ཡོ་རོབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པར་བསྐྱོད་པའི་སྐབས་ཀྱི་མཐོང་ཐོས་འགའ་ཤས།

ཚན་པ་དང་པོ།

༄༅།། སྤྱིར་བོད་ཀྱི་མཁས་པ་དང་ཤེས་ཡོན་པའི་ཁྲོད་འགྲུལ་བཞུད་སྐབས་ཀྱི་མཐོང་ཐོས་གནས་ཚུལ་ཡིག་འབེབས་བྱེད་པའི་རྩོམ་སྲོལ་མེད་པ་མིན་ཡང༌། དེ་ཙམ་ཁྱབ་ཆེན་པོ་མིན་པ་ནི་དངོས་ཡོད་གནས་ཚུལ་ཡིན། དཔེར་ན། ད་ཐེངས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་བོད་ཕྱི་ནང་གཉིས་ཀ་ནས་བོད་མི་བདུན་ཅུ་ཡས་མས་ཤིག་ཚོགས་ཞུགས་གནང་ཡོད་ཀྱང༌། སྐབས་དེའི་འགྲུལ་བཞུད་ཀྱི་གནས་ཚུལ་རྒྱས་པ་ཡིག་ཐོག་བཀོད་པའི་རྩོམ་ཡིག་ཡོངས་ཁྱབ་ཏུ་གྱུར་པ་ཞིག་མ་མཐོང༌། དེ་ནི་ངེས་པར་འབྲི་དགོས་པ་དང་འབྲི་རིན་ཡོད་པའི་བྱུང་བ་དམིགས་བསལ་བ་དེ་འདྲ་མེད་པའི་རྒྱུ་མཚན་གྱིས་ཡིན་སྲིད་ཀྱང༌། དེ་བྱུང་རིག་པའི་ཐོག་ནས་བལྟས་ན་འབྱུང་འགྱུར་གྱི་ལོ་རྒྱུས་ནང་གནས་ཚུལ་གང་ཞིག་དགོས་གནད་ཆེན་པོར་འགྱུར་བ་དང༌། གནས་ཚུལ་གང་ཞིག་དགོས་མཁོ་མེད་པར་འགྱུར་བའི་ཁ་ཚོན་གཅོད་དཀའ། དཔེར་ན། ཆག་ལོ་ཙཱ་བས་རྒྱུན་དུ་ཕྱག་ཏུ་སྨྱུ་གུ་བཟུང་ནས་གར་སོང་གར་བསྡད་ཀྱི་གནས་ཚུལ་ཡོངས་རྫོགས་འབྲི་གནང་མཛད་པ་ཡང་སྐབས་དེར་མི་མང་པོ་ཞིག་གིས་རིན་ཐང་ཆེན་པོར་ཚོར་གྱི་མེད་སྲིད་ལ། སི་ཏུ་པ་ཆོས་ཀྱི་རྒྱ་མཚོས་རང་ཉིད་དབུས་གཙང་ཁུལ་དུ་གནས་གཟིགས་ཕེབས་པའི་གནས་ཚུལ་ཆེ་ཕྲ་ཡོངས་རྫོགས་ཡིག་འབེབས་མཛད་པའི་སྐབས་མ་འོངས་པར་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་འགྱུར་བའི་ཚོད་དཔག་མཛད་པ་པོ་རང་ཉིད་ལ་ཡང་ཅི་བྱས་ན་མེད་སྲིད། དེ་བཞིན་བཙན་པོ་སྐུ་ཕྲེང་བཞི་པ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ཀྱང་སྐབས་དེར་སྤྱི་ཚོངས་ཁྲོད་སྤྱིར་བཏང་གི་མཐོང་ཐོས་ཀྱི་གནས་ཚུལ་དགོས་མཁོ་མེད་པ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཀྱང་སྲིད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་རྩོམ་ཡིག་འདི་རིགས་མང་ཆེ་བ་དུས་ཕྱིས་སུ་ལོ་རྒྱུས་ཀྱི་དཔྱད་གཞི་གལ་གནད་ཆེན་པོ་ཤ་སྟག་ཏུ་གྱུར་ཡོད་པ་ང་ཚོའི་མཐོང་སྣང་དུ་གྲུབ་པ་ལྟར་ཡིན།

མདོར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ད་ལྟ་བོད་ཀྱི་མིས་བྲིས་པའི་ལོ་རྒྱུས་ཀུན་ལ་བལྟས་ཀྱང༌། ལྷ་སའི་གྲོང་ན། བུད་མེད་རྣམས་པང་གདན་ཁྲ་བོ་དང༌། སྤ་དྲུག་ཟུར་གསུམ་ཞིག་གྱོན། སྐྱེས་པ་རྣམས་པགས་ཞྭ་རྣ་ལེབ་བཞི་ཡོད་པ་ཞིག་གྱོན་སོགས་བྲིས་པ་སྲིད་མཐའ་ཙམ་ཡིན་ལ། ད་ནས་ལོ་ལྔ་བརྒྱ་ལྷག་སོང་ཚེ། ད་ལྟའི་སྲོལ་ལུགས་འདི་ཀུན་ཀྱང་མི་བརྒྱུད་རྣམས་ལ་ཤིན་ཏུ་ལྐོག་གྱུར་ཏུ་སོང་སྟེ། ཡུལ་ཁམས་གཞན་གྱི་མིའི་ངག་སྒྲོས་རྙེད་པ་རྣམས་བསགས་ནས་རགས་ཙམ་ཞིག་ལས་དཔྱོད་མི་ཐུབ་པ་སོགས་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར་ཡིན་པས། སྐབས་ཐོག་དང་ཉིན་རེའི་མཐོང་ཐོས་ཀྱི་གནས་ཚུལ་ཆེ་ཕྲ་ཀུན་ལ་སྣང་ཆུང་མི་བྱེད་པར་ཡིག་འཇོག་བྱེད་དགོས་པ་གལ་ཆེན་པོ་ཡིན་སྙམ་པ་ནི་རྒྱུན་གྱི་ལྟ་ཚུལ་ཞིག་ཡིན་ལ། རྩོམ་ཐུང་འདི་འབྲི་བའི་རྒྱུ་མཚན་གཙོ་གྲས་ཤིག་ཀྱང་འདི་ཡིན།

འོན་ཀྱང་འདིར་གསལ་བཤད་བྱ་དགོས་པ་ཞིག་ནི། གོང་གི་སྐད་ཆ་དུམ་བུ་འདི་དག་ནི་སྤྱིར་བཏང་གི་གནས་ལུགས་ཤིག་ཞར་བྱུང་དུ་བཤད་པ་མ་གཏོགས། ངས་གཤམ་དུ་ཉིན་ཐོའི་ཟིན་དེབ་ཁག་ལ་གཞི་བཅོལ་ནས་མཐོང་ཐོས་ཀྱི་གནས་ཚུལ་འགའ་ཤས་རྩོམ་གྱི་ལུགས་སུ་བཀོད་པ་འདི་ལ་མ་འོངས་པར་དེ་འདྲའི་རིན་ཐང་གི་གནས་བབ་ཡོང་རེའི་རྨི་ལམ་ཙམ་ཡང་མེད། འོན་ཀྱང་སྤྱིར་བཏང་གི་གནས་ཚུལ་ཤེས་འདོད་ཅན་འགའ་ཤས་ལ་ཕན་ཡང་སྲིད་པས། ཚེས་གྲངས་ཀྱི་གོ་རིམ་ལྟར་མཐོང་ཐོས་ཀྱི་གནས་ཚུལ་འགའ་ཤས་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བར་འགལ་བ་མེད་སྙམ་མོ། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༦ ཚེས་ ༡༨ ཉིན་ནོར་ཝེའི་རྒྱལ་ས་ OSLO ཨོ་སོ་ལོའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར། གནམ་ཐང་ནས་ཐད་ཀར་མེ་འཁོར་དུ་བསྡད་ནས་ཨོ་སོ་ལོའི་གྲོང་ཁྱེར་ལྟེ་བར་ཕྱིན། ཨོ་སོ་ལོ་ནི་ནོར་ཝེ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཤོས་ཨང་དང་པོ་ཡིན་པའི་ཤོད་སྲོལ་འདུག་ཀྱང་། མཐོང་ཚུལ་ལ་གྲོང་ཁྱེར་དེ་ཙམ་རྒྱ་ཆེན་པོ་ཞིག་མིན་པར་མ་ཟད། ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་དང་བསྡུར་ན། གྲོང་ཁྱེར་འདིར་གནའ་བོའི་མཛེས་བཀོད་ཀྱིས་ཕྱུག་པའི་ཁང་རྙིང་བརྗིད་ཉམས་ཅན་དེ་འདྲ་མང་པོ་མཐོང་རྒྱུ་མི་འདུག་ལ། གནམ་ཐང་དང་མེ་འཁོར་འབབ་ཚིགས་དག་ཀྱང་སྤྱིར་བཏང་བ་ཤ་སྟག་མ་གཏོགས་རྒྱ་ཆེན་པོ་རེད་མི་འདུག

ངས་ཤེས་ཚོད་བྱས་ན་ནོར་ཝེ་རྒྱལ་ཁབ་འདི་ཕྱི་ལོ་དུས་རབས་དགུ་པའི་ནང་རྒྱལ་པོ་གཅིག་གིས་ས་ཁྱོན་འདི་ལ་དབང་སྒྱུར་གྱིས་བཙུགས་པའི་རྒྱལ་ཁབ་ཅིག་ཡིན་ཚོད་འདུག་ལ། དུས་རབས་བཅུ་གསུམ་པ་ནི་ནོར་ཝེ་རྒྱལ་ཁབ་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་དུས་སྐབས་ཤིག་ཡིན། འོན་ཀྱང་ཕྱི་ལོ་དུས་རབས་བཅུ་བཞི་པ་ནས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་ནོར་ཝེ་རྒྱལ་ཁབ་བསམ་ཡུལ་ལས་འདས་པའི་ཉམས་རྒུད་ཕྱིན་ཏེ། སྐབས་ཤིག་ལ་ཌེ་མག་རྒྱལ་ཁབ་སོགས་དང་མཉམ་འབྲེལ་རང་བཞིན་དུ་གནས་དགོས་བྱུང་ཡོད།
ཕྱིས་སུ་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་ནོར་ཝེ་རྒྱལ་ཁབ་སུ་གང་གི་ཡང་ཕྱོགས་སུ་མ་ཕྱིན་པར། བར་གནས་རང་བཞིན་དུ་སྡོད་ཐུབ་པ་བྱུང་ཡོད་ཀྱང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་འཇར་མན་གྱིས་བཙན་འཛུལ་ཐེབས་པས་རང་དབང་ཡོངས་རྫོགས་གཞན་ལག་ཏུ་ཤོར་བར་མ་ཟད། སྐབས་དེའི་རྒྱལ་པོ་ནོར་ཝེ་རང་དུ་གནས་སྡོད་མ་ཐུབ་པས་དབྱིན་ཡུལ་དུ་བྲོས་བྱོལ་ལ་འགྲོ་དགོས་བྱུང་ཡོད།

ཕྱི་ལོ་ ༡༩༠༥ ལོ་སྟེ་ནོར་ཝེའི་རྒྱལ་རབས་བདུན་པ་དང་ཁོང་གི་རྒྱལ་སྲས་ཀྱི་སྐབས་ནས་རྒྱལ་པོའི་ལུགས་ཀྱི་མང་གཙོའི་སྲིད་གཞུང་གིས་རྒྱལ་ཁབ་བསྐྱངས་པའི་དབུ་ཚུགས། དུས་ཕྱིས་དེང་རབས་ཀྱི་གྲོས་ཚོགས་ཚུགས་པའི་རྗེས་སུ་ཡང་ནོར་ཝེ་རྒྱལ་ཁབ་ལ་གྲོས་ཚོགས་གཅིག་ལས། ནུབ་ཕྱོགས་ལུང་པའི་རྒྱལ་ཁབ་གཞན་དག་དང་འདྲ་བར། གྲོས་ཚོགས་གོང་འོག་ལྟ་བུའི་མ་འདྲ་བ་མེད་ཚོད་ཀྱང་། ཆབ་སྲིད་ཚོགས་པ་མ་འདྲ་བ་ཉི་ཤུ་ལྷག་ཡོད་པ་རེད་ཟེར།
འཛམ་གླིང་འཁྲུག་ཆེན་གཉིས་པའི་མཇུག་ཏུ་ནུབ་ཕྱོགས་དམག་མིའི་མཉམ་འབྲེལ་སྟོབས་ཤུགས་ལ་བརྟེན་ནས། ནོར་ཝེ་རྒྱལ་ཁབ་འཇར་མན་གྱི་དབང་སྒྱུར་ལས་རང་བཙན་ཐོབ། ཕྱི་ལོ་ ༡༩༥༨ ལོ་ཡས་མས་ནས་ནོར་ཝེ་གཞུང་ཕྱོགས་ཀྱིས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས་རྒྱུར་འདོད་པ་ཆེན་པོ་བྱེད་ཀྱི་ཡོད་སྟབས། ཕྱི་ལོ་ ༡༩༧༢ ལོ་དང་ཕྱི་ལོ་ ༡༩༩༤ ལོ་སོ་སོར་མང་ཚོགས་ལ་འོས་བསྡུ་བྱེད་པའི་སྐབས། འོས་ཤོག་གི་གྲུབ་འབྲས་གཞུང་གི་འདོད་ཕྱོགས་དང་འགལ་ཟླར་གྱུར་པས་བྱེད་ཐབས་མ་བྱུང་ཡང་། ཡོ་རོབ་དཔལ་འབྱོར་མཉམ་འབྲེལ་དང་། དམག་དོན་མཉམ་འབྲེལ་སོགས་ཀྱི་སྒྲིག་ཁོངས་སུ་སྔོན་མ་ནས་ཞུགས་ཡོད་འདུག

ད་ལྟའི་གནས་སྟངས་ཀྱི་དབང་དུ་བྱས་ན་ནོར་ཝེ་རྒྱལ་ཁབ་ཀྱི་སའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ ༣༨༥.༠༥༤ དང་། མི་འབོར་ས་ཡ་བཞི་ཡོད་པ་ལས་གདོད་མའི་གློ་བའི་མི་རིགས་དང་། ཟྰ་མའི་མི་རིགས་ཞེས་པ་གཉིས་ནི་གཙོ་བོ་དང་གྲངས་མང་མི་རིགས་ཡིན་ཚོད། མི་འབོར་འདིའི་བརྒྱ་ཆ་བརྒྱད་ཅུ་གྱ་གཉིས་ཡི་ཤུའི་ཆོས་ལུགས་པ་ཡིན་ཞིང་། ལྷག་མའི་བརྒྱ་ཆ་བཅོ་བརྒྱད་རྣམས་ཁ་ཆེ་ཆོ་ལུགས་སོགས་ཆོས་ལུགས་གཞན་པ་ལ་དད་པ་བྱེད་མཁན་དང་། ཆོས་ལུགས་མེད་མཁན་ཡང་ཉུང་ཤས་ཤིག་ཡོད་ཚོད།
ནོར་ཝེ་རྒྱལ་ཁབ་མི་འབོར་ལ་དཔག་པའི་ས་རྒྱ་ཆེ་ཞིང༌། རྡོ་སྣུམ་དང་། ཆུ་ཤུགས་ཐོན་ཁུངས། མཚོ་གནས་སྲོག་ཆགས། ཞིང་ལས། ནགས་ལས། རང་བྱུང་གཏེར་ཁ་སྣ་ཚོགས་བཅས་ཕུན་སུམ་ཚོགས་པ་ཡོད་པས། དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་འཛམ་གླིང་གི་ཨང་བཞི་པར་སླེབས་ཡོད་སྟབས། ཁོང་ཚོས་ཀྱང་རང་ཉིད་ཀྱི་རྒྱལ་ཁབ་འདི་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཡིན་པའི་སྤོབས་པ་བྱེད་ཀྱི་འདུག

ནོར་ཝེ་རྒྱལ་ཁབ་ཀྱི་གནའ་བོའི་རིག་གཞུང་གི་གནས་སྟངས་གསལ་པོ་མ་ཤེས་ཀྱང་། ཁོང་ཚོའི་གཞུང་འབྲེལ་ཡིག་ཆ་དང་། མང་ཚོགས་བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་ནས་དགུ་བཅུ་ཐམ་པའི་བར་གྱིས་གདོད་མའི་གློ་བའི་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་ཀྱི་འདུག་ལ། དབྱིན་ཡིག་ནི་སྐད་ཡིག་ཨང་གཉིས་པའི་ཚོད་དུ་འདུག
རྒྱལ་ས་ཨོ་སོ་ལོ་དེང་རབས་ཀྱི་གྲོང་ཁྱེར་ཡིན་པའི་ཚོད་ཀྱིས་ཤིན་ཏུ་ལྷིང་འཇགས་ཅན་ཞིག་དང་། སྲང་ལམ་མང་ཆེ་བར་མི་ཚོགས་ཀྱི་འདུ་འཛུའི་མེད་པས་འགྲུལ་བཞུད་ཤིན་ཏུ་སྟབས་བདེ། རྒྱལ་སའི་གྲོང་འདབས་སུ་གནའ་བོའི་གྲོང་རྙིང་གི་འགྲེམས་སྟོན་ཞིག་འདུག་ཅིང༌། གྲོང་རྙིང་འདི་དང་རྒྱལ་པོའི་ཕོ་བྲང་སོགས་སྔ་མོའི་མཁར་རྙིང་རིགས་ཀྱི་གནས་སྟངས་ལ་གཞིགས་ན་ནོར་ཝེ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཛུགས་བསྐྲུན་ཡར་རྒྱས་ཕྱིན་ནས་དུས་ཡུན་རིང་པོ་ཕྱིན་མེད་པ་ཚོད་དཔག་བྱེད་ཐུབ།

དེ་བཞིན་ནོར་བྷེའི་ཞི་བདེའི་གཟེངས་རྟགས་དང་འབྲེལ་བའི་རྗེས་དྲན་འགྲེམས་སྟོན་ཁང་ཞིག་འདུག་པ་དེ་དང༌། ནོར་བྷེའི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་སའི་ཚོགས་ཁང་སོགས་ལ་རིམ་གྱིས་ལྟ་སྐོར་དུ་ཕྱིན། རྗེས་དྲན་ཁང་དེར་འཛམ་གླིང་གི་མི་སྣ་སྙན་གྲགས་ཅན་རྣམས་དང་ལྷན་དུ་ྋགོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་བརྙན་པར་དང་བརྙན་འཕྲིན་མང་པོ་མཇལ་རྒྱུ་འདུག་པས། དགའ་དད་འགྲན་པ་ལྟ་བུའི་ཚོར་སྣང་དམིགས་བསལ་བ་ཞིག་བྱུང་ལ། མདོ་སྨད་ཀྱི་གྲོང་གསེབ་ཁུག་ཀྱོག་ཅིག་ཏུ་འཁྲུངས་ཤིང༌། ང་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་ཞེས། འཛམ་གླིང་གི་མི་རིགས་མཆོད་དམན་མཐའ་དག་ལ། ཕྱག་ཟུང་ཐལ་མོས་གུས་ཚུགས་མཛད་བཞིན་ཕེབས་པའི་དགེ་སློང་ཁོང་གི་མཛད་འཕྲིན་གྱི་འོད་སྣང་འཛམ་གླིང་ཤར་ནུབ་ཀུན་ལ་ཁྱབ་བཞིན་པ་འདི། ང་ཚོ་མགོ་ནག་རྩམ་གཟན་པ་རྣམས་བསོད་ནམས་ཟད་མཐར་མ་ཐུག་པའི་རྟགས་སུ་འཁུམས།

རྒྱལ་སའི་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་ལ་བ་འཇོལ་པོར་གྱོན་པའི་བུད་མེད་སློང་མོ་པ་མང་པོ་འདུག་ལ། སྐྱེས་པ་སློང་མོ་པ་ཡང་འགའ་ཤས་མཐོང་རྒྱུ་འདུག་པ་དག་ནི་ཁ་ཆེའི་ལུང་པ་ཁག་ནས་སྐྱབས་བཅོལ་དུ་ཡོང་བ་ཡིན་འདུག་ཀྱང༌། ནོར་ཝེའི་གཞུང་ངོས་ནས་སྐྱབས་བཅོལ་པར་ངོས་ལེན་གྱི་ཡིག་ཆ་སྤྲད་ཀྱི་མེད་སྟབས། སློང་མོའི་འཚོ་བ་བརྟེན་དགོས་ཐུག་པ་རེད་ཟེར། འོན་ཀྱང་ཡོ་རོབ་ལུང་པར་སློང་མོ་པའི་རིགས་ལ་སྒོར་མོ་སྤྲོད་མཁན་ཤིན་ཏུ་ཉུང་ཞིང་། ཕལ་ཆེ་བས་མིག་ལྟ་ཙམ་ཡང་བྱེད་ཀྱི་མི་འདུག་ལ། ཁོང་ཚོས་སློང་མོ་པ་ཚོར་རྣམ་འགྱུར་སྟོན་སྟངས་ལ་བལྟས་ན། མ་དགའ་བའི་སེམས་ཚོར་ཆེན་པོ་ཡོད་པའི་ཚོར་སྣང་རང་བཞིན་གྱིས་སྟེར་ཡོང་གི་འདུག

འོན་ཀྱང་ཡོ་རོབ་ཀྱི་ལུང་པ་གཞན་དག་དང་འདྲ་བར་ནོར་ཝེའི་རྒྱལ་ས་ཨོ་སོ་ལོ་རུ་ཡང་སྲང་ལམ་དང༌། ཟ་ཁང་ཁག་གི་སྒོ་མདུན། མི་མང་འཛོམས་སའི་སྤྱི་གླིང་སོགས་སུ་རོལ་མོ་དཀྲོལ་ལེན་བྱེད་པ་དང༌། གླུ་གཞས་གཏོང་བ། མིག་འཕྲུལ་སྣ་ཚོགས་སྟོན་པ། ལུས་རྩལ་འདྲ་མིན་རྩེ་བ་སོགས་ཀྱི་ཐོག་ནས་དངུལ་སློང་མོ་བྱེད་མཁན་ཡང་མང་པོ་འདུག་ཅིང༌། སློང་མོ་པ་དང་མ་འདྲ་བར་ཁོང་ཚོར་མང་ཉུང་ལ་མ་ལྟོས་པའི་དངུལ་སྦྱིན་མཁན་གང་འཚམས་འདུག ང་ཚོས་ཁོ་ཚོ་ཡང་བྱེད་ཐབས་མ་འདྲ་བ་ཙམ་མ་གཏོགས་སློང་མོ་པ་ཞིག་ལ་ངོས་འཛིན་བྱེད་སྲིད་ཀྱང༌། འདི་རིགས་ཀྱིས་རང་ཉིད་རང་གི་སྒྱུ་རྩལ་བཙོང་བའི་ཚོང་བ་ཞིག་ལ་ངོས་འཛིན་བྱེད་པ་ལས། སློང་མོ་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་མི་འདུག དེར་བརྟེན་ཁོང་ཚོ་ལ་རང་ཉིད་སྒྱུ་རྩལ་བཙོང་མཁན་ཞིག་ཡིན་པའི་སྤོབས་པ་ཡོད་པ་མ་གཏོགས། སློང་མོ་པ་ཞིག་ཡིན་པའི་ཞུམ་པ་གཏན་ནས་མི་འདུག

༼——མུ་འགོད།༽

ཁ་བརྡ་ནས་དྲངས།