་ཀྱི་བསྐལ་བ་བཟང་བོའི་དུས་སུ། ཉིད་ཀྱི་མགྲིན་པ་དཔལ་གྱི་བེའུའི་བང་མཛོད་ལས་ཐོབ་པའི་གཅེས་ནོར་འགའ་ཞིག་རང་ལོ་བཅོ་བརྒྱད་ཀྱི་སྟེང་ནས་བདག་གིེར་བཟུང་ཏེ་ཟིན་ཐོར་བཀོད་པ། ཕྱིས་རང་ལོ་ཉེར་དྲུག་གི་སྟེང་བྲི་བསྣན་ཅུང་ཟད་དང་བཅས་རྗེ་བླ་མ་འདི་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་རེབ་ཞོའི་སྤྲང་བན་འཁྱམས་པོ་བསྟན་པ་དར་རྒྱས་ཀྱིས།ཕྱི་དར་བསྟན་པའི་ཆུ་མགོར་གྲགས་པ་ཡུལ་མདོ་སྨད་ཨ་ཆུང་གནམ་རྫོང་གི་འགྲོ་མགོན་བླ་མ་མཉྫིའི་མཚན་ཅན་གྱི་བཞུགས་སྒར་མ་ཎི་ཁ་ནས། ས་སྟག་ལོའི་ཧོར་ཟླ་བཅུ་གཉིས་པའི་ཡར་ཚེས་ལ་རྫོགས་པར་བགྱིས་པ་འདིས་ཀྱང་མཚན་ལྡན་དམ་པའི་མགོན་གྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག

དྲ་བ་གཞན་ལས་བཤུས།